སྒོ་རྡུང་བའི་སྒྲ།

འོམ་བུ། (ཁྲིན་ཏུའུ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



"ཁྲོག ཁྲོག ཁྲོག" སྒོ་བརྡུངས་བྱུང་། སུན་པ་ལ་ཨང་། གྲོང་ཁྱེར་ཆེན་པོ་འདིའི་ནང་དུ་ང་ཤེས་མཁན་ཞིག་མེད་པས་ཡང་གཅིག་གིས་སྒོ་ནོར་བ་འདྲ། "ཁྲོག ཁྲོག ཁྲོག" སྒོ་རྡུང་བའི་སྒྲ་ལ་ཆད་རྒྱུ་མི་འདུག ང་རང་གོག་མ་ནུར་གྱིས་ཡར་ལངས་ནས་སྒོ་ཕྱེ་རུ་སོང་བ་ཡིན།

"ཞོགས་པ་བདེ་ལེགས།ཁྱེད་ཀྱིས་མུ་རུ་ཁང་པ་འདི་གླ་རྒྱུ་ཡིན་ནམ"

"ཡིན" མ་གཞིར་ངས་ཁང་པ་འདི་ནམ་ཞིག་ལ་གླས་པ་ཡིན་མིན་གསལ་བོར་དྲན་རྒྱུ་མི་འདུག

"འོ་ན ཁྱེད་ཀྱིས་ཟླ་རྗེས་མའི་ཁང་གླ་སྤྲད་རོགས།"

"ཡ་ཡ། ཅུང་ཙམ་ནས་སྤྲད་ཡོང་།" ངས་དེ་ལྟར་བཤད་རྗེས།མྱུར་མོར་མགོ་བོ་མལ་ཐུལ་གྱིས་བཏུམས་ནས་གཉིད་ལ་རོལ་བ་ཡིན། ད་ལྟ་དུས་ཚོད་དུ་ཡིན་པ་དང་དེ་རིང་གཟའ་དུ་ཡིན།ཟླ་འདི་སྤྱི་ཟླ་ཅི་ཡིན་ནི་ང་ལ་མཚོན་ན་འབྲེལ་མེད་ཀྱི་དོན་དག་ཅིག་ཡིན་ལ། གསལ་བོར་བཤད་ན་ངས་ད་ལྟ་ཉིན་མཚན་གང་ཡིན་ཡང་ཤེས་ཀི་མེད།

"ཁྲོག ཁྲོག ཁྲོག" ཡང་སྒོ་བརྡུངས་བྱུང་། འཇིག་རྟེན་འདིར་ཆེས་མི་སྙན་པའི་སྒྲ་དེ་ནི་སྒོ་རྡུང་བའི་སྒྲ་རེད་ཨང་།མལ་ཐུལ་གྱི་ཁ་འོག་ནས་མགོ་བོ་ཕྱེད་ཙམ་ཕུད་པ་ཡིན།བལྟས་ཚོད་ལ་ཉིན་གུང་ཕྱེད་ཡོལ་ཙམ་ཡིན་པ་འདྲ།

"ཁྲོག ཁྲོག ཁྲོག" སྒོ་རྡུང་བའི་སྒྲ་དང་ལྷན་དུ་སྐད་འཇམ་པའི་ངང་ཅིག་གིས་ངའི་མིང་ནས་བོས་བྱུང་།

ཡིན་ནའང་། གཉིད་ལ་དགའ་བའི་མི་ཞིག་ལ་མཚོན་ན་འདི་འདྲའི་ཚ་འབོལ་འབོལ་གྱི་མལ་ས་ཞིག་གི་ནང་ནས་ཡར་ལང་དགོས་པ་ནི་སྡུག་བསྔལ་གྱི་སྡུག་བསྔལ་ཞིག་ལོས་ཡིན། ང་རང་ནད་པ་ཞིག་ལྟར་རང་ལུས་འདི་ཡར་འགྱོག་ཐུབ་མ་ཐུབ་བྱས་ནས་སྒོ་རྩར་དུད།

"ཁྱོད་སུ་ཡིན"

"ང་རང་ཁྱོད་ཀྱི་རྨི་ལམ་ནང་གི་བུ་མོ་དེ་ཡིན།"

"ཅུང་ཙམ་སྒུག་རོགས"

