གཡུགས་གཡུགས་དགུན་གསུམ་འཁྱག་རླུང་ནུབ་ནས་གཡུགས།།
འཐོར་འཐོར་ཁ་བའི་མེ་ཏོག་ས་ལ་འཐོར།།
འབྱར་འབྱར་དྭངས་གཙང་ཆུ་བོ་འཁྱགས་ལ་འབྱར།།
བཀླུབས་བཀླུབས་མཐོ་སྒང་འདི་ཡིས་གོས་དཀར་བཀླུབས།།
སྡུག་སྡུག་ནོར་ནག་རྗེས་ནས་འབྲོག་པ་སྡུག།
སྐྱོ་སྐྱོ་ལྷས་ར་གྲུ་བཞིར་འབྲོག་མོ་སྐྱོ།།
སྐྱིད་སྐྱིད་ས་ཁང་གྲུ་བཞིར་རོང་བ་སྐྱིད།།
སྤྲོ་སྤྲོ་ངལ་གསོ་རོལ་བའི་རོང་མོ་སྤྲོ།།
གློད་གློད་གྲང་རླུང་བདུད་མོས་ལག་པ་གློད།།
བསླེབས་བསླེབས་དཔྱིད་དཔལ་དགའ་མ་དལ་གྱིས་བསླེབས།།
བཀླུབས་བཀླུབས་མཐོ་སྒང་མཛེས་མས་གོས་ལྗང་བཀླུབས།།
དྲོས་དྲོས་ལོ་གསུམ་བྱིས་པའི་ཁ་ལག་དྲོས།།
སྡུག་སྡུག་ཞིང་ས་སློགས་པའི་རོང་བ་སྡུག།
སྐྱོ་སྐྱོ་ཡུར་མ་ཡུར་བའི་རོང་མོ་སྐྱོ།།
སྐྱིད་སྐྱིད་སྤང་ལྗོངས་སྟེང་གི་འབྲོག་པ་སྐྱིད།།
སྤྲོ་སྤྲོ་མེ་ཏོག་འཐུ་བའི་འབྲོག་མོ་སྤྲོ།།
སྐྱིད་སྐྱིད་རོང་བ་རོང་བའི་ས་ན་སྐྱིད།།
སྡུག་སྡུག་རོང་བ་རོང་བའི་ས་ན་སྡུག།
སྐྱིད་སྐྱིད་འབྲོག་པ་འབྲོག་པའི་ས་ན་སྐྱིད།།
སྡུག་སྡུག་འབྲོག་པ་འབྲོག་པའི་ས་ན་སྡུག།