དགའ་གཅེས་སློབ་གསོ།

སྐལ་བཟང་ཐུབ་བསྟན་གྱིས་བསྒྱུར། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26


ཁ་ལུང་གི་བདེན་འཛིན་གཞན་རོགས་ཀྱི་བྱ་སྤྱོད།

        ཁ་ལུང་ནི་ངའི་སློབ་གྲོགས་རེད། མི་ཧ་ཅང་བཟང་པོ་ཞིག་ཡིན། དེ་རིང་བྱུང་བའི་དོན་དག་ཅིག་བརྒྱུད་པ་ལས་ངས་ཁོ་ལ་དེ་བས་ཡི་རང་བྱུང་སོང་།

        ཞོགས་སྔ་མོར་སློབ་གྲྭར་འགྲོ་དུས། དགེ་རྒན་ད་དུང་ཕེབས་མེད་པས་སློབ་ཁང་ནང་དུ་འུར་ཟིང་ཆེ་ཞིང་སློབ་གྲོགས་ཁ་ཤས་ཀྱིས་ཡང་ནས་ཡང་དུ་སྐྲ་ལོ་ཡོངས་སུ་འཁྱིལ་བའི་ཁེ་ལའོ་ཞིར་ཐུབ་ཚོད་གཏོང་བཞིན་འདུག

        ང་ཚོ་ཚང་མས་ཁེ་ལའོ་ཞིའི་ཁྱིམ་ཚང་ཧ་ཅང་དབུལ་ཞིང་ཕ་མ་གཉིས་ཀ་རི་ཚོད་འཚོང་མཁན་ཡིན་ལ། ཁོའི་ལག་པ་གཅིག་ལ་སྐྱོན་ཡོད་པ་ཤེས་ཀྱི་ཡོད། སློབ་གྲོགས་ཤིག་གིས་ཤིང་ཏོག་ཨ་འབྲུམ་གྱིས་སྐོགས་ལྤགས་ཁེ་ལའོ་ཞིའི་མགོར་འཕངས་པ་དང་། གཅིག་གིས་ཟུར་གསུམ་ཐིག་ཤིང་ཁུར་ནས་ཁོའི་གྲུ་མོར་རྡེབ་བཞིན་ཁ་ནས་བུ་ཡ་མ་གཟུགས་ཁྱོད་ལ་ལྟོས་དང་། ཇི་འདྲའི་མདོག་ངན་ཞིག་རེད་ཨང་ཅེས་གླུར་གྱེར་བ་དང་། ད་དུང་སློབ་གྲོགས་གཞན་ཞིག་གིས་ཁེ་ལའོ་ཞིའི་འགྲོ་སྟངས་ལྟར་ལུས་པོ་གཡུགས་ནས་ཆེད་དུ་མི་སྡུག་སྡུག་མདོག་གི་ངོ་གདོང་ཞིག་བརྫུས་པས་ཚང་མས་བསྲན་མ་ཐུབ་ནས་ཧ་ཧ་ཞེས་དགོད་པ་རེད།

        ཁེ་ལའོ་ཞི་ཁོང་ཁྲོ་ལངས་ནས་ལུས་ཡོངས་འདར་ན་ཡང་ཚིག་གཅིག་ཀྱང་བཤད་མ་ཕོད། བསྟན་བཤིག་ཚ་བའི་སློབ་གྲོགས་ཚོས་ཁེ་ལའོ་ཞིས་ཚུར་རྒོལ་མི་བྱེད་པ་མཐོང་དུས། དེ་བས་རང་རློམ་ཆེན་པོས་འུར་ཟིང་ཆེན་པོ་བསླངས། ནམ་རྒྱུན་ཕུང་དཀྲུག་སློང་བའི་ཝུའུ་ལན་ཏི་རྐུབ་སྟེགས་ཐོག་ཏུ་མཆོང་ནས་ཁེ་ལའོ་ཞིའི་ཨ་མས་སློ་མ་ཁུར་ནས་རི་སྐྱེས་སྔོ་ཚོད་འཚོང་བའི་བཟོ་ལྟའི་ལད་མོ་བྱེད་བཞིན་ཁ་ནང་དུ་སྔོ་ཚོད་ཉོ་བའི་འབོད་སྐད་རྒྱག་པ་རེད། ང་ཚོའི་སློབ་གྲོགས་ཕལ་ཆེར་གྱིས་ཁེ་ལའོ་ཞིའི་ཨ་མ་མཐོང་མྱོང་ཞིང་མོ་རང་དུས་རྒྱུན་སློབ་གྲྭར་ཡོང་ནས་བུ་བསུ་སར་ཡོང་བ་དང་། ཉེ་ཆར་ན་ནས་མལ་ནང་ལྷུང་འདུག་ཅེས་ཐོས་བྱུང་།

