ཉེ་ཆར། གསེར་རྟ་རྫོང་དབུལ་ཕོངས་ཁྱིམ་ཚང་གི་ངལ་རྩོལ་ནུས་ཤུགས་ཀྱི་ལག་རྩལ་གསོ་སྦྱོང་བྱེད་སྒོ་རིམ་པ་བཞིན་དུ་མཆོག་ཚང་ཡུལ་ཚོ། ཁེས་སྐོར་ཡོུལ་ཚོ། མཁན་ལེབ་ཡུལ་ཚོ་སོགས་ཡུལ་གྲོང༡༤ནས་སློབ་འགོ་བཙུགས། ཐེངས་འདིའི་ལག་རྩལ་གསོ་སྦྱོང་གི་ནང་དོན་གཙོ་བོ་ནི་བཟའ་བཏུང་ལས་རིགས་དང་ཡུལ་སྐོར་ལས་རིགས། འཕྲུལ་རྟ་ཞིག་གསོ། གྱོན་ཆས་འཚེམ་བཟོ་སོགས་ཡིན། ཞིང་འབྲོག་མང་ཚོགས༩༢༣ནང་ཞུགས་བྱས། མཆོག་ཚང་ཡུལ་ཚོའི་དོམ་ཆེན་སྡེ་བའི་བསོད་རིན་གྱིས་ཡུལ་ཚོ་ནས་འཕྲུལ་རྟ་གསོ་སྦྱོང་འཛིན་གྲྭ་འཛུགས་རྒྱུ་ཡིན་པ་ཤེས་རྗེས་འཕྲལ་དུ་མིང་ཐོ་བགོད་པ་དང་། ཁོས“སྒོ་ཁར་ལག་རྩལ་སྦྱོང་རྒྱུ་ནི་གོ་སྐབས་ཡག་པོ་རེད། འདི་ལྟ་བུའི་སློབ་སྦྱོང་གི་གོ་སྐབས་ནི་ངས་དམ་འཛིན་བྱེད་ངེས་ཡིན”ཞེས་ཟེར།
ཐེངས་འདིའི་གསོ་སྦྱོང་བྱེད་སྐབས་གཞུང་ལུགས་དང་ལག་ལེན་ཟུང་འབྲེལ་བྱས་པའི་ཐབས་ལམ་སྤྱོད་པ་དང་། གསོ་སྦྱོང་བྱེད་པའི་གོ་རིམ་ཁྲོད། དགེ་རྒན་གྱིས་གསལ་བཤད་ཞིབ་མོ་སྒོས་ལག་ཁྲིད་བྱས་པ་དང་། སློབ་མ་རྣམས་ཀྱིས་ཀྱང་ཧུར་བརྩོན་སྒོས་དགེ་རྒན་གྱི་སློབ་ཁྲིད་ལ་ཉན་ནས་སློབ་ཁང་ནང་དུ་སློབ་སྦྱོང་གི་རྣམ་པ་ཡག་པོ་མངོན་གྱིན་འདུག།
ཤེས་གསལ་ལྟར་ན། ༢༠༡༦ལོ་ནས་བཟུང་། གསེར་རྟ་རྫོང་གིས་ཧུར་ཐག་སྒོས་ལས་ཞུགས་ཡོང་སྒོ་འཕར་བའི་ཐབས་ཇུས་ལག་བསྟར་བྱས་ནས། རྫོང་ཨུའི་ཏང་གི་སློབ་གྲྭ་དང་རྫོང་རྩལ་ནུས་གསོ་སྦྱོང་ལྟེ་གནས། ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་ལས་ཁུངས་སོགས་ཀྱི་གསོ་སྦྱོང་ལས་སྟེགས་སྤྱོད་པ་དང་། རང་བདག་གསོ་སྦྱོང་དང་གཅིག་བསྡུས་གསོ་སྦྱོང་། སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་གསོ་སྦྱོང་སོགས་ཀྱི་བྱེད་ཐབས་སྤྱོད་ནས། ལས་རིགས་ལག་རྩལ་གསོ་སྦྱོང་ལ་བརྟེན་ནས་དབུལ་ཕོངས་མི་སྣ་ལ་མ་མཐའ་འང་ཕྱུག་གྱུར་ནུས་པ་འགའ་རེ་སློབ་སྦྱོང་བྱེད་དུ་བཅུག འདི་ལྟར་ལག་རྩལ་གསོ་སྦྱོང་གིས་དབུལ་ཐར་འགག་སྒྲོལ་ལས་དོན་ལ་སྐུལ་འདེད་ཆེན་པོ་བྱས་ནས། དོན་དངོས་ཐོག་དབུལ་སྐྱོར་རྣམ་པ་བསྒྱུར་ནས། རོགས་སྐྱོར་བྱེད་སྟངས་ནི་གཞོགས་འདེགས་རོགས་སྐྱོར་ནས་ཕན་སྐྲུན་རོགས་སྐྱོར་དུ་བསྒྱུར་ནས། མི་གཅིག་གསོ་སྦྱོང་བྱས་ནས། མི་གཅིག་ལས་ཞུགས་བྱས་སུ་བཅུག་པ་དང་། ཁྱིམ་ཚང་གཅིག་དབུལ་བྲལ་ཡོང་ནས་ས་གནས་གཅིག་ལ་སྐུལ་སློང་བྱེད་པའི་དམིགས་འབེན་མངོན་པར་འབད། མིག་སྔར་བར་དུ། གསོ་སྦྱོང་བྱེད་སྒོ་ཐེངས༩༩སྤེལ་བ་དང་། ཞིང་འབྲོག་མང་ཚོགས༣༧༣༨ནང་ཞུགས་བྱས་ལ། སྤྱི་ཕན་རང་བཞིན་གྱི་ལས་གནས༢༣༢༤གསར་སྤེལ་བཅས་བྱས་ནས་ཞིང་འབྲོག་མང་ཚོགས༢༧༩༦ལས་ཞུགས་ལེགས་འགྲུབ་བྱུང་།