ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་《སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2018-2022ལོ་བར)》བཀྲམ་པ།

རྩོམ་སྒྲིག་པ།ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 02-27



     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་ཉེ་ཆར《སློབ་གསོ་དེང་རབས་ཅན་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ལག་བསྟར་ཇུས་གཞི(2018-2022ལོ་བར)》བཀྲམ་པ་དང《ལག་བསྟར་ཇུས་གཞིའི》ནང་དེང་སྐབས་ལ་གཞི་ཚུགས་ཏེ་ཕུགས་ལ་དམིགས་པ་དང་། གཙོ་གནད་དམ་བཟུང་བྱས་ཏེ་སྤྱི་ཡོངས་སྐུལ་ཁྲིད་བྱེད་པ། གནད་དོན་ཕྱོགས་སྟོན་དུ་འཛིན་ནས་སྒྱུར་བཅོས་གསར་གཏོད་བྱེད་པ། ཁུལ་དབྱེ་འཆར་འགོད་བྱས་ཏེ་རིགས་དབྱེ་ནས་སྐུལ་འདེད་གཏོང་བ་བཅས་བྱེད་དགོས་ཤིང་། ལོ་5འབད་བརྩོན་བྱས་པ་བརྒྱུད་རིམ་པ་ཁག་དང་རིགས་ཁག་གི་སློབ་གསོ་ཁྱབ་གདལ་དམིགས་ཚད་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་བ་བྱས་ཏེ་དེང་རབས་ཅན་གྱི་སློབ་གསོའི་ལམ་ལུགས་མ་ལག་ཕྱོགས་ཡོངས་ནས་གྲུབ་པ་བྱས་ཐོག་སློབ་གསོའི་སྤྱི་ཡོངས་ཀྱི་སྟོབས་ཤུགས་དང་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་ཚད་གཞི་ཆེན་པོས་ཆེ་རུ་འགྲོ་ཐུབ་པ་བྱེད་དགོས་ཞེས་བཏོན་ཡོད། 《ལག་བསྟར་ཇུས་གཞིའི》ནང་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་ལས་འགན་ཁག་བཅུ་བཏོན་པ་སྟེ། གཅིག་ནི་དུས་རབས་གསར་པའི་ཀུན་སྤྱོད་བཟང་བའི་མི་སྣ་གསོ་སྐྱོང་བྱེད་པའི་འདུ་འགོད་ལག་བསྟར་བྱེད་པ་དང་། གཉིས་ནི་རྨང་གཞིའི་སློབ་གསོ་སྲ་བརྟན་དང་གོང་མཐོར་འགྲོ་རྒྱུར་སྐུལ་འདེད་གཏོང་བ། གསུམ་ནི་ལས་རིགས་སློབ་གསོ་ཐོན་སྐྱེད་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱེད་པ། བཞི་ནི་མཐོ་རིམ་སློབ་གསོའི་ནང་དོན་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བ། ལྔ་ནི་དུས་རབས་གསར་པའི་དགེ་རྒན་དཔུང་ཁག་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། དྲུག་ནི་སློབ་གསོ་ཆ་འཕྲིན་ཅན་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། བདུན་ནི་དབུས་ནུབ་རྒྱུད་ཀྱི་སློབ་གསོ་དར་རྒྱས་དང་འཕེལ་རྒྱས་གཏོང་བའི་འཆར་གཞི་ལག་བསྟར་བྱེད་པ། བརྒྱད་ནི་སློབ་གསོ་དེང་རབས་ཅན་གྱི་ས་ཁོངས་གསར་གཏོད་ཚོད་ལྟར་སྐུལ་འདེད་གཏོང་བ། དགུ་ནི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སློབ་གསོའི་བྱ་སྤྱོད་སྤེལ་རྒྱུར་སྐུལ་འདེད་གཏོང་བ། བཅུ་ནི་གཙོ་གནད་ཁྱབ་ཁོངས་ཀྱི་སློབ་གསོའི་ཕྱོགས་བསྡུས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1