        དེའི་ཚེ། ཁེ་ལའོ་ཞིས་ཁྲོ་མིག་བགྲད་ཅིང་བཞིན་རས་དམར་པོར་གྱུར་པ་དང་། མིག་ནས་ཁོང་ཁྲོའི་མེ་ལྕེ་འཕྲོ་བཞིན་འདུག ཁེ་ལའོ་ཞིའི་ཁོང་ཁྲོ་གཏིང་ནས་བསླངས་པས་ཁོས་ཟུར་དུ་ཡོད་པའི་སྣག་ཚ་དམ་བེ་དེ་བླངས་ནས་ཝུའུ་ལན་ཏིའི་ཐོག་ལ་བརྒྱབ་པ་རེད། སེམས་ཕངས་འོས་པ་ཞིག་ནི་ཝུའུ་ལན་ཏི་གབ་བྱོལ་བྱེད་ཐུབ་སོང་། མིག་མེད་པའི་སྣག་ཚ་དམ་བེ་དེ་ཏག་ཏག་སྒོ་ནས་ཡར་འཛུལ་བཞིན་ཡོད་པའི་དགེ་རྒན་གྱི་བྲང་ཁར་ཕོག་སོང་། ཚང་མ་ཧན་ཐོར་ནས་མྱུར་དུ་རང་རང་སོ་སོའི་འདུག་སྟེགས་སུ་ཕྱིན་ཞིང་སློབ་ཁང་ནང་དུ་ཁུར་སིམ་མེར་གྱུར།

        དགེ་རྒན་གློ་བུར་དུ་ཡོང་བའི་སྒྱོགས་མདེའུ་འདིས་སྐྲག་དངངས་སྐྱེས་པ་དང་། བཞིན་རས་ནག་རོག་གེར་ཁྲིད་སྟེགས་མདུན་དུ་ཕྱིན་ནས་སློབ་ཐུར་ཡང་མོར་ལན་གཉིས་བརྡེགས་ནས་སྐད་གདངས་དམའ་མོས་སུས་ང་ལ་ལེགས་སྐྱེས་འདི་ལྟ་བུ་ཞིག་བྱིན་པ་རེད་དམ་ཞེས་དྲིས་པ་རེད། སློབ་ཁང་ནང་དུ་འཇམ་འཇགས་སེར་གྱུར། དགེ་རྒན་གྱིས་སྐད་གསང་ཇེ་མཐོར་བཏང་ནས་སུ་ཡིན། དཔའ་ངར་ལྡན་པའི་སྒོ་ནས་ཡར་ལང་རོགས་ཞེས་བཤད།

        ང་ཡིན། ཚང་མས་སྐད་སྒྲའི་ཕྱོགས་སུ་བལྟས་དུས་ཡར་ལངས་མཁན་ནི་ཁ་ལུང་རེད། ངས་ཁ་ལུང་གིས་སྙིང་རྗེ་བའི་ཁེ་ལའོ་ཞིར་མུ་མཐུད་དེ་ཡ་ལ་འཁེལ་འདོད་མེད་པའི་ཆེད་དུ་ཁོའི་འགན་འཁྲི་ཆ་ཤས་ཁུར་བའི་རེ་བ་བྱེད་པ་ལུས་ཡིན་སྙམ་བྱུང་། དགེ་རྒན་གྱིས་ཁ་ལུང་ལ་མིག་ཅེ་རེར་ལྟ་ཞིང་སླར་ཡང་ཧ་ལས་པའི་སློབ་གྲོགས་རྣམས་ལ་བལྟས་ཙམ་བྱས་ནས་ཞི་འཇམ་གྱིས་འོ་ཡ། ཁ་ལུང་། ཁྱོད་མར་སྡོད་ཅིག དགེ་རྒན་གྱིས་ཁྱོད་མིན་པ་ཤེས་ཀྱི་ཡོད་ཟེར། ང་ཚོ་ཚང་མ་བྲེལ་འཚུབ་ཆེན་པོ་ལངས་བྱུང་། དགེ་རྒན་གྱིས་འཛུམ་དམུལ་ལེའི་སྒོ་ནས་བྱེད་ཕོད་ན་འགན་ཁུར་ཕོད་དགོས། མི་ཚང་མར་རང་ཉིད་ཀྱི་བྱ་སྤྱོད་ལ་འགན་ཁུར་ཕོད་པའི་སྙིང་སྟོབས་དགོས་པ་རེད། སྣག་ཚ་དམ་བེ་འཕེན་མཁན་གྱི་སློབ་གྲོགས་ཡར་ལོངས་ཤིག ངས་ཁྱོད་ལ་ཆད་གཅོད་ལྕི་མོ་མི་བྱེད་ཅེས་བཤད་པ་རེད།

        ཅུང་ཙམ་སྒུག་རྗེས་ངོ་གདོང་དཀར་ཐལ་དུ་གྱུར་པའི་ཁེ་ལའོ་ཞི་ཡར་ལངས་ནས་ངུ་ཞོར་དུ་ཁོ་ཚོས་ང་རྡུང་བ་དང་། ང་ལ་ཐུབ་ཚོད་བྱས་པས་མ་ཚད། ད་དུང་ངའི་ཨ་མར་འཕྱ་དམོད་བྱས་པས་ངས་བཟོད་མ་ཐུབ་ནས་སྣག་ཚ་དམ་བེ་འཕེན་པ་ཡིན་ཞེས་བཤད།

