ཀྲུང་དབྱང་གི་《ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལས་དོན་གྱི་སྲོལ་ཡིག》དང་སི་ཁྲོན་ཞིང་ཨུའི་《〈ལས་བྱེད་པའི་སློབ་གསོའི་ལས་དོན་གྱི་སྲོལ་ཡིག〉གི་ལག་བསྟར་དང་འབྲེལ་བའི་བསམ་འཆར།》ལག་བསྟར་གཏིང་ཟབ་ཡོང་ཆེད། དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭས་དཀར་མཛེས་ཀྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱད་དེ། 2018ལོའི་ཚུན། གཞི་རྒྱ་ཆེན་པོས་གསར་བརྗེའི་ཏང་གཤིས་སློབ་གསོ་སྤེལ།
2015ལོའི་ཟླ་12པའི་ཚེས་11ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཏང་གི་སློབ་གྲྭའི་ལས་དོན་ཚོགས་འདུའི་ཐོག་“རིམ་པ་སོ་སོའི་ཏང་གི་སློབ་གྲྭས་ཏང་གཤིས་སློབ་གསོ་དེ་སློབ་ཁྲིད་ཀྱི་ནང་དོན་གཙོ་བོ་བཟོས་ནས། བསམ་བློའི་འདུ་ཤེས་ཀྱི་སློབ་གསོ་དང་ཏང་གི་དམིགས་འདུན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་གི་ལོ་རྒྱུས་དང་རྒྱལ་ཁབ་ཀྱི་ལོ་རྒྱུས་ཀྱི་སློབ་གསོ། གསར་བརྗེའི་རྒྱུད་འཛིན་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཀུན་སྤྱོད་གཤིས་རྒྱུད་ཀྱི་སློབ་གསོ་དང་ཁྲིམས་སྐྱོང་བསམ་གཞིགས་ཀྱི་སློབ་གསོ། རུལ་རྒོལ་གཙང་སེལ་གྱི་སློབ་གསོ་གཏིང་ཟབ་སྤེལ་བ། ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ། སྒྲིག་ཁྲིམས་བཅས་ལ་སློབ་སྦྱོང་བྱ་རྒྱུ་དེ་ཏང་གཤིས་སློབ་གསོའི་ནང་དོན་གཙོ་བོར་འཛིན་དགོས།”ཞེས་བསྟན། ད་དུང་ཚོགས་ཐོག་ཏུ་རིམ་པ་སོ་སོའི་ལས་བྱེད་པས་ཏང་གི་གསར་བརྗེའི་ལོ་རྒྱུས་དང་གསར་བརྗེའི་སྔོན་བྱོན་པའི་སྙིང་སྟོབས། གདོང་ལེན་དཔེ་བཟང་མི་སྣའི་བྱས་རྗེས་སོགས་ལ་སློབ་སྦྱོང་བྱ་དགོས་པའི་བླང་བྱ་བཏོན། དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭས་བླང་བྱ་དང་བསྟུན་ནས་ལས་དོན་བསྒྲུབས་པ་དང་། དཀར་མཛེས་ཁུལ་གྱི་ཕུན་སུམ་ཚོགས་པའི་གསར་བརྗེའི་རིག་གནས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཤིང་། སློབ་འགོ་རྩོམ་སྐབས་དང་བསྟུན་ནས། “གསར་བརྗེའི་ཏང་གཤིས་སློབ་གསོ་”སྲོག་ཤིང་དང་། “གསར་བརྗེའི་སྲོལ་རྒྱུན་སློབ་གསོ་དང་གསར་བརྗེའི་སྙིང་སྟོབས་སྐྱེད་སྲིང་། རྒྱང་སྐྱོད་སྙིང་སྟོབས་རྒྱུད་འཛིན། ཕུགས་བསམ་འདུ་ཤེས་སློབ་གསོ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་”བཅས་ཀྱི་ནང་དོན་དང་། “གསར་བརྗེའི་རྒྱུད་རྒྱུ་རྒྱུད་འཛིན་དང་གསར་བརྗེའི་རིག་གནས་དར་སྤེལ་”བརྗོད་བྱ་གཙོ་བོ་བྱས་པ་དང་། དཀར་མཛེས་ཀྱི་ཐུན་མོང་མ་ཡིན་པའི་གསར་བརྗེའི་རིག་གནས་དང་མི་རིགས་རིག་གནས་ཀྱི་ལེགས་ཆ་ལ་བརྟེན་ནས། གསར་བརྗེའི་ཐོན་ཁུངས་སྔོག་འདོན་དང་གསར་བརྗེའི་རིག་གནས་བཙོ་སྦྱོང་། གསར་བརྗེའི་ཚོས་གཞི་བྱུགས་པ་དང་གསར་བརྗེའི་མཚོན་རྟགས་ཁྱབ་བསྒྲགས་བྱས།
དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་ཕུན་སུམ་ཚོགས་པའི་གསར་བརྗེའི་རྗེས་ཤུལ་དང་གསར་བརྗེའི་རིག་གནས་ཀྱི་ཐོན་ཁུངས་ལྡན། 1935ལོར། དམར་དམག་རྒྱང་སྐྱོད་སྐབས་སུ་ངོས་ཕྱོགས་དཔུང་ཤོག་དང་པོ་དང་གཉིས་པ། བཞི་པ་བཅས་སྔ་རྗེས་སུ་དཀར་མཛེས་ཁུལ་གྱི་རྫོང་ཁག་15བཅའ་སྡོད་བྱས་ཤིང་། དུས་ཡུན་ཟླ་ངོ་15འགོར། ཁུལ་ཡོངས་སུ་གསར་བརྗེའི་རྗེས་ཤུལ་མང་པོ་བཞག་ཅིང་། གཡུལ་འགྱེད་དམག་འཐབ་དང་། ད་དུང་དགའ་སྐྱོ་འདྲེས་མའི་དམར་དམག་གི་གཏམ་རྒྱུད་ཧ་ཅང་མང་པོ་ཡོད། དཀར་མཛེས་ཁུལ་དུ། དམར་དམག་རྒྱང་སྐྱོད་དེ་ཁ་བྲལ་ནས་མཐུན་སྒྲིལ་གསར་པ་ལ་སྐྱོད་པར་མངོན་འགྱུར་བྱུང་ཞིང་། ཀྲང་གོ་ཏའོ་ཁ་བྲལ་རིང་ལུགས་ཀྱི་ནོར་འཁྲུལ་ལ་རྒོལ་བའི་མཇུག་མཐའི་རྒྱལ་ཁ་ཐོབ། དཀར་མཛེས་ཁུལ་དུ། དམར་དམག་ཤོག་ཕྱོགས་བཞི་པ་དང་ཤོག་ཕྱོགས་གཉིས་པའི་དཀར་མཛེས་ལྷན་འཛོམས་མངོན་འགྱུར་བྱུང་། དཀར་མཛེས་ཁུལ་དུ། དམར་དམག་བྱང་སྐྱོད་འཇའ་འགོག་གི་ལམ་ཕྱོགས་ཡང་དག་ཏུ་བསྐྱོད་ཅིང་། དམར་དམག་རྒྱང་སྐྱོད་ཀྱི་“གཙོ་ཤུགས་ཆེན་པོ་གསུམ་”གྱི་ལྷན་འཛོམས་རྒྱལ་ཁ་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས། དཀར་མཛེས་ཁུལ་དུ་ཏང་དང་རྒྱལ་ཁབ་དང་། དཀར་མཛེས་ཀྱི་རིགས་སོ་སོའི་མི་དམངས་བར་སྲ་ཞིང་བརྟན་པའི་མཛའ་བརྩེ་ཟབ་མོ་ཞིག་གྲུབ་ཅིང་། ཁྱད་པར་དུ་ཀྲུའུ་ཏེ་དང་དགེ་སྟག་སྤྲུལ་སྐུའི་བར་གྱི་མཛའ་བཤེས་དེ་ཇི་སྲིད་བར་དུ་གྲགས། དཀར་མཛེས་ཁུལ་དུ། ཏང་དང་དམར་དམག་གིས་“བོད་པ་མི་དམངས་སྲིད་གཞུང་”དང་རིམ་པ་སོ་སོའི་སྲིད་དབང་རྩ་འཛུགས་བཙུགས་པ་དང་། “ཀྲུང་གུང་སི་ཁྲོན་ཞིང་ཨུ་”དང་ཏང་གི་རིམ་པ་སོ་སོའི་རྩ་འཛུགས་བཙུགས་ཤིང་། འདི་ནི་ཏང་གི་སྲིད་དབང་འཛུགས་སྐྲུན་དང་ཏང་གི་མི་རིགས་ཆོས་ལུགས་སྲིད་ཇུས། མི་