ངའི་སེམས་ཀྱི་ཕ་ས་དྲོན་མོ་སྟེ། ཉི་མ་བླ་བྲང་།

ཙ་སུར་སྦྱིན་པ། (ཀན་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-26



མགོ་ཡི་དབུ་ཁྱུད།

ཕུན་ཚོགས་ལྔ་ལྡན་གྱིས་བཀླུབས་པའི་འཛམ་གླིང་གི་གཙུག་རྒྱན།།

བསིལ་རིའི་ཕྲེང་མཛེས་ཀྱིས་སྤུད་པའི་བོད་མི་ཡི་སྤྱི་ནོར།།

དགེ་མཚན་འོད་སྟོང་གིས་འབར་བའི་དག་ཞིང་གི་གནས་མཆོག།

དགེ་བཅུའི་དཔལ་ཡོན་གྱིས་ཕྱུག་པའི་ཤེས་རབ་ཀྱི་ཕ་ས།།


        དངུལ་དཀར་ཁ་བའི་མཆོད་རྟེན་གྱིས་ལེགས་པར་གཏམས་ཤིང་ཤེལ་དཀར་མུ་ཏིག་གི་ཕྲ་རྒྱན་མངོན་པར་མཛེས་ཤིང་བལྟ་ན་སྡུག་པའི་པད་དཀར་གྱི་ཚོམ་བུ་རེ་རེ། འདོད་ཡོན་གྱིས་རྟག་ཏུ་ཕྱུག་ཅིང་བཀྲ་ཤིས་ཕུན་ཚོགས་ཀྱི་དཔལ་འབར་བའི་ཧི་མ་ལའི་རི་བརྒྱུད་ན་འཚོ་ཞིང་གནས་པའི་ཕུན་ཚོགས་ཞིང་ཁམས་ཀྱི་གཙུག་ནོར་དམ་པ་སྟེ། ངའི་སྤྱི་གཙུག་ན་རྟག་ཏུ་ལྷམ་མེར་འགྱིང་ཞིང་ངའི་མདུན་ལྗོངས་ན་གཏན་དུ་མི་ནུབ་པའི་ཉི་མ་བླ་བྲང་། ནམ་ཡང་ངའི་སེམས་ཀྱི་ཟབ་ས་དང་སྙིང་གི་དཀྱིལ་དབུས་ཞིག་ནས། ཨ་མའི་ནུ་རིན་དང་ཨ་ཕའི་བློ་སྤོབས་ཀྱི་དོད་དུ་བཀྱགས་པའི་ལག་ཟས་འདི། ངའི་ཕ་ས་ཕ་ནོར་ཏེ་ཉི་མ་བླ་བྲང་ལ་ཕུལ་བའི་སེམས་ཀྱི་མཆོད་པ་དང་། ནམ་ཡང་སྐྱེ་དགུའི་དད་མོས་ཀྱི་སེམས་གཏིང་ན་དྲོད་ཀྱིས་ལྟེམ་མེར་འཁྱིལ་བའི་འཚོ་བཅུད་སྣུམ་པོ་སྟེ། ཉི་མ་བླ་བྲང་ཡིན།


        བོད་བྱང་ཕྱོགས་ཀྱི་ཉི་མ་བླ་བྲང་ལགས། ཁྱེད་ནི་འབྱུང་བཞིའི་རྣོ་དབལ་ལས་རྣམ་པར་རྒྱལ་ཞིང་། དབྱར་གྱི་མཛེས་སྡུག་གི་གོས་བཟང་གྱོན་ཏེ། འབྲས་ལྡན་སྣུམ་པོའི་རྒྱགས་ཕྱེ་ཡི་རིམ་གྲོ་ཁུར་ནས། དགུན་ཟླ་རིང་མོའི་གྲང་ངར་རྡོག་པས་གནོན་བཞིན།དཔྱིད་དཔལ་གྱི་ལེགས་སྐྱེས་གྱ་ནོམ་པ་ཞིག་བསུ་ཡོང་བའི་ཁྱོད། དུས་བཞི་དང་འབྱུང་བཞིའི་གོང་ཁ་ན་ནམ་ཡིན་ཡང་རྟག་བརྟན་དུ་འབར་ཞིང་ངམ་ཤུགས་ཀྱིས་འཚེར་བའི་ཉི་མ་བླ་བྲང་སྟེ། འཛམ་གླིང་གི་སྤྱི་གཙུག་ན་ཏོག་ལྟར་གཟི་བརྗིད་ཀྱིས་འགྱིང་ཞིང་བཅུ་ཕྲག་རིག་གནས་ཀྱི་གཏེར་མཛོད་དང་ཤེས་བྱ་ཡི་བང་མཛོད་ཆེན་མོ་སྟེ། ངའི་མ་ཡུམ་གྱི་སློབ་གླིང་ལགས། ཉི་མ་བླ་བྲང་། དེ་རིང་ནས་བཟུང་ངས་ཁྱེད་ཉིད་བདག་གི་དྲན་པ་ལས་གླེང་སློང་བྱེད་རྒྱུ་ཡིན་ལ། གླེང་རྒྱུ་ལས་བཤད་རྒྱུ་ཡིན། བཤད་རྒྱུ་དེ་ནམ་ཡིན་ཡང་གོམ་སྟབས་ལ་ཆས་ཏེ་བྲི་རྒྱུ་ཡིན། འདི་ནི་ངའི་དྭངས་གཙང་གི་དབུགས་རྒྱུན་དང་ལྷུ་ལག་གི་རུས་རྐང་འདི་ས་ལ་མ་འཐོར་བར་ཡར་ལ་འདེགས་འདོད་པའི་སེམས་གཤིས་ཀྱི་སྒྲ་དབྱངས་ངོ་མ་ཡིན།