        འོ་ཡ། དགེ་རྒན་གྱིས་ཤེས་སོང་། ཁེ་ལའོ་ཞིར་ཞན་ཐུབ་བྱེད་པའི་མི་རྣམས་ཡར་ལོངས་ཤིག ཆག་སྒོ་སློང་མཁན་བཞི་བློ་ཕམ་ཡིད་ཆད་ཀྱིས་ཡར་ལངས་པ་དང་། ད་གིན་ཁེངས་དྲེགས་དང་ཧམ་ཚོད་དེ་ཚོ་མིང་མེད་རྗེས་མེད་དུ་གྱུར་འདུག ཁྱོད་ཚོས་མི་ཉམ་ཞན་ལ་ཐུབ་ཚོད་བྱས་ནས་ཁོར་སྡུག་བསྔལ་མྱོང་དུ་བཅུག་པ་ནི་ཧ་ཅང་ཁྲེལ་མེད་ཀྱི་བྱ་བ་ཞིག་རེད། གལ་ཏེ་ཡོ་བསྲང་མ་བྱས་ན་འབྱུང་འགྱུར་མི་ཚང་མ་བློ་ཕམ་ཡིད་ཆད་ཀྱི་གནས་སུ་བཀོད་ངེས་རེད། དགེ་རྒན་གྱིས་དེ་ལྟར་བཤད་ཅིང་ཁ་ལུང་གི་འགྲམ་དུ་ཕྱིན་ནས་ཁོའི་ཕྲག་པར་རྡེག་ཙམ་བྱས་ཏེ་ཁ་ལུང་། ཁྱོད་ཀྱིས་ང་ལ་སེམས་འགུལ་ཐེབས་སུ་བཅུག་སོང་། ཁྱོད་ནི་ཕྲུ་གུ་ཡ་རབས་ཤིག་རེད་ཅེས་བསྟོད་བསྔགས་གནང་། ཁ་ལུང་གིས་དགེ་རྒན་གྱི་རྣ་རྩར་ཤབ་ཤུབ་བྱེད་བཞིན་འདུག དགེ་རྒན་དགོད་ཞོར་དུ་མགོ་བོ་གུག་གུག་བྱེད་བཞིན་ཆག་སྒོ་སློང་མཁན་འགའ་ལ་དེ་རིང་ངས་ཁྱོད་ཚོར་གུ་ཡངས་གཏོང་ཆོག རྗེས་མར་ནོར་འཁྲུལ་ཡོ་བསྲང་གྱིས་ཞེས་བཤད་པ་རེད།

ངའི་བུད་མེད་དགེ་རྒན།

        དེ་རིང་། ང་རང་ལོ་རིམ་གཉིས་པར་འདོན་དུས་ཀྱི་བུད་མེད་དགེ་རྒན་གློ་བུར་དུ་ཁྱིམ་ལ་བཅར་འདྲིར་ཕེབས་བྱུང་། འདི་ནི་སྟེར་དབང་གིས་དགའ་སྐྲག་གཉིས་ལྡན་གྱི་བྱ་བ་ཞིག་རེད། དགེ་རྒན་གྱིས་སྔར་བཞིན་ང་རང་ལ་ཆ་རྒྱུས་ཡོད་པའི་ལྗང་ཁེབས་ཅན་གྱི་ཞྭ་མོ་དེ་བསྐོན་འདུག་ཅིང་གྱོན་གོས་ཧ་ཅང་བག་ཆགས་པོ་འདུག ལས་ཀ་ཧ་ཅང་བྲེལ་བ་ཆེ་བ་ཡིན་ཤས་ཆེ། ཁོང་གི་ཞལ་རས་སུ་དཀར་ཐལ་མངོན་ཞིང་དབུ་སྐྲ་དཀར་པོ་ཁ་ཤས་ཧ་ཅང་མིག་གཟན་ཆེ། དགེ་རྒན་གྱིས་སྐད་ཆ་ཁ་ཤས་ལས་བཤད་ཁོམ་མེད་པར་ལུ་བ་རྒྱུན་ཆད་མེད་པར་རྒྱག་གི་འདུག།

        ཨ་མས་སེམས་ཁུར་ཆེན་པོས་བརྩེ་བའི་དགེ་རྒན་ལགས། ད་ལྟ་ཁྱེད་ཀྱི་ལུས་པོ་གང་འདྲ་རེད། ངེས་པར་དུ་རང་ཉིད་ལ་གཅེས་སྤྲས་ཡག་པོ་གྱིས་ཨང་ཞེས་དྲིས།

        ཡ། ཅི་མི་སྐྱོན། དགེ་རྒན་དགོད་ཙམ་བྱས་ནས་ལག་ཕྱིས་བླངས་ཏེ་ཁ་བཀབ་པ་རེད།

        ཁྱེད་ཀྱིས་སློབ་མའི་དོན་དུ་དཀའ་སྡུག་མང་པོ་མྱངས་ཤིང་སྐད་ཤུགས་ཀྱང་དེ་འདྲ་ཆེན་པོ་ཡིན་པས་གྲེ་བར་གནོད་པ་ཐེབས་སླ་བ་རེད། ཨ་མ་བློ་མི་བདེ་ནས་ད་དུང་འདྲེ་ཕྲུག་ཚོས་བསྟན་བཤིག་བྱེད་པའི་སྐབས་སུ་ཞི་འཇམ་ཁོ་ནས་ཡིན་ལུགས་བཤད་རྒྱུ་རྐྱང་པ་གཏན་ནས་བྱེད་མི་རུང་ཞེས་བཤད།