ང་རང་ནམ་རྒྱུན་དང་མི་མཚུངས་པར་རྣམ་རིག་བཀྲ་གསལ་ལེར་གྱུར་ཏེ། ད་ལྟ་ཁ་ལག་ཅིག་བཀྲུ་ཁོམ་མེད་ལ་ཁ་སང་སྲང་དུ་སོང་ནས་གོན་པ་གསར་བ་ཞིག་མ་ཉོས་པར་རང་གིས་རང་ལ་འཚིག་པ་ཡང་ཡང་ཟོས།མལ་ས་དང་ཁྱིམ་ལ་ཕྱི་དོར་བྱས་རྗེས་ཡར་ཁྱིམ་དུ་ཁྲིད་ཡོང་། ངས་ཁོ་མོ་ད་སྔར་དངོས་སུ་མཐོང་མ་མྱོང་ནའང་།ཡུད་ཙམ་ལ།ངས་ཁོ་མོས་དཀར་ལ་གཙང་བའི་བཞིན་རས་དང་བིམ་པ་བཞིན་དམར་བའི་མཆུ་སྒྲོས།ཁོག་སྟོད་དུ་ནང་ལྭ་ཚི་ལེན་ཕུང་ཐུང་དཀར་པོ་ཞིག་དང་ཁོག་སྨད་དུ་ནུབ་ཕྱོགས་ཀྱི་འཕྱོར་ལྭའི་ཤམ་བུ་ནག་པོ་ཞིག་གྱོན་པ་དག་ལ་མྱུར་ཞིབ་ཐེངས་གཅིག་བྱས།ལྷག་ཏུ་ང་ཡི་བློ་ངོར་བབ་པ་ཞིག་ནི་ཁོ་མོའི་སྐྲ་ལོའི་ཁ་དོག་ནི་ང་རང་ཧ་ཅང་དགའ་སའི་ཁོ་ཧྥུའི་མདོག་ལྟར་བྱས་ནས་ཕྲག་པའི་གཞོག་གཉིས་སུ་ཤམ་ཤམ་དུ་བཞག་ཡོད་ལ།ཚི་ལེན་དཀར་པོ་དེས་མི་ལུས་ཀྱི་ཁོག་སྟོད་ཁོག་སྨད་དབྱེ་བྱེད་ལྟ་བུའི་ལྟེ་ཁུང་ནི་འགུལ་ཕྱོགས་ཤིག་གིས་གསལ་བོར་མཐོང་ཐུབ་པ་དང་འགུལ་ཕྱོགས་ཤིག་གིས་ཕྱེད་ཙམ་མཐོང་པ་ཙམ་དུ་བཟོ་འདུག་པས་ང་ཡི་བ་སྤུ་དག་ལས་འདོད་པའི་རླངས་པ་སྐྱ་ཐུ་ལུ་ལུ་འཕྱུར་འགོ་བརྩམས། ངས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སྤོབས་པར་ཁ་རོག་གེར་ཁོ་མོའི་ལུས་ཡོངས་ལ་ཆ་དང་ཆ་ཤས་བྱས་ནས་ལྟ་བཞིན་བསྡད།

དེའི་རྗེས་སུ།ངས་ག་ལེར་ཁོ་མོར་བཅར་ནས་རང་གི་མཆུ་སྒྲོས་འདི་ཕར་བསྲིངས་ནའང་ཡ་མཚན་པ་ཞིག་ལ་ཐུག་ས་རེག་ས་ཞིག་ཁྱོན་ནས་རྙེད་མ་བྱུང་།སྐབས་རེར།ངས་ང་ཡི་མིག་གཉིས་བཙུམས་ནས་ཉལ་འདུག་ཡོད་པ་རྟོགས་ལ།ཕྱི་རོལ་གྱི་ཟིང་ལོང་ཡང་ཞོད་འཇགས་སུ་གྱུར་པས་ཚུར་དེར་བལྟས་ན་ཕར་ཆེར་ད་ལྟ་ནམ་གུང་ཞིག་ཡིན་པའང་ང་རང་གིས་ཚིག་ཐག་ཆོད་པོས་བཤད་ཆོག་པར་སྣང་།