        ༼བློ་བཟང་༽རྒྱལ་བསྟན་གྱིས་འགྲོ་བར་དབུགས་འབྱིན་མཛད་ཅིང་ལུང་དང་རྟོགས་པས་སྟོང་གསུམ་གྱི་ཁམས་ཆེན་པོ་འདིར་དཔྱོད་ཤེས་ཀྱི་མིག་དབང་གནང་བར་མ་ཟད། ད་དུང་གནས་ལུགས་ཀྱིས་འདྲ་མཉམ་དང་། དྲང་བདེན་གྱིས་རང་དབང་གསུངས་པའི་དྲི་མེད་རིང་ལུགས་ཀྱི་བདུད་རྩི་རྨ་མེད་པ་འདི་ཉིད། ཡུན་ནས་ཡུན་དང་བྱང་ནས་བྱང་དུ་དར་ཞིང་སྤེལ་བ་ལ་འགྲན་པའི་ཟླ་དང་བྲལ་ཞིང་། སྔོན་ནས་བཟུང་ཐུགས་བསྐྱེད་སྨོན་ལམ་བཟང་བོའི་བདེན་སྟོབས་ཀྱིས་འུ་ཅག་ལ་ལས་དང་སྐལ་བ་ཡག་ཅིང་། རྒྱལ་བའི་སྲས་ཀྱི་ཐུ་བོ་དྲི་མེད་གྲགས་པ་དཔལ་བཟང་བོས། བྱིན་གྱིས་བརླབས་ཤིང་བརྩེ་བས་སྐྱོང་བའི་མི་འགྱུར་ཆོས་ཀྱི་ཞིང་ཁམས་དགའ་ལྡན་བཤད་སྒྲུབ་དར་རྒྱས་གླིང་ངམ་མི་འཁྲུགས་རྒྱལ་བའི་གནས་མཆོག་དཔལ་ལྡན་བཀྲ་ཤིས་གཡས་སུ་འཁྱིལ་བའི་གླིང་སྟེ་བྱང་ཉི་མ་བླ་བྲང་ཞེས་པ་ཕྱིའི་བཀོད་པ་ཆོས་དུང་གཡང་གིས་ཕྱུག་ཅིང་ནང་སེམས་ཅན་སྐལ་ལྡན་བཅུད་ཀྱིས་གཏམས་པའི་དག་ཞིང་། འགྲོ་བ་དང་བ་འདྲེན་པའི་དམིགས་རྐྱེན་དང་འབྱོར་ལྡན་བསོད་ནམས་བསགས་པའི་ཞིང་ས། འགྲོ་བའི་མགོན་དང་མིག་གི་ལོངས་སྤྱོད་དུ་གྱུར་བ་འདི་བཞིན་ལགས་པས། འདི་ནི་ངའི་དུང་བ་ཡིད་ཀྱིས་བཙལ་ས་དང་བརྩེ་བ་སེམས་ཀྱིས་འཚོལ་སའི་ཤེས་རབ་ཀྱི་གཞིས་ཀ་ངོ་མ་སྟེ། འདི་ནི་བྱང་ཉི་མ་བླ་བྲང་གི་གནས་ཕུན་སུམ་ཚོགས་པ་མ་ཡིན་ནམ།


        ༼འཇིགས་མེད་༽ང་རོའི་གསུང་དབྱངས་ཀྱིས་བསྟུད་མར་བརྒྱུས་ཤིང་ཆོས་དུང་དཀར་པོའི་རང་མདངས་ཀྱིས་བཀྲག་འོད་རིང་དུ་འབར་བས། ཀུན་མཁྱེན་ཡབ་སྲས་ཉི་ཟླ་ལྟ་བུའི་ཟམ་མ་ཆད་མ་འགྱུར་བར་མུ་ནས་མུ་རུ་ལུང་དང་རྟོགས་པའི་རྒྱལ་བསྟན་རིན་པོ་ཆེ་འདི་ཉིད། འཛིན་སྐྱོང་སྤེལ་གསུམ་ལ་བློ་གྲོས་ཀྱི་སྤོབས་པ་མཆོག་ཏུ་ཡངས་ཤིང་དྲི་མེད་ལྷག་བསམ་གྱི་འཇུག་པ་རིང་དུ་རྡོལ་བའི་མཁས་དང་གྲུབ་པའི་དབང་ཕྱུག་མང་བོ་དང་། ཚུལ་གསུམ་གྱི་གཞི་གཙང་ཞིང་བསླབ་གསུམ་གྱི་རྒྱུད་དུལ་བའི་ཆོས་པ་གཤའ་མ། བྱམས་པས་ཐབས་ལ་མཁས་ཤིང་བརྩེ་བས་ཤེས་རབ་ལ་རྣོ་དབལ་ཆེ་བའི་མཛངས་མི་མང་བོ་དག་ད་ལྟའང་ད་དུང་འཛམ་གླིང་གི་མཁའ་དབྱིངས་ན་གྲགས་དཀར་ཀྱི་བ་དན་དགུང་དུ་བརྩེངས་ཤིང་། མཚན་སྙན་གྱི་སྒྲ་བརྒྱ་ཕྱོགས་བཅུར་ཁྱབ་པས་མར་གྱུར་མཐའ་དང་མཉམ་པའི་སེམས་ཅན་སྲིད་ཞིའི་ལམ་སྟོན་གྱི་སྒྲོན་མེ་ཚེ་འབར་གཅིག་པུ་དང་། འདི་ནི་རང་མི་རིགས་ཀྱི་རིགས་བརྒྱའི་གཏེར་མཛོད་དེ་ནམ་ཡིན་ཡང་མི་རིགས་མང་བོའི་མཁའ་ན་རྟག་ཏུ་འཚེར་བའི་མུ་ཏིག་འོད་ཆེན་དེ་ཅི་ལ་མིན། འདི་ནི་འཛམ་གླིང་སྤྱིའི་བསམ་འཕེལ་དབང་གི་རྒྱལ་བོ་སྟེ། འཁོར་བར་འགྲོ་བའི་སེམས་ཅན་ཡོད་དོ་ཅོག་གི་ཤེས་རབ་མིག་གི་རྣམ་དཔྱོད་ཀྱི་བློ་གྲོས་དང་། འཕྲལ་ཕུགས་ཀྱི་འཚོལ་སྙེག་གི་བདེ་བ་འཁེན་སའི་ཉི་མ་བླ་བྲང་གི་སྟོན་པ་ཕུན་སུམ་ཚོགས་མ་ཡིན་ནམ།