        ཨ་མས་བཤད་རྒྱུ་དེ་བདེན་པ་རེད། ངའི་དགེ་རྒན་གྱིས་འགན་ཡག་པོ་ཁུར་གྱིན་ཡོད། ཁྱོད་རང་སློབ་ཁང་གི་སྡོད་གནས་གང་ཞིག་ཏུ་ཡོད་ན་ཡང་མོ་རང་གི་སྐད་ཆ་གསལ་པོར་ཚོར་ཐུབ་པ་རེད། མོ་རང་གིས་སློབ་མ་ཚོར་ཧ་ཅང་དགའ་ཞིང་རང་གི་ཕྲུ་གུ་ལྟར་ངང་རྒྱུད་རིང་པོས་བྱམས་སྐྱོང་གནང་། དགེ་རྒན་གྱིས་སློབ་མྱོང་པའི་སློབ་མ་ཞིག་ཡིན་ཕྱིན་མོ་རང་གིས་ཚང་མ་སེམས་ནང་དུ་བཞག་ཐུབ་པར་མ་ཟད། ལྷག་པར་དུ་ལོ་མང་བརྒལ་སོང་བ་ཡིན་ཡང་མིང་འབོད་ཐུབ་ཀྱི་རེད། ཟླ་རྒྱུགས་སྤྲད་ཐེངས་རེའི་རྗེས་སུ་མོ་རང་སློབ་དོན་ཁང་དུ་སོང་ནས་སློབ་མ་ཚང་མའི་སྦྱངས་འབྲས་ལྟ་བཤེར་བྱས་ནས་ང་ཚོ་ཡར་རྒྱས་ཕྱིན་མིན་ལ་བལྟས་པ་རེད་ཟེར་བ་ཐོས་བྱུང་། སྐབས་འགར་དགེ་རྒན་སློབ་གྲྭའི་སྒོ་ཁར་ལངས་ནས་སློབ་མའི་ལས་བྱ་ལྟ་བཤེར་བྱ་རྒྱུར་སྒུག་ནས་གནས་ཚུལ་ཆེས་གསར་པ་རྒྱུས་ལོན་བྱས་པ་རེད། ཁོང་ལྟར་དཀའ་ངལ་ལ་མ་འཛེམས་པ་དང་རྙོག་དྲ་ལ་མི་སྐྲག་པར་སློབ་མའི་འཚར་ལོངས་བྱུང་ཚུལ་ལ་རྗེས་དེད་ཐོ་འགོད་བྱས་ནས་རོགས་རམ་ཆེས་ཆེ་བར་བྱེད་པའི་དགེ་རྒན་ནི་ཧ་ལམ་མེད་ཅེས་ངས་དེ་ལྟར་བཤད་ཕོད། རྒྱུ་མཚན་འདིའི་རྐྱེན་གྱིས་ཡིན་ནའང་ཐང་། ང་ཚོས་ནམ་རྒྱུན་མདའ་ལྟར་དྲང་བའི་གོས་དང་དོར་མ་གྱོན་ཞིང་བྲང་འདོགས་ཆུ་ཚོད་བཏགས་པའི་མཐོ་རིམ་སློབ་མ་ཁ་ཤས་ཀྱང་ད་དུང་སློབ་གྲྭར་རྒྱུགས་ནས་མོ་རང་དང་ཁ་བརྡ་བྱེད་ས་འགྲོ་བཞིན་ཡོད་པ་མཐོང་བྱུང་།

        དེ་རིང་དགེ་རྒན་གྱིས་སློབ་མ་ཚོ་ཁྲིད་དེ་རི་མོའི་འགྲེམས་སྟོན་བལྟས་ཚར་རྗེས་ཐལ་བ་འཚུབ་འཚུབ་ཀྱིས་ང་རང་ལ་ལྟ་རུ་ཕེབས་པ་རེད། ཁྱོད་ཀྱིས་ཤེས་སམ། ང་རང་ལོ་རིམ་གཉིས་པའི་སྐབས་སུ་གཟའ་མིག་དམར་ཐུག་ཐེངས་རེར་དགེ་རྒན་དང་བསྡེབས་ནས་དངོས་མང་བཤམས་སྟོན་ཁང་དུ་སོང་བ་ཡིན། མོ་རང་གིས་སྣ་མིན་སྣ་ཚོགས་ཀྱི་སྒྱུ་རྩལ་བརྩམས་ཆོས་དེ་དག་ང་ཚོ་ལ་ཆུ་རྒྱུག་རྒྱུག་ལྟར་ངོ་སྤྲོད་བྱས་ཏེ་ང་ཚོར་བྱ་དངོས་དེ་བས་མང་པོར་གོ་རྟོགས་བྱུང་དུ་བཅུག་ནས་མིག་རྒྱང་འབྱེད་པ་རེད།

