འདབ་པ་རྫོང་གིས་བོད་བྱ་གསོས་ནས་གྲོང་སྡེ་དབུལ་པོའི་ཡོང་འབབ་འཕར་ཐབས་བྱས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-05


        ཉེ་བའི་ལོ་ཤས་རིང་། དབུལ་ཐར་འགག་སྒྲོལ་གྱི་ལས་འགན་འགྲུབ་བའི་ཆེད། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འདབ་པ་རྫོང་གིས་གྲོང་སྡེ་དབུལ་པོ་ལ་ཡུལ་དུས་དང་བསྟུན་ནས་ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་སྤེལ་བར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་ཡོང་འབབ་འཕར་བའི་ལམ་བུ་ཇེ་ཡངས་སུ་བཏང་། མིག་སྔར། ཁྱད་ཆོས་ལྡན་པའི་གསོ་སྤེལ་ལས་རིགས་ནི་འདབ་པའི་ཁྱིམ་ཚང་དབུལ་པོ་རྣམས་ཀྱི་ཡོང་འབབ་འཕར་བ་དང་དབུལ་ཐར། ཐོན་ལས་དར་སྤེལ་ཡོང་བའི་འདེད་རོགས་སུ་གྱུར་ཡོད།
        ཤེས་རབ་གྲོང་ནི་འདབ་པ་རྫོང་ཤམ་བྷ་ལ་གྲོང་བརྡལ་གྱི་ཁོངས་སུ་ཡོད། རྫོང་མཁར་དང་སྤྱི་ལེ་བདུན་ཅུའི་བར་ཐག་ཡོད། གྲོང་ཡོངས་དུད་ཚང་བཅུ་གཅིག་དང་གྲོང་མི་བསྡོམས་པ་དྲུག་ཅུ་ཡོད། དེའི་ནང་ཁྱིམ་ཚང་དབུལ་བོ་ལྔའི་མི་ཉེར་གསུམ་ཡོད། གནས་མཐའ་འཁོབ་ཡིན་ལ་ས་ཞིང་གཤིན་པོ་མིན་པས། སྔོན་གྱི་ཤེས་རབ་གྲོང་ནི་ཉེ་འཁོར་ལ་གྲགས་པའི་གྲོང་སྡེ་དབུལ་བོ་ཞིག་ཡིན། དབུལ་ཐར་འགག་སྒྲོལ་སྤེལ་བ་ནས་བཟུང་ཤེས་རབ་གྲོང་སྡེའང་སྔར་མེད་ཀྱི་འགྲན་སློང་དང་ཕྲད།
        དབྱེ་ཞིབ་ཞིབ་ཚགས་དང་རྩད་ཞིབ་གཏིང་ཟབ་མོ་བརྒྱུད་རྗེས། གྲོང་སྡེ་དེའི་ཧུའུ་ཅི་དང་པོ་ནམ་མཁའ་དང་གྲོང་ཚོར་བཅའ་སྡོད་རོགས་སྐྱོར་ལས་ཁུངས་ཀྱིས་ཤེས་རབ་གྲོང་ནི་ས་རྒྱ་ཆེ་ལ་རི་མཐོ་བས་བོད་བྱ་གསོ་བ་ཧ་ཅང་འཚམ་པར་ཤེས།   རོགས་སྐྱོར་ལས་ཁུངས་རྫོང་སྲིད་ཁྲིམས་ཨུ་ལྷན་གྱིས་མྱུར་དུ་འདབ་པ་རྫོང་བོད་བྱ་གསོས་སྤེལ་ཁང་ནས་བྱེའུ་བརྒྱ་དང་ཉེར་གཅིག་ཉོས་པར་མ་ཟད་ཤེས་རབ་འདེབས་གསོ་ཆེད་ལས་མཉམ་ལས་ཁང་བཙུགས་ཏེ་བོད་བྱ་གསོ་སྤེལ་བྱས།
        2018ལོར། གྲོང་མིས་གསོས་པའི་བོད་བྱ་ཚང་མ་བཙོང་ཟིན་པ་རེད། རོགས་སྐྱོར་ལས་ཁུངས་ཀྱིས་ཡང་བསྐྱར་བྱེའུ་ཉིས་བརྒྱ་བཞི་བཅུ་ཉོས། བོད་བྱའི་ཚོང་གཉེར་གྱི་མདུན་ལྗོངས་བཟང་པོས་གྲོང་མི་རྣམས་ལ་དགའ་སྤྲོ་ཚད་མེད་སྐྱེས་སུ་བཅུག ད་ཆ་ཤེས་རབ་གྲོང་གི་ཁྱིམ་ཚང་ཚང་མས་བློ་རྩེ་གཅིག་སྒྲིམ་གྱིས་བྱ་ཁང་བཟོས། མཉམ་ལས་ཁང་གིས་ཀྱང་ཤམ་བྷ་ལ་གྲོང་བརྡལ་གྱི་མགྲོན་ཁང་ཆེན་པོ་ཁ་ཤས་དང་གན་རྒྱ་བཞག་སྟེ་འདབ་པར་ཡོང་བའི་འགྲུལ་པར་དུས་ཡུན་རིང་པོར་བོད་བྱ་མཁོ་སྤྲོད་བྱས།
