གངས་ལྗོངས་ཀྱི་ཨ་མ་རྣམས་ལ་བསྔགས་པ།འཛམ་གླིང་བུད་མེད་དུས་ཆེན་ཉིན་གངས་ལྗོངས་ཨ་མ་རྣམས་ལ་ཕུལ་བ།
ཨ་འབུམ་བློ་བཟང་དམ་ཆོས། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26
རྒྱལ་ཡུམ་སྒྲོལ་མ་དབྱངས་ཅན།།
འབྲོ་བཟའ་དབུས་བཟའ་མ་ཅིག།
དྲིན་ཆེན་ཨ་མ་སོགས་ལ།།
གུས་པའི་འདུད་པ་དང་བཅས།།
གནའ་རབས་ལོ་རྒྱུས་མི་བཤད།།
དེང་རབས་ངོ་མཚར་མི་འབྲི།།
མཁས་དང་མཛངས་མིན་མི་བལྟ།།
ད་ལྟ་དྲན་ཚོད་སྨྲ་འོ།།
སྤྱི་ལ་འཆར་བའི་སྤྱི་ལོ།།
གསུམ་པའི་ཚེས་པ་བརྒྱད་ཉིན།།
གནམ་འོག་སྐྱེད་མ་ཀུན་ལ།།
རྟེན་འབྲེལ་མེ་ཏོག་འབུལ་ལོ།།
དུས་གསུམ་རྒྱལ་བའི་ཡུམ་ཆེན།།
ས་སྟེང་འགྲོ་བའི་མར་གྱུར།།
ཁྱིམ་འཛིན་སྟོང་གི་བདག་མོ།།
བྱམས་དང་བརྩེ་བའི་མ་མ།།
བཅུ་དྲུག་ལང་ཚོའི་མེ་ཏོག།
སྙིང་གི་མཛའ་བོར་ཕུལ་ཡོད།།
མི་ཚེ་གཅིག་གི་སྐྱིད་སྡུག།
གཏན་གྱི་ཁྱོ་བོར་བཅོལ་ཡོད།།
སྒེག་འཛུམ་བཞིན་རས་དྭངས་མོ།།
ཁྱིམ་གྱི་ཕུགས་ན་རྒས་ཡོད།།
ཡིད་འོང་གཟུགས་ཀྱི་འཁྲི་ཤིང་།།
བཙག་དང་བསེར་བས་བཅོམས་སོང་།།
ཞིམ་མངར་ཇ་ཡི་ལོ་མ།།
བྱམས་ལྡན་མ་ཁྱོས་བསྐོལ་ཡོད།།
དྲོད་འཇམ་ཁྱིམ་གྱི་ཁང་བ།།
བརྩོན་ལྡན་མ་ཁྱོས་ཕྱགས་ཡོད།།
འཁོར་བའི་འདམ་གྱི་དབུས་ན།།
ཡིད་འོང་བྱུ་རུའི་མེ་ཏོག།
མ་བཅོས་མཛེས་སྡུག་ལྷུན་རྫོགས།།
འཁོར་བའི་བདག་མོ་ཁྱེད་ཡིན།།
གནམ་ཕྱེད་བུད་མེད་ཡིན་ཞེས།།
སྔ་རབས་གཏམ་ལ་གྲགས་ཀྱང་།།
ས་ཕྱེད་བུད་མེད་ཡིན་ཞེས།།
སྨྲས་ཀྱང་ཚད་ལས་བརྒལ་མེད།།
དུས་ཆེན་དུས་ཀྱིས་གཏུགས་ཀྱང་།།
དོན་གྱིས་བུད་མེད་ཀུན་ལ།།
ཁ་མིན་སེམས་ཀྱིས་བརྩི་འཇོག།
དུས་རྒྱུན་ཡིད་ལ་འཇགས་དགོས།།
འཁོར་བར་ཞེན་ལོག་སྐྱེས་ཀྱང་།།
བུད་མེད་ཐན་དུ་མ་ལྟ།།
ནང་གི་དེ་ཉིད་ཁེགས་ན།།
འཁོར་རྩ་དེ་ཡིས་གཅོད་ངེས།།
རིགས་ཀྱི་མཐོ་དམན་མ་རྩོད།།
ཐམས་ཅད་མི་ཡི་ལུས་རྟེན།།
བཟང་ངན་གཙང་བཙོག་མ་བྱེད།།
བསམ་སྤྱོད་བཟང་ལ་ལྟོས་ཤིག།
འདོད་པའི་བདེ་བ་ཀུན་ལ།།
ཕོ་མོ་གཉིས་ཀ་གཤིས་མཚུངས།།
དོན་མེད་སྡུག་བསྔལ་ལས་ཀ།
བུད་མེད་ཁྲལ་དུ་མ་འགལ།།
མང་དུ་བཤད་དགོས་ཅི་ཡོད།།
མ་ཡི་དྲིན་ལན་སྒོམས་ཤིག།
མ་ཡི་གདོང་ལ་ལྟོས་ཤིག།
མ་ཡི་སྐྱིད་སྡུག་སོམས་ཤིག།
གཞན་དག་བུད་མེད་ཀུན་ལ།།
རང་དབང་འདྲ་མཉམ་ཐོབ་ཐང་།།
ཚངས་པའི་དབྱངས་སྙན་ངག་གིས།།
སྙན་དབང་འགུག་པ་ལེགས་མོད།།
མཐོ་སྒང་བུད་མེད་རྣ་བར།།
སྐྱེས་པའི་ཕྱག་ངར་བཙན་པས།།
ཕོ་བཟང་རུས་པ་ཅན་རྣམས།།
བུད་མེད་བརྩི་འཇོག་མ་ལྷོད།།
ཕོ་སྐྱེས་རབ་ཀྱི་ལས་ལ།།
ཚེ་གཅིག་ཨ་མར་བཀུར་དགོས།།
ལས་གཅིག་བཟའ་ཟླར་བྱམས་དགོས།།
ཁྱིམ་གཅིག་གཉེན་ལ་དུངས་དགོས།།
བུད་མེད་ཤེས་རབ་ཅན་མ།།
རིག་པའི་གནས་ལ་བརྩོན་རོགས།།
བུད་མེད་བྱམས་པའི་བདག་མོ།།
འཁོར་བའི་གཞི་འཛིན་ཟུངས་ཤིག།
མོ་སྐྱེས་རབ་ཀྱི་ལས་ལ།།
ཁྲེལ་གཞུང་བག་ཡོད་ལྡན་ཞིང་།།
ཁ་འཇམ་ཁོག་དྲང་འཛུམ་ཅན།།
ཁྱིམ་ཁ་སྟོང་གི་གཡང་བདག།
མ་རྣམས་འགྲོ་བའི་ཞིང་ས།།
མ་རྣམས་ཤེས་རབ་བདག་མོ།།
མ་རྣམས་བརྩེ་བའི་གཞིས་ཁྱིམ།།
མ་རྣམས་འཁོར་བའི་བདེ་སྐྱིད།།
རྟེན་འབྲེལ་ཙམ་གྱི་དོད་དང་།།
དོན་གྱིས་བསམ་པའི་ཚུལ་རྣམས།།
གོ་སླའི་ངག་གི་ཚོམ་བུ།།
ཨ་མའི་དྲུང་དུ་འབུལ་ལོ།།