        ངས་དགེ་རྒན་སྔར་ལས་ཤ་རིད་དུ་སོང་བ་མཐོང་མོད། འོན་ཀྱང་སེམས་ཤུགས་ཧ་ཅང་བཟང་པོ་རེད། ལྷག་པར་དུ་སློབ་མ་དང་སློབ་ཁྲིད་སྐོར་གླེང་བའི་ཚེ་ཁོང་གི་སྤྱན་ཟུང་ནི་ནོར་བུ་ལས་འོད་འཕྲོས་པ་ལྟ་བུ་གྱུར་ཅིང་ཞལ་རས་ཐོག་ཏུ་ཡང་ཡིད་དབང་འཕྲོག་པའི་དམར་མདངས་ཤིག་ཆགས་ཀྱིན་འདུག

        ཨན་ལེ་ཁའོ། ངས་ཁྱོད་ཀྱི་ཉལ་ཁང་ལ་ལྟ་རུ་འགྲོ་ཆོག་གམ་ཞེས་དགེ་རྒན་ཡར་ལངས་ནས་རེ་བ་དེ་ལྟར་བཏོན་ཞིང་། ལོ་རིམ་གཉིས་པའི་དུས་སུ། ཁྱོད་རང་ན་ཚ་ཆེན་པོ་ཞིག་ཕོག་ནས་ཉིན་རྟག་པར་གཅེས་སུ་འོས་པའི་ཁྲེའུ་དེའི་ཐོག་ཏུ་ཉལ་ཏེ་ང་སྒུག་བཞིན་ཡོད་པ་ངས་ད་དུང་དྲན་གྱི་འདུག་ཅེས་ཟེར།

        རེད་ལགས། དགེ་རྒན། ཁྱེད་རང་ཉིན་རེ་བཞིན་ང་ལ་ལྟ་ས་ཡོང་ཞིང་ཟུར་ཁྲིད་བྱས་པས་མ་ཚད་ད་དུང་གསར་འགྱུར་ངོ་མཚར་ཅན་མང་པོ་བཤད་པ་རེད། ངས་ནམ་ཡང་སེམས་སུ་བཞག་ཡོད།

        ཉལ་ཁང་དུ་སོང་རྗེས་དགེ་རྒན་ཉལ་ཁྲིའི་འགྲམ་དུ་ལངས་ནས་ཅུང་ཙམ་བལྟས་རྗེས་ཚིག་གཅིག་ཀྱང་བཤད་མ་སོང་། དེར་ང་རང་ཡ་མཚན་ཆེན་པོ་སྐྱེས་བྱུང་།

        ད་ང་འགྲོ་དགོས། ང་ད་དུང་མ་ཨའེ་ཅང་གི་བུར་ལྟ་རུ་འགྲོ་དགོས། ཁོའི་ན་ཚ་ལྕི་ཞིང་སིབ་བི་ན་ནས་ཁྱིམ་དུ་ཉལ་ཡོད། དོ་ནུབ་ད་རུང་མི་བཅོས་མི་རུང་བའི་སྦྱོང་དེབ་ཚོམ་བུ་ཅིག་ཡོད། ཅེས་དགེ་རྒན་གྱིས་ཏིག་ཏིག་གང་ནས་ཡོད་པའི་ལག་བཟུང་ཁུག་མར་མཛུབ་མོ་བཙུགས་ནས་ང་ཚོར་སྐྱེལ་ཁ་མི་འཇུག དགོང་ཟས་སྔོན་དུ་ང་རང་ད་དུང་རྩག་རྩིག་ཚོང་ཁང་དུ་སོང་ནས་བུད་མེད་ཚོང་བདག་ལ་རྩིས་རིག་སློབ་པར་རོགས་རམ་བྱེད་དགོས་ཞེས་བཤད་པས། ཐབས་ཟད་ནས་ང་ཚོ་ཁྱིམ་མི་ཚང་མས་དགེ་རྒན་ལ་ལག་གཡུག་བྱས་ནས་སྐྱེལ་མ་བྱས་པ་ཡིན།

        ཁ་བྲལ་རན་པའི་ཚེ་དགེ་རྒན་ཁ་ཕྱིར་འཁོར་ནས་ང་ལ་སྐད་ངག་ཡང་མོས་ཨའེ་ལེ་ཁའོ། ཁྱོད་ཀྱིས་དགེ་རྒན་དགའ་འམ། ཞེས་དྲིས་ཤིང་མོ་རང་གི་སྐད་ཆའི་ནང་དུ་གཅེས་སེམས་དང་རེ་བས་ཁེངས་འདུག ཁྱོད་ཀྱིས་རང་རྐྱ་ཐུབ་པའི་སྒོ་ནས་དཀའ་ངལ་དང་དཀའ་གནད་སྣ་ཚོགས་ལ་ཁ་གཏད་བྱེད་ཐུབ་པའི་དུས་སུ་ད་དུང་ང་རང་སེམས་ནང་དྲན་སྲིད་ཀྱི་རེད་དམ།