        ༼ཐུབ་བསྟན་༽གྱི་ཡང་སྙིང་མངོན་པར་གསལ་ཞིང་རྒྱལ་བསྟན་གྱི་བཤད་སྒྲུབ་དཔལ་གྱིས་ཕྱུག་པའི་བཅུ་ཕྲག་རིག་གནས་འདི་ཉིད། འཛིན་སྐྱོང་སྤེལ་གསུམ་ལ་གླིང་དྲུག་རྩལ་དྲུག་འཛོམས་པའི་སྨྲ་བའི་ཁྱུ་མཆོག་མང་བོ། ས་ཆེན་འདིའི་སྒལ་གཞུང་ན་འཛུམ་དྲུག་སྟག་མོའི་ཐིག་ལེ་འཕྱོ་ཞིང་། གངས་སེང་དཀར་མོའི་ངར་སྐད་སྒྲོག་པ།ཁྱུང་ཆེན་དམར་བོའི་གཤོག་རྩལ་ལྡིང་ཞིང་། གཡུ་འབྲུག་སྔོན་མོའི་སྒྲ་བརྒྱ་ལྡིར་བ། ཡ་གླིང་ནས་རིག་པའི་ལང་ཚོའི་དཔལ་རྒྱས་ཤིང་འཛམ་གླིང་ནས་ཆོས་སྲིད་གཉིས་ལྡན་གྱི་རྒྱ་ཧོར་སོག་གསུམ་གྱི་མི་རིགས་དང་མི་སུ་དང་གང་ཡིན་གྱིས། ཁྱེད་ཀྱི་སྔོན་བྱུང་གི་ཞབས་རྗེས་རེ་རེ་ནས་འཇིག་རྟེན་གྱི་རང་གཤིས་རྙེད་ཅིང་སྤྱི་ཚོགས་ལ་འཚོ་ལམ་གྱི་ཚེ་སྲོག་ངོ་མ་གནང་། དེ་བས་ཁྱེད་ནི་ཁམས་ཆེན་པོ་འདིའི་སྟེང་གི་མཐར་ཐུག་ཆོས་ཉིད་ཀྱི་རང་བཞིན་འཚོལ་མཁན་དང་། མུ་མཐའ་མེད་པའི་འགྲོ་བ་འདིའི་ཕུགས་དང་གཏན་གྱི་བདེ་བ་ཁོ་ནའི་ལམ་སྟོན་གྱི་སེམས་དཔའ་ཆེན་མོ་སྟེ་རྒྱལ་སྲས་རྣལ་མའི་གདུང་འཚོབ་དམ་པ། ཁྱེད་ཉིད་གཅིག་པུས་ཁུར་དུ་བླངས་ཤིང་གཙུག་ཏུ་བཀུར་བ་དེ་ཁྱེད་ཀྱི་བྱམས་བརྩེའི་ཤེས་རབ་ཀྱི་དོན་དང་གཞན་གཅེས་བྱང་ཆུབ་སེམས་དཔའི་སྤྱོད་བཟང་ཁོ་ན་མ་ཡིན་ནམ། འདི་ནི་བྱང་ཉི་མ་བླ་བྲང་གི་འཁོར་ཕུན་སུམ་ཚོགས་པ་ཅི་ལ་མིན།


        ༼ཆོས་ཀྱི་༽ཆར་བས་འགྲོ་དྲུག་ལ་མགོན་པོ་མཛད་ཅིང་སྲིད་དང་ཞི་བས་སེམས་ཅན་གྱི་སྡུག་བསྔལ་ཅི་ལྟར་སེལ་ཚུལ་གྱི་ལམ་སྟོན་ཡང་དག་ཅིག་འཛད་མེད་ཆུ་བོའི་རྒྱུན་བཞིན་ལྷུག་སྩོལ་གནང་བས། ང་ཚོའི་མི་ནག་དག་མི་སྐྱར་བསྒྱུར་ཞིང་། མི་སྐྱ་དག་སེར་མོའི་གཟུགས་འཆང་ལ་ངོ་སོ་ཡོད་པའི་རིག་གནས་ཀྱི་འདུ་ཤེས་འཛིན་སྟངས་སམ། མི་གཞི་དང་མི་གཤིས་ག་ལེར་ཇེ་ཡག་དང་ཇེ་བཟང་དུ་གཏོང་བར། ཁྱེད་མེད་ན་ཁྱིམ་ཚང་དང་སྡེ་བ། མི་རིགས་དང་རྒྱལ་ཁབ། འཛམ་གླིང་གི་སེམས་ཅན་ཡོད་དོ་ཅག་ལ་ཅིས་ཀྱང་གནས་ལུགས་དང་འདྲ་མཉམ་མེད་ལ། ཅིས་ཀྱང་མཉམ་མཐུན་དང་རང་དབང་ཞི་བདེ་ཟེར་བ་མིང་རྐྱང་ཙམ་ལས་མེད་འགྲོ་བར་དོགས་པས། ང་ཚོའི་མིའི་ཤ་ཚུགས་ལས་རིང་དུ་གྱེས་ཡོད་པ་མ་ཟད། མགོན་དགེ་བའི་བཤེས་གཉེན་རྣམ་པས་ཆོས་ཀྱི་བདུད་རྩི་ཆར་བས་ང་ཚོའི་སེམས་རྒྱུད་གྱོང་བོ་བུམ་པ་གང་བྱོའི་ཚུལ་གྱིས་བརླན་ཡོད་པ་གང་མང་མང་དག་ལས། རང་ནུས་ཅི་ལྕོགས་ཀྱིས་དྲིན་ལ་དྲིན་དུ་གོ་བར་དྲན་གསོ་རེ་ཅིས་ཀྱང་བྱ་དགོས་པར་རིགས་ལ། འདི་ནི་མིའི་རང་བཞིན་དང་རང་གཤིས་ལས་བསྐྱེད་དགོས་པའི་རྣམ་ཤེས་ངོ་མ་ཞིག་དང་ཕུང་བོའི་ཚོགས་པ་ལས་གྲུབ་པའི་འདུ་ཤེས་འཛིན་སྟངས་ཤིག་ཡིན་པས། ཅིས་ཀྱང་ཉི་མ་བླ་བྲང་གིས་གནང་བའི་བྱིན་རླབས་དང་འོད་སྣང་ལ་མཆོད་ཅིང་བཏེགས་པའི་བྱང་ཆུབ་འཆི་མེད་ཀྱི་བདུད་རྩིའི་གསུང་དབྱངས་དྲོན་མོ་ནི་ཆོས་ཕུན་སུམ་ཚོགས་པའི་ཟིལ་དངར་དང་འོད་སྣང་གི་རྔམ་བརྗིད་མ་ཡིན་ནམ།