        བོད་བྱ་གསོས་སྤེལ་ཕུད། མཉམ་ལས་ཁང་གིས་ད་དུང་གྲོང་མིས་ཁྱིམ་གསོས་བོད་ཕག་གི་ཚོང་གཉེར་སྤེལ་བ་ལའང་རོགས་རམ་བྱས། ད་ལྟར་ཤེས་རབ་གྲོང་གི་བོད་བྱ་དང་བོད་ཕག་ནི་གཅེས་ནོར་དུ་གྱུར་ཡོད། དེར་མ་ཟད། གྲོང་མི་རྣམས་ཀྱིས་ཡུལ་དུས་དང་བསྟུན་ནས་ཟོག་དང་ཞོག་ཁོག  ནས་སོགས་ཁྱད་ཆོས་ལྡན་པའི་འདེབས་གསོ་ལས་རིགས་སྤེལ་ནས་ཡོང་འབབ་འཕར། ཤེས་རབ་གྲོང་སྡེའི་སྡོད་གནས་ཁོར་ཡུག་ཇེ་ཡག་ཏུ་གཏོང་ཆེད། འདབ་པ་རྫོང་ཨུ་དང་སྲིད་གཞུང་གིས་ལོ་བཞིའི་ནང་བསྡོམས་པས་སྒོར་ཁྲི380ལྷག་གྲོང་སྡེ་ནང་གི་ཆུ་གློག་ལམ་སོགས་རྨང་གཞིའི་སྒྲིག་ཆ་འཛུགས་སྐྲུན་ཐད་འགྲོ་གྲོན་བཏང་།
        2018ལོར། ཤེས་རབ་གྲོང་བདེ་བླག་ངང་གྲོང་སྡེ་དབུལ་པོའི་ཞྭ་མོ་ཕུད། གྲོང་སྡེ་ནང་གནམ་ས་བླ་འོག་བསྒྱུར་བའི་འཕོ་འགྱུར་བྱུང་། སྔོན་ཆད་འགྲོ་དཀའ་བའི་འདམ་ལམ་དེ་ཡངས་ཞིང་དྲང་བའི་གཞུང་ལམ་དུ་གྱུར། གྲོང་པའི་རྣམ་པའང་སྔོན་ཆད་ཀྱི་བཙོག་རྙོག་ངན་གསུམ་ནས་གཙང་ཞིང་གྲལ་འགྲིག་པར་གྱུར། སྔོན་ཆད་ཀྱི་དབུལ་ཞིང་ཕོངས་པའི་གྲོང་མི་རྣམས་ཀྱིས་ཐོག་ཁང་གསར་པ་བསྐྲུན་ནས་གྲོང་ཁྱེར་གྱི་འཚོ་བ་ནང་བཞིན་རོལ་བཞིན་ཡོད།
        ད་ལྟར་གྲོང་མི་རྣམས་ལ་སྒོར་མོ་ཡོད་ལ་གྲོང་སྡེའི་ཐུན་མོང་དཔལ་འབྱོར་གྱི་རྩིས་ཕྲའི་ནང་དུ་ཡང་སྒོར་མོ་སྔར་ལས་མང་། དེའི་ཐོག་ནས་ང་ཚོར་ཐོན་ལས་འཕེལ་རྒྱས་ཀྱི་ཁེ་བཟང་མངོན་སུམ་ཐོབ་ཡོད་ལ། དབུལ་ཐར་འགག་སྒྲོལ་ལས་ཐོབ་པའི་རེ་བའང་མཐོང་ཐུབ། རྗེས་མའི་ཐོན་སྐྱེད་འཚོ་བའི་ཁྲོད་དུ་ང་ཚོས་ངེས་པར་དུ་ནན་ནན་ཏན་ཏན་དང་རང་སྟོབས་ལྷོད་མེད་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་དེ་བས་བདེ་སྐྱིད་ཀྱི་འཚོ་བ་གསར་པ་ཞིག་བསྐྲུན་རྒྱུ་ཡིན་ཞེས་ཤེས་རབ་གྲོང་སྡེའི་ཀྲི་པུའུ་ཧུའུ་ཅི་བློ་བཟང་སྟོབས་ལྡན་གྱིས་ལྷག་བསམ་རྣམ་དག་གིས་སྐད་ཆ་དེ་དག་བཤད་པ་རེད།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1