        དགེ་རྒན། ངས་ནམ་ཡང་ཁྱེད་རང་བརྗེད་མི་སྲིད། ངའི་གྲེ་མིག་ཏུ་ཅི་ཞིག་གིས་བཙངས་སོང་བ་ལྟ་བུར་གྱུར། འབྱུང་འགྱུར་ང་རང་ཇི་ཙམ་ཆེན་པོར་ཆགས་ཤིང་ས་ཆ་གང་དུ་ཕྱིན་ན་ཡང་བརྩེ་བའི་དགེ་རྒན་ཁྱོད་རང་མཇལ་དུ་ཡོང་ངེས་ཤིང་། དུས་གཏན་དུ་ཁྱེད་ཀྱི་ཞབས་ནས་སློབ་སྦྱོང་བྱེད་པའི་དུས་ཚོད་བརྗེད་མི་སྲིད། ཁྱེད་ཀྱིས་ལས་ཀར་དེ་འདྲའི་ནན་ཏན་ཆེ་ཞིང་ནད་ཕོག་ཀྱང་སློབ་ཁྲིད་མ་ཚར་བར་དུ་མཐའ་འཁྱོངས་བྱས། ཁྱེད་ཀྱིས་སློབ་མར་དེ་འདྲའི་དགའ་ཞེན་ཆེ་ཞིང་སྦ་གསང་ཅུང་ཙམ་ཡང་མེད་པར་ང་ཚོ་འཚར་ལོངས་བྱུང་བར་གཅེས་སྐྱོང་བྱས། ཁྱེད་ཉིད་ཨ་མ་དང་འདྲ་བར་སྒེར་སེམས་མེད་པར་ང་ཚོར་བྱམས་སྐྱོང་བྱེད་ཅིང་ང་ཚོས་ནོར་འཁྲུལ་ཤོར་བས་སེམས་སྐྱོ་བ་དང་། ང་ཚོ་ཡར་རྒྱས་ཡོང་བས་དགའ་སྤྲོ་སྐྱེས་ཤིང་ང་ཚོའི་ཆེད་དུ་ཡོད་ཚད་བློས་གཏོང་བ་རེད། མཛའ་བརྩེ་ལྡན་པའི་དགེ་རྒན་ལགས། ངས་ཁྱེད་ཉིད་བརྗེད་ག་རུང་། དུས་ནམ་ཡང་ཁྱེད་ནི་ངའི་དགེ་རྒན་རེད་ལགས།

ང་ཚོ་དང་ཨ་མ་དབུལ་པོའི་སྡོད་ཁང་དུ་ཕྱིན་པ།

        ཟླ་བ་གསུམ་པའི་གནམ་ངོའི་རླུང་བུ་ད་དུང་གྲང་བསིལ་བསིལ་ཡིན་ཞིང་ཤ་ལྤགས་ལ་རེག་དུས་ན་ཟུག་ཅུང་ཟད་ལངས། ཁ་སང་ཕྱི་དྲོར། ཨ་མས་ང་དང་ཨ་ཅེ་ཞུའེ་ཨེར་ཝེ་ཁྲིད་ནས་ཚགས་པར་གྱི་ཐོག་ནས་རོགས་སྐྱོར་ཆ་འཕྲིན་བཏོན་པར་གཞིགས་ཏེ་དབུལ་ཕོངས་ཅན་གྱི་བུད་མེད་ཅིག་ལ་རས་དང་གོས་ཟས་སྐྱེལ་དུ་སོང་བ་ཡིན།

        ཐོག་ཁང་ཆེན་པོ་ཞིག་གི་ཐོག་ལ་འཛེགས་ཤིང་མུན་ནག་ཅན་གྱི་བར་ཁྱམས་རིང་པོ་ཞིག་བརྒྱུད་དེ་ང་ཚོ་ཁང་ཐོག་གི་ཁང་པ་ཆུང་ཆུང་ཞིག་གི་མདུན་དུ་བསླེབས། ཆེས་མཇུག་ཏུ་གནས་པའི་ཤིང་སྒོ་ལན་འགའ་བརྡུངས་པ་དང། སྐར་ཆ་ཁ་ཤས་བརྒལ་རྗེས་བཞིན་རས་སྐྱ་མདོག་ལྡན་པའི་བུད་མེད་ཅིག་གིས་ང་ཚོར་སྒོ་ཕྱེ་བྱུང་། མོ་རང་ལ་ཧ་ཅང་མཛེས་པའི་སྐྲ་ལོ་སེར་པོ་ཞིག་ཡོད་ལ་མགོ་བོར་མཐིང་མདོག་གི་མགོ་རས་རྙིང་པ་ཞིག་རྒྱག་འདུག ཡ་མཚན་པ་ལ། ངས་བཞིན་རས་འདི་ཧ་ཅང་ཆ་རྒྱུས་ཡོད་པ་ཞིག་ཡིན་པ་སྙམ་ཡང་གང་དུ་མཐོང་མྱོང་བ་བཤད་ཐུབ་ཀྱིན་མི་འདུག

        ཁྱོད་རང་ཚགས་པར་གྱི་ཐོག་ཏུ་བཤད་པའི་བུད་མེད་དེ་ཡིན་ནམ། ཨ་མས་དེ་ལྟར་དྲིས།

        ཡིན། ང་ཡིན། བུད་མེད་དེ་ཅུང་བྲེལ་འཚུབ་ལངས་ཤིང་། ལག་པ་གཉིས་ཅི་བྱ་གཏོལ་མེད་ངང་དམ་པོར་བཅངས་པ་དང་སྐད་ཆ་ཅུང་ཟད་འདར་བཞིན་འདུག