    ཉི་མ༽འི་ཟེར་བརྒྱ་ལས་མུན་ནག་ལ་འོད་སྣང་སྒྲོན་ཅིང་ཤེས་རབ་མིག་དབང་ལས་བློ་གྲོས་ལ་སྤོབས་པ་སྩོལ་ནུས་པས། འདི་ནི་སྐྱེས་སྦྱངས་གཉིས་ལས་སྦྱངས་སྟོབས་དཔའ་ངར་གྱི་བརྩོན་འགྲུས་མཁོ་ཞིང་སྐྱེས་ཐོབ་ཡོན་ཏན་གྱིས་དབལ་བརྡར་ན། ད་གཟོད་མིང་དོན་མཚུངས་པའི་ཚད་མའི་སྐྱེས་བུ་ཟེར་བ་དེ་དལ་གྱིས་འགྲུབ་ཡོང་ལ།དུས་དང་མཐུན་པའི་དཔའ་བོ་ཟེར་བ་ཡང་ངང་ངམ་ཤུགས་ཀྱིས་ཐོན་ཡོང་བའང་ཞོར་དུ་ཤེས་དགོས་ལ། དེ་ལྟར་ཤེས་རབ་ཆེ་ཞིང་བློ་གྲོས་དང་ལྡན་ཚེ་ཁྱེད་ནི་བློ་རྒྱ་ཡངས་ལ་མཁས་མཛངས་ལྡན། དེ་དུས་མི་སུ་ཞིག་ཡིན་ཡང་རང་བཞིན་གྱིས་པད་མའི་ཚལ་ལ་བུང་བ་འཁོར་བ་བཞིན་ངང་གིས་ཁྱེད་ཕྱོགས་སུ་འདུ་བ་ནང་བཞིན། མགོན་པོ་ཁྱེད་ཀྱི་ཤེས་རབ་རྣམ་དཔྱོད་ལ་དཔལ་འབར་ཞིང་། བྱམས་བརྩེ་དང་ལྷག་བསམ་ལ་དྲི་མས་མ་སྦགས་པས་དེ་རིང་གི་ཉི་མ་དེ་ཁ་སང་གི་ཉི་མ་དང་སང་ཉིན་གྱི་ཉི་མ་དེ་ཡང་། བྱང་ཉི་མ་བླ་བྲང་གི་ཆོས་ཀྱི་ཉི་མ་ཡིན་པས། འདི་ནི་ཁྱེད་ཀྱིས་འགྲོ་བ་དང་མི་རིགས་ལ་གནང་བའི་ཆོས་ཀྱི་ཆར་བ་དང་འགྲོ་བའི་ཟས་མཆོག་སྟེ་ང་ཚོར་ཕྱི་གཙང་བ་ཤ་ཁྲག་པགས་གསུམ་དང་ནང་གཙང་བ་རུས་རྐང་ཁུ་གསུམ་གྱིས་གྲུབ་པའི་དལ་བ་བརྒྱད་དང་འབྱོར་བ་བཅུས་མཛེས་པར་ཕྱུག་པའི་བདེ་འགྲོ་མིའི་ལུས་རྟེན་འདི་བསྩལ་པ་ནི། ང་ཚོ་ཡི་དམ་རྡོ་རྗེ་འཇིགས་བྱེད་དང་ཀུན་མཁྱེན་ཡབ་སྲས་སོགས་མངོན་སུམ་མཇལ་ཞིང་འབྲེལ་ཐོགས་པས། གནམ་ལ་སྐར་མ་བཟང་བོས་མཁའ་ལ་བཀྲ་ཤིས་རྟགས་བརྒྱད་ཀྱི་དགེ་མཚན་འབར་ཞིང་ས་ལ་དུས་ཚོད་བཟང་བོས་ནོར་འཛིན་པད་མ་འདབ་བརྒྱད་ཀྱི་དགེ་བཅུ་ཚང་བའི་དུས་ཕུན་སུམ་ཚོགས་པ་ཅི་ལ་མིན།


        ཕན་པ་དང་ཞི་བའི་ལམ་བཟང་གི་ཡང་སྙིང་བྱམས་བརྩེ་རིག་གནས་ནི། འོད་ཀྱིས་ཕྱུག་ཅིང་དྭངས་ཤིང་གསལ་བ། དྲི་མ་མེད་ཅིང་ལུང་གིས་ཟིན་པ། ལྷག་བསམ་དང་ཐུགས་ཀྱིས་བསྐྱེད་པའི་ལྔ་བདོའི་སྙིགས་མར་གནས་པའི་གདུལ་བྱ་མིའི་བསམ་བློ་འཆོས་པར། བྱང་ཕྱོགས་ནས་བྱང་ཕྱོགས་རིམ་པར་བསྟན་ཞིང་དག་པའི་རྣམ་དཔྱོད་ཀྱི་ཤེས་རབ་རྣོ་ཁ་འབར་བའི་དུས་བབ་འདིའི་སྐྱིད་སྡུག་གི་སོ་ཁ་ན། ཕ་མ་ལྟ་བུའི་བྱམས་བརྩེ་དང་འདོད་འཇོ་འདྲ་བའི་ནོར་བུ་ནི། བློ་གྲོས་ཀྱི་དཔལ་གྱིས་འོད་འཚེར་ཞིང་གནས་ལུགས་ཀྱི་བདེན་པ་རིང་དུ་བརྡར་བའི་ཤེས་རབ་ཀྱི་བྱེད་པོ་སྟེ། རྐང་གཉིས་མིའི་རིགས་དབྱེ་འབྱེད་ནུས་ཤིང་དོན་གཉིས་ལས་ལ་མཐར་འཁྱོལ་བགྲོད་ཐུབ་ཤེས་པའི་བློ་ལྡན་དང་རྟོགས་སད་རྣམ་པས་སེམས་ཀྱིས་བཀུར་ཞིང་སྙིང་ནས་གཅེས་པའི་ཤེས་རབ་ཀྱི་སྒྲོན་སྟེགས་ཆེན་མོ་སྟེ། བྱང་གི་ཉི་མ་བླ་བྲང་། ཁྱེད་ནི་ངའི་ཕ་ས་ཕ་ཡུལ་ཏེ། འགྲོ་བའི་རང་དབང་ལ་ལམ་སྟོན་གནང་བའི་མུན་སེལ་ཤེས་རིག་གི་མར་མེ་ཚེ་འབར་དང་། མ་རིག་མི་ཤེས་པའི་རྨོངས་པ་བསལ་བའི་ཡིད་བཞིན་གྱི་ནོར་བུ་མེ་འབར་ཡིན།