རིགས་རང་སྐྱོང་སྲིད་ཇུས་ཀྱི་བྱེ་བྲག་གི་ཚོད་ལྟ་ཞིག་ཡིན། དཀར་མཛེས་ཁུལ་དུ། “དཀར་མཛེས་བོད་ཁུལ་གྱི་མི་དམངས་ཀྱིས་དམར་དམག་སྲུང་འཛིན་གྱི་འགན་འཁྲིའི་ཐད་ནུས་པ་ཆེས་ཆེར་བཏོན།”(1950ལོར་ཏེང་ཞའོ་ཕིང་གིས་དཀར་མཛེས་ཁུལ་གྱིས་དམར་དམག་རྒྱང་སྐྱོད་ཐད་བཞག་པའི་བྱས་རྗེས་ལ་གནང་བའི་གདེང་འཇོག) དམར་དམག་རྒྱང་སྐྱོད་ཀྱི་མཇུག་མཐའི་རྒྱལ་ཁ་ལ་འགན་སྲུང་དང་། དཀར་མཛེས་མི་དམངས་ཀྱིས་དམར་དམག་རྒྱང་སྐྱོད་ཐད་བྱས་རྗེས་རླབས་པོ་ཆེ་བཞག་ཡོད།
དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭས་2018ལོའི་ལོ་འགོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་“གསར་བརྗེའི་ཐོན་ཁུངས་ལེགས་པོར་བཀོལ་བ་དང་གསར་བརྗེའི་སྲོལ་རྒྱུན་དར་སྤེལ་ཡག་པོ་བྱེད་པ། གསར་བརྗེའི་རྒྱུད་རྒྱུ་རྒྱུད་འཛིན་གང་ལེགས་བྱེད་པའི་”དགོངས་པ་ལྟར། དཀར་མཛེས་ཁུལ་གྱི་གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱེད་པར་འབད་འབུངས་དང་། གསར་བརྗེའི་རིག་གནས་ཞིབ་འཇུག་དར་སྤེལ། རིམ་བཞིན་ཁུལ་ནང་དུ་གསར་བརྗེའི་ཏང་གཤིས་ཀྱི་སློབ་གསོའི་རྟེན་གཞི་ཁག་གཅིག་བསྐྲུན་པ་དང་། གསར་བརྗེའི་ཏང་གཤིས་ཀྱི་སློབ་གསོའི་ཆེད་མཁས་ཁག་གཅིག་གསོ་སྐྱོང་བྱེད་པ། གསར་བརྗེའི་ཏང་གཤིས་ཀྱི་སློབ་གསོའི་ཆེད་དོན་ཁག་གཅིག་གསོག་འཇོག་བྱེད་པ། གསར་བརྗེའི་ཏང་གཤིས་ཀྱི་སློབ་གསོའི་སློབ་ཚན་ཁག་གཅིག་གསར་སྤེལ་བྱས། “དམར་དམག་གི་ལྭ་བ་གྱོན་པ་དང་དམར་དམག་གི་ལམ་དུ་བསྐྱོད་པ། དམར་དམག་གི་དཀའ་སྡུག་མྱོང་རོལ་བྱས་པ་དང་དམར་དམག་གི་གླུ་དབྱངས་ལེན་པ། དམར་དམག་གི་གཏམ་རྒྱུད་བཤད་པ་དང་དམར་དམག་གི་སྙིང་སྟོབས་སྤེལ་བ་”སོགས་བརྒྱུད་ནས་བྱེ་བྲག་གི་སློབ་གསོའི་བྱེད་སྒོ་སྤེལ་ཞིང་། “དམར་དམག་གི་རྒྱུད་རྒྱུ་རྒྱུད་འཛིན་དང་དམར་དམག་གི་རིག་གནས་དར་སྤེལ་གཏོང་བའི་”དམར་དམག་གི་ཏང་གཤིས་སློབ་གསོ་རབ་དང་རིམ་པ་སློབ་ཁྲིད་ཀྱི་ལག་ལེན་དུ་འདྲེས་པར་བྱས། གཞན་ཡང་དོན་དངོས་ཀྱི་སློབ་ཁྲིད་ཁྲོད་ཏང་གཤིས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཤིང་། རོལ་རྩེད་ཅན་དང་ཐ་ཤལ་ཅན། ད་དུང་རྣམ་པ་འགྱུར་བའི་ཡུལ་སྐོར་སོགས་སྣང་ཚུལ་མི་བཟང་བ་མངོན་པར་གཏན་འགོག་བྱས།
དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭས་བསམ་ཕྱོགས་གནད་འཁེལ་དང་འཆར་འགོད་གཟབ་ནན། ཞིབ་ཕྲ་གཙིགས་འཛིན། བརྟག་དཔྱད་ཞིབ་འཇུག་བཅས་བྱས་ནས། “ཚལ་ཐོའི་ཚུལ་”གྱི་སློབ་ཚན་འདེམས་པ་དང་“སྡེབ་ཟས་ཚུལ་”གྱི་ཉིན་རེའི་རང་འདེམས་གསོ་སྦྱོང་སློབ་ཚན་གསར་འཛུགས་བྱས་ཤིང་། བགྲོ་གླེང་སློབ་ཁྲིད་དང་སློབ་ཁང་སློབ་ཁྲིད། འཁོར་ཐོག་སློབ་ཁྲིད། ཉམས་ལེན་སློབ་ཁྲིད། སྤྲོ་དགའི་སློབ་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་ནས། “དམག་དཔུང་རྣམ་པའི་”རུ་ཁག་དང་དམག་དོན་ཕྱེད་མ་ཅན་གྱི་དོ་དམ་བྱེད་ཐབས་དཔྱད་ཅིང་། རྒྱང་སྐྱོད་སྙིང་སྟོབས་ཀྱི་དུས་རབས་རང་བཞིན་དང་སྐུལ་ཁྲིད་རང་བཞིན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཏང་ཡོན་ལས་བྱེད་པའི་འདུ་ཤེས་བཞི་དང་ནུས་པ་བརྒྱད་མུ་མཐུད་དུ་ཤུགས་སྣོན་རྒྱག་པ། གསར་བརྗེའི་སློབ་གསོ་ལ་བརྟེན་ནས་བསམ་བློ་གཙང་འགྱུར་དང་དབུལ་སེལ་འགག་སྒྲོལ། ཡུལ་གྲོང་དར་སྤེལ། ཀྲི་པུའུ་འཛུགས་སྐྱོང་། མི་རིགས་མཐུན་སྒྲིལ། ལས་བྱེད་པ་དང་མང་ཚོགས་འཕེལ་རྒྱས་ཡོང་བར་སྐུལ་འདེད་བྱས་ཤིང་། “གསར་བརྗེའི་རིག་གནས་མྱོང་རོལ་དང་གསར་བརྗེའི་སྲོལ་རྒྱུན་རྒྱུད་འཛིན། གསར་བརྗེའི་སྙིང་སྟོབས་དར་སྤེལ། གསར་བརྗེའི་སེམས་ཤུགས་གསོ་སྐྱོང་། ཏང་གཤིས་བློ་སྦྱོང་མཐོར་འདེགས། ཕུགས་བསམ་འདུ་ཤེས་བརྟན་བརླིང་”གི་རྩ་བའི་དམིགས་འདུན་གྲུབ་པ་དང་། སློབ་མར་སྦྱངས་བརྡར་བྱས་ནས་“ངར་ལྕགས་ལྟ་བུའི་དད་པ་དང་འདུ་ཤེས། སྒྲིག་ཁྲིམས། འགན་འཁྲི་ཁུར་སེམས་”བཅས་ལྡན་པའི་“ངར་ལྕགས་བཞི་ལྡན་གྱི་ལས་བྱེད་པར་”གྱུར་ཡོད་ལ། “གསར་བརྗེའི་བསམ་བློ་དགུང་ལས་མཐོ། གསར་བརྗེའི་འདུ་ཤེས་ལྕགས་ལས་མཁྲེགས།”ཞེས་པའི་བླ་ན་མེད་པའི་བསམ་ཡུལ་དུ་དངོས་སུ་སླེབས་ཡོད། དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭས་གསར་བརྗེའི་ཏང་གཤིས་ཀྱི་སློབ་གསོའི་ལས་ཀ་ཕུལ་དུ་བྱུང་བ་བསྒྲུབས་པས། 2018ལོར། སི་ཁྲོན་ཞིང་ཨུའི་ཏང་གི་སློབ་གྲྭ་དང་སི་ཁྲོན་ཞིང་ཆེན་སྲིད་འཛིན་སློབ་གླིང་གིས་“ཏང་གཤིས་སློབ་གསོའི་རྟེན་གཞི་”ཞེས་པའི་ཆོ་ལོ་བསྩལ་བར་མ་ཟད། ཞིང་ཨུའི་ཏང་གི་སློབ་གྲྭས་གསོ་སྦྱོང་བྱས་པའི་ཏང་ཡོན་ལས་བྱེད་པ་དཀར་མཛེས་ཁུལ་ཨུའི་ཏང་གི་སློབ་གྲྭར་བཏང་ནས་གསར་བརྗེའི་ཏང་གཤིས་སློབ་གསོ་མྱོང་འཇུག་རྒྱུ་རེད། །