        ཁྱོད་ལ་དོགས་མི་བདེ་བ་བཟོས་སོང་། འདི་ནི་ང་ཚོའི་སེམས་པ་མཚོན་བྱེད་ཀྱི་ལག་སྐྱེས་ཆུང་ཆུང་ཞིག་ཡིན། ཁྱོད་ཀྱིས་ལེན་རོགས་ཞུ། ཞེས་ཨ་མས་འཛུམ་དམུལ་ལེར་བྱས་ནས་ལག་ཟུང་གིས་ཅ་ལག་ཕར་སྤྲད་པ་རེད། བུད་མེད་དེ་དགའ་སྤྲོ་ཆེན་པོ་སྐྱེས་ཤིང་ང་ཚོར་གུས་འདུད་བྱེད་ཞོར་དུ་བཀའ་དྲིན་ཆེ་ཞེས་ཟེར་བ་རེད།

        སྐབས་དེར་ངས་ཁང་པའི་ནང་དུ་ཕར་ཞིག་བལྟས་དུས། སྟོང་སངས་སངས་ཀྱི་ཁང་པའི་ཟུར་ཞིག་ན་ཕྲུ་གུ་ཞིག་གིས་སྒོར་རྒྱབ་གཏད་དེ་ཉལ་ཁྲིའི་ཐོག་ཁ་སྦུག་ནས་ཅི་ཞིག་བྱེད་ཀྱི་ཡོད་པ་འདྲ། ཟུར་དུ་དཔེ་དེབ་གང་དགར་བཞག་འདུག་ཅིང་ད་དུང་སྣག་ཚ་དམ་བེ་ཞིག་ཀྱང་འདུག ངས་བློས་དཔོག་མི་ཐུབ་པ་ཞིག་ནི་འདི་འདྲའི་མུན་ནག་གི་སྐར་ཆའི་འོག་ཏུ་ཡི་གེ་ཅི་འདྲ་འབྲི་དགོས་སམ། ཁྱད་མཚར་བའི་བསམ་པ་མགུ་བའི་ཆེད་དུ་ང་རང་ཅུང་ཟད་མདུན་དུ་བཅར་ནས་གསང་བ་གཏོར་འདོད་བྱས་པ་ཡིན།

        གློ་བུར་དུ་ངས་ཕྲུ་གུ་དེར་འཁྱིལ་སྐྲ་དམར་པོ་ཞིག་སྐྱེས་འདུག་ཅིང་གྱོན་གོས་ཧྲུལ་ཞིང་ཆེ་བ་དང་དཔུང་པ་ཅིག་ད་དུང་བྲང་ཁར་དཔྱངས་འདུག གནམ་སྔོན་མོ་མཁྱེན། འདི་ནི་སྔོ་ཚོད་འཚོང་མཁན་ཁྱིམ་ཚང་གི་ཁེ་ལའོ་ཞི་མ་རེད་དམ། ངས་ཨ་མའི་གོས་ཟུར་འཐེན་ཙམ་བྱས་ནས་ཁོང་གི་རྣ་རྩར་སྐད་ཆུང་ངུས་གནས་ཚུལ་ཆེན་པོ་འདི་བཤད་པ་ཡིན། སྐད་ཆུང་ངུར་གྱིས། ཁོས་འདི་ནི་སློབ་གྲོགས་ཀྱིས་རོགས་སྐྱོར་བྱེད་པ་ཡིན་པ་ཤེས་ཚེ་ངོ་ཚ་ངེས་རེད་ཅེས་ཨ་མས་སིར་བརྡ་ཞིག་བྱས་ནས་དེ་མ་ཐག་ངའི་བཤད་མཚམས་བཅད།

        སྐབས་དེར་ཁེ་ལའོ་ཞིས་ཁ་ཕྱིར་ཚ་འཁོར་ཞིག་བྱས་ནས་ང་ཚོར་མཐོང་སོང་། ང་རང་གློ་བུར་དུ་བྲེལ་འཚུབ་ལངས་བྱུང་། རེད་དེ་ཁེ་ལའོ་ཞིར་དོགས་མི་བདེ་བའི་སྣང་བ་གང་ཡང་མ་བྱུང་ཞིང་། ཁ་གདངས་ནས་དགོད་པ་རེད། ཨ་མས་ང་རང་དལ་བུར་འཕུར་ཙམ་བྱས་པས། ངར་དེ་མ་ཐག་དཔའ་སྐྱེས་ནས་ཕར་རྒྱུགས་ཏེ་ཁེ་ལའོ་ཞིར་འཐམ་པ་ཡིན། ངོ་མ་ཁྱད་མཚར་བ་ལ་ང་ཚོ་གནས་བབ་འདི་འདྲའི་འོག་ཏུ་ངོ་འཕྲད་དགོས་བྱུང་ཡང་ཕན་ཚུན་བར་ད་དུང་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས་ཀྱི་འདུག་གོ།