        ནམ་ཡང་ཡལ་མི་སྲིད་པའི་འོད་ཀྱི་གོང་བུ་བཞིན། དུས་རླུང་དང་ན་བུན་ཇི་ལྟར་འཚུབ་ཀྱང་། འགྱུར་མེད་དང་འཛད་མེད་ངང་ད་དུང་ཡང་ཁ་བའི་འབབ་ཕྱོགས་དང་རླུང་བུ་གཡུགས་ཕྱོགས་ཀྱི་བར་གསེང་ན། འཛམ་གླིང་གི་མིག་ཟུང་ཡངས་པོར་ཕྱེ་ཞིང་གངས་ཅན་པའི་དབུ་འཕང་དགུང་ལ་བསྟོད་པའི་ལམ་བཟང་གི་འཚོ་ལམ་གསར་བ་དེ། ཕྱོགས་མེད་རུས་སུ་མ་ཆད་པར་ཨ་མའི་བྱམས་བརྩེའི་རིག་གནས་ལས་འཛམ་གླིང་ལ་ཞི་བདེ་འབྱུང་ཞིང་མི་རིགས་ལ་མཐུན་སྒྲིལ་འཇོན་ནུས་ཡོད་པས། ཁྱེད་ཀྱི་ཐུགས་རྒྱུད་ལས་འཁྲུངས་པའི་ཤེས་རབ་ཀྱི་རིག་གནས་དང་བྱམས་བརྩེ་ལས་གནང་བའི་གཟི་བྱིན་གྱིས། ང་ཚོའི་རིག་གནས་ཀྱི་འཕེལ་ཁ་དང་ཀུན་སྤྱོད་ཀྱི་མིག་དཔེ་ཡག་པོ་དེར་ཁྱེད་ཀྱི་ལྷག་བསམ་གྱིས་བསྐྲུན་ཞིང་ཁྱེད་ཀྱི་མཛད་འཕྲིན་གྱིས་བསྩལ་བ་ཡིན་པ་སྨྲས་མ་དགོས་ལ། ད་དུང་ཡང་ཁྱེད་ཀྱི་ཐུ་འོག་ན་རྩེན་ཞིང་པང་ཁུང་ན་མུ་ནས་མུ་རུ་དགའ་བདེ་ལ་རོལ་བའི་ང་ཚོའི་ཕ་ས་ཕ་ཡུལ་ཏེ། ཉི་མ་བླ་བྲང་། ཁྱེད་ནི་སྲོག་ལྡན་སྐྱེ་འགྲོ་ཡོངས་ཀྱི་མིག་དབང་འཕྲོག་ས་དང་དད་ལྡན་མི་མང་མང་ཚོགས་ཀྱི་རེ་སྨོན་ཞུ་ས་ཡིན།

༡༠

        སྔོ་ལྗང་དང་གསེར་མདོག་གི་ཚོས་ཀྱིས་བྱུགས་པའི་དུས་ཀྱི་ངོ་སོའི་འཛུམ་བག་གི་མཛེས་སྡུག་རེ་རེ་དང་། སྒང་པ་བོད་མིའི་ལག་འགུལ་རྐང་བགྲོད་ཀྱི་རོང་འབྲོག་གི་འཚོ་བའི་ཕུགས་འདུན་རེ་རེ་བར་ན། ཁྱེད་ཀྱིས་གཟུགས་ཡོད་གཟུགས་མེད་ཀྱི་སེམས་ཁམས་ལྷོད་ཀྱིས་བཀུག་ཅིང་ཇི་ལྟར་རྐང་འཇབ་ལག་འཇབ་བྱེད་ན། དེ་བས་ཀྱང་ཡིད་ཀྱི་དུང་བ་དབང་མེད་འཕྲོག་པའི་ཐབས་དང་ཤེས་རབ་ཀྱིས་རྒྱུད་ཕྱུག་ཅིང་སྟོབས་དང་དཔལ་འབྱོར་ལ་མངའ་བརྙེས་པའི་བྱམས་བརྩེ་དང་མཛེས་པ་འདི་ཇི་ལྟར་ལྡན། ཁྱེད་ཀྱི་དཔའ་སྤོབས་དང་བློ་གྲོས་ཀྱིས་འཛམ་གླིང་དང་ཡང་སྒོས་བོད་མིའི་བརྩེ་འཛུམ་རྣལ་མར་གཞན་མིས་འགྲམ་ཆུ་གཤའ་མར་ལྡང་བའི་ཁྱེད་ཀྱི་བྱིན་རླབས་ཀྱི་ཚན་ཁ། འཕགས་ཡུལ་ནས་ཆས་ཤིང་བོད་ཡུལ་ནས་དར་བའི་ཤེས་རབ་ཀྱི་དར་ཆ་མཐོན་པོ་དེ། ཁྱེད་ཀྱི་ལྷག་བསམ་དྭངས་མས་ཚེ་སྲོག་སྐྲུན་ཞིང་བློ་གྲོས་བཟང་བོས་ལུས་སྟོབས་གསོ་བཞིན་པའི་དེ་རིང་། ངའི་སེམས་ཀྱི་གཏིང་དང་ཡིད་ཀྱི་མཐིལ་ནས་འོད་དུ་འཚེར་ཞིང་གཏན་དུ་འབར་བའི་ཉི་མ་བླ་བྲང་སྟེ། ཁྱེད་ནི་ནམ་ཡིན་ཡང་སྐྱེ་འགྲོ་སེམས་ཅན་ཡོངས་ཀྱི་ལུས་ཀྱི་ན་ཚ་དང་སེམས་ཀྱི་སྡུག་བསྔལ་སེལ་ས་གཅིག་པུ་ཡིན།

