ཡིད་འཕྲོག་སྒྲོལ་མ།
གསེར་དུང་སྙུག (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-28
སེམས་པའི་ཕྱི་ནང་བར་ནས།།
སེམས་གཏམ་སྙན་པོ་བཤད་རོགས།།
སེམས་པ་སོང་བའི་བུ་མོ།།
སེམས་ཀྱི་ནོར་བུ་ལོས་ཡིན།།
ཡིད་ཀྱི་འཁོར་འགྲོས་ཀློང་ནས།།
ཡིད་ལ་འཇགས་པར་གནོངས་དང་།།
ཡིད་ལ་བབས་པའི་བུ་མོ།།
ཡིད་ཀྱི་གསོས་སྨན་ལོས་ཡིན།།
ཐུགས་བརྩེ་དུང་བའི་ཡུལ་ནས།།
ཐུགས་ཕྲད་ཡོང་བ་གནོངས་དང་།།
ཐུགས་རྒྱུད་དྲང་བའི་བུ་མོ།།
ཐུགས་ཀྱི་དྭངས་བ་ལོས་ཡིན།།
བློ་ཁོག་རང་སྣང་ཙམ་གྱིས།།
བློ་ཁ་ཆོས་ལ་གནོངས་དང་།།
བློ་མཐུན་ལས་ཀྱི་བུ་མོ།།
བློ་སེམས་གཏད་ས་ལོས་ཡིན།།
སྙིང་གི་ཉིན་སྲིབ་བར་ནས།།
སྙིང་ལ་དམ་ཚིག་གནོངས་དང་།།
སྙིང་ཆུང་སྲོག་གི་བུ་མོ།།
སྙིང་པོ་བཅོལ་ས་ལོས་ཡིན།།
རིག་པ་རྣམ་དཔྱོད་ལན་གྱིས།།
རིག་ཚན་མི་ལ་གནོངས་དང་།།
རིག་གནས་ཅན་གྱི་བུ་མོ།།
རིག་པའི་སྐྱོར་ཡ་ལོས་ཡིན།།
བསམ་ཤེས་མི་ཡི་ལྷ་མོ།།
བསམ་བློ་གཏོང་རོགས་གནོངས་དང་།།
བསམ་གཏན་ཡ་རབས་བུ་མོ།།
སེམས་པ་སྲུང་བའི་རྟེན་ཡིན།།
སྣང་བ་ན་ཆུང་འདུ་ཤེས།།
སྣང་བའི་རྨི་ལམ་གནོངས་དང་།།
སྣང་བ་ཞེ་འདྲེས་བུ་མོ།།
སྣང་བའི་འོད་ཟེར་ལོས་ཡིན།།