        ལོ་བདུན་རེད་སོང་། ཁོའི་ཨ་ཕ་ཡ་མེ་ལི་ཅར་སོང་བ་ནས་བཟུང་ང་རང་དང་ཁེ་ལའོ་ཞི་དང་ཕན་ཚུན་རྟེན་རེས་བྱས་ནས་འཚོ་ཐབས་བྱེད་པ་ཡིན། ཉེ་ཆར། ང་རང་རྒྱུན་དུ་ན་བའི་རྐྱེན་གྱིས་སྔོ་ཚལ་ཁུར་ནས་འཚོང་ས་འགྲོ་མ་ཐུབ་པས་འཚོ་བ་ཇེ་སྡུག་ནས་ཇེ་སྡུག་ཏུ་ཕྱིན་སོང་ཞེས་ཁེ་ལའོ་ཞིའི་ཨ་མས་སྐད་ཆ་དེ་དག་བཤད་ཞོར་དུ་བཟོད་བསྲན་མ་ཐུབ་ནས་སྐད་ཤུགས་ཆེན་པོས་ངུས་པ་རེད།

        རིན་ཐང་ཡོད་པའི་ཅ་ལག་ཐམས་ཅད་བསྒྱུར་འཚོང་བྱས་ནས་དཔེ་ཅོག་ཅིག་ཀྱང་བཞག་མེད། ད་ལྟར་སྒྲོན་མེ་སྦར་བྱེད་ཀྱི་སྣུམ་ཡང་འདང་གི་མེད། བལྟས་བལྟས་རིག་རིག་ལ་ཕྲུ་གུའི་མིག་མི་ལོ་བ་རེད་ཉེན་འདུག གལ་ཏེ་སྲིད་གཞུང་གིས་དཔེ་ཆ་དང་ཟིན་དེབ་བཅས་མཁོ་འདོན་མེད་པ་ཡིན་ན་ཕྲུ་གུ་ངོ་མ་སློབ་གྲྭ་ལའང་འགྲོ་ཐུབ་རྒྱུ་མ་རེད། སྙིང་རྗེ་བའི་ཕྲུ་གུ ཁོས་ཆེས་དགའ་བ་ནི་དཔེ་ཆ་བལྟ་རྒྱུ་དེ་རེད། ངས་ཕྲུ་གུར་བདེ་སྐྱིད་སྦྱིན་མི་ཐུབ་བས་ངོ་མ་ཨ་མ་གླེན་པ་ཞིག་རེད་ཨང་།

        སེམས་སྐྱོ་བའི་སྐད་ཆ་འདི་དག་ཉན་རྗེས་ཨ་མས་མིག་ཆུ་ཤོར་ནས་ཁུག་མའི་ནང་གི་དངུལ་ཆ་ཚང་བླངས་ཏེ་ཁེ་ལའོ་ཞིའི་ཨ་མའི་ལག་ཏུ་བཅུག་པ་དང་། དེ་ནས་ཁེ་ལའོ་ཞིའི་ཐོད་པར་འོ་ཞིག་བྱས་ནས་ངའི་བུ་ཕྲུག ཁྱོད་ལ་བཀྲ་ཤིས་སྨོན་འདུན་ཞུ་ཞེས་བཤད།

        ང་ཚོ་ཁེ་ལའོ་ཞིའི་ཁྱིམ་ནས་ཕྱིར་ལོག་རྗེས། ཨ་མའི་མིག་ཆུ་ད་དུང་ཆད་མེད་དུ་རྒྱུག་གིན་འདུག ཁོང་གི་བསམ་པ་ལྗིད་ཏིག་ཏིག་ཏུ་གྱུར་ཞིང་སྐད་གདངས་དམའ་ངུས་ང་རང་ལ་ཁྲིད་སྟོན་འདི་དག་གནང་བྱུང་། ཨན་ལེ་ཁའོ་ཡ། ཁྱོད་ཀྱིས་སྙིང་རྗེ་བའི་ཕྲུ་གུ་མཐོང་བ་མ་ཡིན་ནམ། ཁོ་ཚོའི་ཆ་རྐྱེན་ཇི་འདྲའི་སྡུག་པོ་རེད་ཨང་། ཡིན་ན་ཡང་ཁོས་ད་དུང་སློབ་སྦྱོང་བྱ་རྒྱུར་ཧ་ཅང་དགའ་བ་རེད། ཁྱོད་རང་ཡིན་ན་ཁྱིམ་དུ་གང་དགོས་དེ་ཡོད་ཡིན་ཡང་ད་དུང་སློབ་སྦྱོང་དཀའ་ཚེགས་ཆེན་པོ་འདུག་ཅེས་སྐད་ཅོར་རྒྱག་གི་འདུག སློབ་སྦྱོང་ཐོག་ལ་ཁོའི་ཉིན་གཅིག་གིས་འབད་བརྩོན་བྱ་རྒྱུ་དེ་ཁྱོད་རང་གིས་ལོ་གཅིག་འབད་བརྩོན་བྱེད་པ་ལས་ཀྱང་ད་དུང་མང་བ་རེད། འདི་འདྲའི་སྙིང་རུས་ཆེ་བའི་ཕྲུ་གུ་ལ་གཞི་ནས་གཟིགས་སྐྱོང་ཆེས་བཟང་པོ་ཐོབ་རི་ཡོད་པ་རེད།

མུ་མཐུད་དུ་འགོད་རྒྱུ།


རྩོམ་ཡིག་སྔོན་མ།
དགའ་གཅེས་སློབ་གསོ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1