༡༡

        ནང་སེམས་ཀྱི་གཤིས་ལུགས་སྟོན་པའི་ཆོས་ཀྱི་གཞི་གཅིག་ལམ་གཉིས་དང་། ལས་གཉིས་འབྲས་གཉིས་ཀྱི་དྭངས་གཙང་ཡན་ལག་བརྒྱད་ལྡན་གྱི་ཆུ་བོ། གང་ལ་གང་འདུལ་དང་ཅི་ལ་ཅི་འདོད་ཀྱི་བདེ་དགུའི་དངོས་གྲུབ་འབད་མེད་ལྷུག་པོར་འཇོ་བའི་ཕུན་ཚོགས་ཀྱི་གཡང་གི་ར་བ་འདིར། མི་རིགས་མང་བོ་དང་ཁྱད་པར་དུ་དགེ་འདུན་འདུས་པ་རྒྱ་མཚོའི་ཆོས་སྡེ་ཆེན་པོ་དང་། མི་རིགས་གྲངས་མེད་མ་བོས་མགྲོན་པོ་བཞིན་རང་བདེ་གཞན་སྐྱིད་འཚོལ་བའི་ཡོ་ལོང་གི་འདུ་འགོད་ཆེ་ས། ཀུན་མཁྱེན་ཡབ་སྲས་དང་མཚན་ལྡན་བཤེས་གཉེན་མང་བོས་མཐུ་བྱིན་གྱིས་ཡ་རབས་སྤྱོད་བཟང་གི་མི་གཤིས་ལ་བྱམས་བརྩེ་ཉི་མའི་དྲོད་ཁོལ་འཁྱིལ་ས། རང་མི་རིགས་ཀྱི་བློ་དང་གྲོས་ཀྱིས་བཞེངས་པའི་སྲོལ་རྒྱུན་རིག་གནས་ལ་ཐུན་མིན་གྱི་ཚན་ཁ་འབར་བའི་འོད་ལྔའི་གུར་ཁྱིམ་ལ། དུས་རབས་ཀྱིས་བྱིན་པའི་མཁའ་དབུགས་དང་དེང་རབས་ཀྱིས་སྤྲད་པའི་ཐོལ་བརྒལ་འདིས། ཁྱེད་ཉིད་ཕྱི་ནང་གསང་གསུམ་གྱི་མཛད་རྗེས་ནི་འབྱུང་བཞིའི་གོང་ཁ་ན་ཉི་ཟླ་སྐར་གསུམ་ལྟར་བཀྲག་མདངས་ཆེ་བའི་འོད་ཀྱི་གོང་བུ་ཞིག་སྟེ། ནམ་ཡིན་ཡང་རྟག་བརྟན་དང་འཇིགས་པ་བྲལ་བའི་ནང་སེམས་ཀྱི་བདེ་སྐྱིད་འཚོལ་ས་དང་། རྨོངས་མུན་དང་ཉོན་མོངས་ཀྱི་མགོན་དུ་འཚེར་བའི་རྟག་བརྟན་གྱི་ཤེས་རབ་ཚེ་འབར་ཏེ། ཁྱེད་ནི་ངའི་སེམས་ཁོང་ན་དྲོད་ཀྱིས་འཁྱིལ་བའི་ཉི་མ་བླ་བྲང་ཡིན།

༡༢

        གླིང་འདི་མི་ལོ་སུམ་བརྒྱའི་ཡར་སྔོན་ཞིག་ལ་སྐྱེས་ཆེན་གང་གིས་ཕན་དང་བདེ་བའི་འབྱུང་གནས་དམ་པ། འཛམ་བུ་གླིང་གི་འགྲོ་བ་ཡོད་དོ་ཅག་གི་སྤྱི་ནོར། དེང་སྐབས་ནང་པ་སངས་རྒྱས་པའི་གཏེར་དུ་གྱུར་བའི་འདོད་དགུའི་དཔག་བསམ་གྱི་འཁྲི་ཤིང་ཆེན་མོ། མི་རིགས་དང་ཆོས་ལུགས། རིག་གནས་དང་ཚན་རྩལ་སོགས་སྣ་མང་རང་བཞིན་གྱི་སྒུལ་ཤུགས་བར་ནས་སྐུ་འཁྲུངས་ཤིང་། ཁྱེད་འཁྲུངས་པ་ནས་བཟུང་ང་ཚོའི་ཤེས་རིག་གི་ལྡིང་ཁང་འདིར་སྔ་ན་མེད་པའི་བཀྲ་ཤིས་གསེར་ཟམ་ཞིག་གི་དབུ་ཁྱུད་བྲིས་ཤིང་། མི་རིགས་བྱེ་བའི་མཉམ་མཐུན་གྱི་སྟོབས་ཤུགས་དང་ཀུན་མཁྱེན་བླ་མས་ཐུགས་སྨོན་གྱི་དགོངས་བཞེད་ལས་བསྐྱེད་པའི་ཐུན་མོང་གི་ལོངས་སྤྱོད་ཅིག་ཅིས་ལ་མིན། དེ་བས་ཁྱེད་ཉིད་ཡོད་པ་ནས་བཟུང་བསམ་བློ་སྣ་མང་དང་ཕྱོགས་འདུས་སྣ་མང་གི་སྐྱ་སེར་མང་བོ་མཚོ་ལ་ངང་མོ་ཆགས་པ་དང་། ཕྱོགས་གཅིག་སྤྲིན་ཕུང་འདུས་པ་བཞིན་མདོ་སྔགས་གཞུང་ལུགས་སོགས། གང་ལ་སློབ་གཉེར་བྱ་འདོད་པ་དག་གིས་ཡིད་ལ་སྨོན་པ་ཇི་ལྟ་བ་དེ་བཞིན་དུ་འགྲུབ་ཡོང་བའི་དགོས་འདོད་ཡིད་བཞིན་ནོར་བུ་ལྟ་བུའི་ཤེས་པའི་ཤེས་རབ་ལ་སྣང་བའི་རྣོ་དབལ་ལྡུད་པའི་སློབ་གླིང་འདི། ཁྱེད་ཀྱི་དོན་དང་ང་ཡི་སླད་དུ་རླབས་ཆེན་གྱི་བྱ་བཞག་ལ་ཧུར་ཐག་རྦད་ཆོད་བྱེད་ཀྱིན་པའི་ཤ་དར་ཁྲག་དར་གྱི་རྒྱལ་སྲས་གཞོན་ནུ་དེ་མིན་ནམ།