ཡང་ལྟ་ཕྱོགས་ཤིག་གིས་ཁོ་མོ་ནི་ང་དང་ཧ་ཅང་ཆ་ཡོད་རྒྱུས་ཡོད་ཅིག་ཡིན་པ་འདྲ་ལ།སྔོན་མར་ཐེངས་མང་པོར་མཉམ་དུ་བདེ་དགའི་དཔལ་ལ་རོལ་མྱོང་མཁན་ཞིག་ཀྱང་ཡིན་པ་འདྲ། ཞིབ་ཏུ་བལྟས་པས་ཏག་ཏག་མོ་ཡིན་པའང་ངས་གསལ་བོར་མཐོང་ལ། གཞན་པ་སུ་གཅིག་གིས་ཀྱང་ཉམས་འཇོག་མེད་སའི་ཁོ་མོའི་རྣ་བའི་བུ་གའི་འོག་གི་སྨེ་ཐིག་ཆུང་ཆུང་དེའང་མཛེས་སྡུག་གིས་འབུས་པའི་མེ་ཏོག་ཅིག་ལྟར་མངོན་འདུག དེ་ལྟ་ནའང་།སྔོན་ལྟར་མཆུ་སྒྲོས་ཕར་ལ་ཇི་ཙམ་བསྲིངས་ཀྱང་དྲོ་འཇམ་གྱི་མཆུ་སྒྲོས་ཤིག་ཚུར་གླན་མཁན་ནི་གཅིག་ཀྱང་མ་བྱུང་།དེའི་ཕྱིར།ང་རང་ཁེར་རྐྱང་གིས་གཙེས་ཏེ་ཁྱོད་རང་མཐོང་ཐུབ་ཀྱང་ཐུག་མི་ཐུབ་པའི་སྡུག་བསྔལ་འདིས་མནར་ནས་ཁྱེད་ཀྱི་རྣ་རྩར་སྡུག་སྨྲེ་མང་པོ་ཞིག་འདོན་འདོད་པའི་འདུན་པ་སྐྱེས་བྱུང་།

"ཁྲོག ཁྲོག ཁྲོག" སྒོ་མོ་བརྡུང་བའི་ཡང་བསྐྱར་གྲག་བྱུང་། ང་རང་མྱུར་མོར་ཡར་ལངས་ནའང་ད་ཐེངས་ངས་སྒོ་ཕྱེ་རུ་མ་སོང་། ད་ལྟ་ཞོགས་པའི་དུས་ཚོད་བརྒྱད་ལ་བསླེབས་འདུག་པར་མ་ཟད་སྒོ་བརྡུངས་པ་ནི་ངས་ཁྱིམ་མཚེས་ཚང་གི་ང་རང་ལས་ཀར་འགྲོ་བའི་བརྡ་རྒྱག་གི་ཡོང་བ་རེད། ངས་ཁ་ལག་བཀྲུ་བ་དང་ཞོགས་ཇ་བཏུང་རྗེས་སྲང་ལམ་གྱི་གཡས་ཕྱོགས་བརྒྱུད་ནས་མྱུར་མོར་ལས་ཀ་བྱེད་སའི་ཕྱོགས་དེར་ཆས།ལམ་དུ་འགྲོ་ཞོར་ངས་མདང་གི་རྨི་ལམ་ལ་བསམ་བློ་བཏང་བ་ཡིན། མངོན་སུམ་ལས་ཀྱང་གསལ་བོར་ཤར་བའི་རྨི་ལམ་དེ་དྲན་ཚེ་ངས་ད་ལྟ་ད་རུང་ཡང་རྨི་ལམ་མིན་ནམ་སྙམ་བཞིན་དོགས་པ་སྐྱེས། ལས་ཀའི་འགོ་འཛིན་པས་འབྲི་དེབ་ཅིག་བཟུང་བཞིན་"ཁྱེད་རང་སྐར་མ་བཅུ་ལ་རྗེས་ལུས་ཐེབས་འདུགམིང་ཐོ་འགོད་རོགས"ཟེར་ཚུལ་ལ་བལྟས་ན་ད་ལྟ་གཞི་ནས་ང་རང་འཁྲུལ་བ་མ་ཡིན་པའི་དངོས་གནས་ཀྱི་འཚོ་བ་དེར་ཞུགས་ཀྱིན་པ་ཚོར།། །།

སྒོ་རྡུང་བའི་སྒྲ།


རྩོམ་ཡིག་རྗེས་མ།
གོམ་སྒྲ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1