༡༣

        བགྲང་བྱ་དང་མི་ལོ་མང་བོར་འདི་ལྟར་དལ་བ་དལ་བུས་རྐང་འཇབ་ལག་འཇབ་ཀྱི་ལྟེམ་ཁུག་བར་ནས། མདུན་ནས་མདུན་དུ་སྐྱོད་ཅིང་རྒྱང་ནས་རྒྱང་ལ་ཆས་པའི་འགྱིང་བག་གི་བཞུད་སྟངས་རེ་རེ་ནི། སེར་སྐྱ་རིས་སུ་མ་ཆད་པའི་རིགས་སྨྲ་ཁྱུ་མཆོག་གི་མགོན་དགེ་བའི་བཤེས་གཉེན་དམ་པ་རྣམ་པས། བཅོས་མ་དང་ལྷད་མ་མིན་པར་ལྷག་བསམ་དང་བློ་སྤོབས། གནས་ལུགས་དང་ཐབས་མཁས་ཀྱིས་བསྐྲུན་སོང་བའི་སྒོ་མང་དེས། ཤ་ཚུགས་ཅན་གྱི་མི་དག་སྒེར་ལངས་ཀྱི་རང་ཚུགས་དང་ཤེས་རབ་ཀྱི་སྒམ་བརླིང་ལྡན་ཞིང་མི་གཤིས་ཡ་རབས་སྤྱོད་བཟང་གིས་མཛེས་པར་བརྒྱན་པའི་ཤེས་ལྡན་པ་མང་པོ་མང་པོ་ཞིག་དང་། ད་དུང་རང་ས་རང་ཡུལ་གྱི་གངས་རིའི་ནང་རོལ་ན་འཚོ་ཞིང་བཞེས་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རྣམ་དཔྱོད་ཅན་མང་པོ་ཞིག་གི་བློ་སྒོ་འབྱེད་པར་ངལ་མེད་ཕོངས་མེད་ངང་། ཡང་དག་དམ་ཆོས་ཀྱི་ཆར་བ་འཛད་མེད་ཆུ་བོའི་རྒྱུན་བཞིན་འཇོ་བས། ཁྱེད་ཉིད་ཀྱིས་བསྐྱངས་ཤིང་ཞལ་གྱིས་བསུས་པའི་བུ་རྒོད་རྣམས། གང་ན་ཡོད་ཀྱང་གང་དུ་གནས་ཀྱང་སྤྱི་ཚོགས་ཀྱི་ངོ་བོ་ཇེ་བཟང་དང་མི་དམངས་ཀྱི་བསམ་པ་ཡར་རྒྱས་བྱུང་དང་འབྱུང་བཞིན་པ་ནི། ཁྱེད་ཀྱིས་གནང་བའི་མཐུ་བྱིན་དང་གནས་ལུགས་ཀྱིས་དྲངས་པའི་ལས་དང་ལམ་གྱི་དངོས་བྱུང་གི་འཚོ་བ་ངོ་མ་དེ་མིན་ནམ།

༡༤

        སུམ་ཅུ་རྩ་གསུམ་གྱི་ལྷ་དབང་ཡིན་ཡང་མིག་ཟུང་གི་ཕོན་པོར་ཧར་གྱིས་བགྲད་ཅིང་མ་ཕམ་གཡུ་མཚོའི་ཀླུ་རྒྱལ་ཡིན་ཡང་ཕྱག་ཟུང་གིས་ནོར་བུ་མགོ་ལ་བཀྱགས་ཏེ་གུས་མཆོད་བྱེད་པར་མ་ཟད། ཁྱེད་ཀྱི་ལང་ཚོའི་འཇོ་སྒེག་དང་ཟིལ་དངར་གྱིས་སུ་དང་གང་ཞིག་ཡིན་ཡང་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་ཅིང་དགའ་དད་སྤྲོ་གསུམ་གྱིས་མངོན་པར་དུང་ཞིང་བརྩེ་བས། ཁྱེད་ཀྱི་བརྩེ་བའི་ཤེས་རབ་ནི་འདོད་ཁམས་ཀྱི་འཇིག་རྟེན་འདིའི་སྒལ་གཞོང་ན་ལྷའི་དབང་པོ་ལྟར་གཟི་བརྗིད་དང་གར་སྟབས་ཀྱིས་འགྱིང་ཡོད་ལ། ཀླུའི་རྒྱལ་པོ་བཞིན་དཔལ་ཡོན་དང་རིན་ཆེན་གྱིས་གཏན་དུ་ཕྱུག་པོར་གྱུར་ཡོད་ལགས། འདི་ནི་གནམ་གྱི་ཆར་བ་བཞིན་མཁའ་ནས་བབས་པ་ཞིག་མིན་ལ་ནགས་ཀྱི་ཤ་མོང་བཞིན་ས་ནས་སྐྱེས་པ་ཞིག་དེ་བས་ཀྱང་མིན། འདི་ནི་མདོ་སྨད་བསྟན་པའི་བདག་པོ་ཀུན་མཁྱེན་ཡབ་སྲས་ཀྱི་ཐུགས་སྨོན་དང་། ཡོངས་ཀྱི་དགེ་བའི་བཤེས་གཉེན་རྣམ་པའི་བཀའ་དྲིན།བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་དག་གི་སྙིང་སྟོབས་དང་ངལ་མེད་ཧུར་བརྩོན་གྱི་འབྲས་རྟགས་ཡིན་ལ། ཁོང་རྣམ་པའི་ཤེས་རབ་དང་ལྷག་བསམ་ལས་འཁྲུངས་པའི་ཐུགས་རྗེ་དང་བྱིན་རླབས་ངོ་མ་ཅི་ལ་མིན།

༡༥

        འཁོར་བར་འཁོར་བའི་ཤེས་ཉོན་གྱི་སྒྲིབ་པ་དག་ག་ལེར་ག་ལེར་ཤེས་རབ་ཀྱི་མིག་དབང་སྒྲོན་དུས། བསྟན་པའི་འབྱུང་གནས་གཅིག་པུ་སྟེ་བྱང་ཉི་མ་བླ་བྲང་གི་དུང་དཀར་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་དབྱིངས་མཐོན་པོར། ཐར་བ་རྩེ་དང་མན་བརྡལ་ཀླད་སོགས་ནས་གཙང་པོ་བཞིན་རིམ་གྱིས་མཆེད་ཅིང་ཁད་ཀྱིས་དཀྲོགས་པའི་ཆོས་སྒྲ་ཆེན་པོ། དེ་རིང་ཐོལ་གྱིས་བྱུང་བ་ཞིག་མ་ཡིན་པར་མི་རིགས་ཤིག་གི་གློ་སྙིང་མཆིན་གསུམ་ན་མཆིས་ཤིང་ཚེ་སྲོག་དབུགས་གསུམ་ན་རྒྱུ་བའི་དྲི་མེད་ཀྱི་རུས་རྐང་སྣུམ་པོ་དེ། ཁྱེད་ནི་ང་ཚོའི་མགོ་ལུས་བར་གསུམ་ན་དུས་གཏན་དུ་འཁོར་ཞིང་གནས་ལ། སྟོང་གསུམ་འཇིག་རྟེན་གྱི་ཁམས་ཆེན་པོ་འདིའི་རུམ་ཁ་ནས་གཉོམ་དུང་དུང་གིས་སྐྱོང་བའི་མི་རིགས་དང་། སེམས་ཅན་སྲིད་ཞིའི་འཇིགས་པ་ལས་སྒྲོལ་བའི་རིན་ཆེན་གཏེར་གྱི་ཡང་སྙིང་ཆེན་མོ། མ་འོངས་རྒྱལ་བསྟན་གྱི་བསྟན་པའི་གདུགས་དཀར་འདེགས་བྱེད་ཀྱི་ཡང་བྱིན་གསེར་གྱི་ཀ་བ་ཆེན་མོ་སྟེ། ཁྱེད་ནི་ཁམས་ཆེན་པོའི་ངན་འགྲོའི་སྡུག་བསྔལ་སྐྱོབ་བྱེད་ཀྱི་དཔྱངས་ཐག་རིང་མོ་དང་བདེ་འགྲོའི་སེམས་སྐྱིད་ལྡན་བྱེད་ཀྱི་མཆོག་དང་ཐུན་མོང་གི་དངོས་གྲུབ་བཙལ་ས་ཡིན།

༡༦

        ལོ་རྒྱུས་ཤིག་གི་བདེན་མཐའ་ལ་དཔང་ཐེལ་བཀོད་ཅིང་རིག་གནས་ཤིག་གི་མདུན་ལྗོངས་ལ་གསེར་འོད་སྣོན་པའི་སེམས་ཅན་ཀུན་གྱི་ལམ་སྟོན་ཏེ་ཤེས་རབ་ཀྱི་སྒྲོན་མེ་ལགས། སྐྱེ་དགུའི་ཡིད་དབང་གི་བརྟན་པ་དབང་མེད་དུ་འཕྲོག་ཅིང་འཛད་མཐའ་དང་ཟད་མཐའ་བྲལ་བའི་མིག་གི་དགའ་སྟོན་དང་སེམས་ཀྱི་ལོངས་སྤྱོད་དུ་སྨིན་པ་ནི། ས་གནམ་དང་བར་སྣང་གིས་འགེངས་པར་དབེན་ཞིང་ཚན་རིག་དང་ཚན་རྩལ་གྱིས་དཔག་པར་དཀའ་བའི་ཚད་མེད་ཀྱི་སྐྱེས་བུ་གཅིག་གིས་བརྟོལ་ཅིང་། ཡང་སྙིང་དགེ་ལྡན་བསྟན་པའི་སྲོལ་འབྱེད་ཆེན་མོ་སྟེ་གངས་ལྷའི་བརྩེ་འཛུམ་གྱིས་གཏམས་པའི་ཕྱི་ནང་གི་ལམ་བཟང་ཡངས་པོར། བརྟན་གཡོའི་སྒལ་གཞུང་ནས་མི་མཉམ་མི་འགྲིབ་པར་ང་དང་ཁྱེད་ཚོའི་སྡུག་བསྔལ་ལས་ཐར་བྱེད་དང་འཁོར་བ་ལས་ཐར་བར་བྱེད་པའི་ཐར་བ་དོན་གཉེར་གྱི་མིའི་རིགས་ཀྱི་ཞི་བདེའི་སྤྱི་ནོར་འཛོམས་པོ་འདི། ལས་སྐལ་དུ་སྨིན་པ་ནི་སྟོང་གསུམ་ས་གཞི་གསེར་གྱིས་བཀང་ཡང་གཞལ་མི་ཐུབ་ཅིང་ཚབ་མི་ཐུབ་པའི་ཉི་ཟླའི་རྣ་ཆ་སྟེ། ཆོས་ཀྱི་ཉི་མས་གསོས་དང་གསོ་བཞིན་པའི་ཉི་མ་བླ་བྲང་སྟེ་བྱང་ཉི་མ་བླ་བྲང་རེད།

༡༧

        བཀའ་བསྟན་དང་མདོ་རྒྱུད་ཀྱིས་ཕྱུག་པའི་རིག་གནས་ཀྱི་བང་མཛོད། མཛེས་སྡུག་དང་དགེ་མཚན་གྱིས་འབར་བའི་ཤེས་རིག་གི་ཞིང་ཁམས། འཛམ་གླིང་གི་ཆེས་མཐའ་མཇུག་གི་ཤེས་རབ་གསེར་གྱི་དག་ཞིང་ངོ་མ་སྟེ། རླབས་ཆེ་ཞིང་ཕུན་ཚོགས་དཔལ་ཡོན་གྱིས་གཏམས་པའི་ཁ་བ་གངས་ཅན་ལྗོངས་ཀྱི་སེམས་ནང་གི་ཉི་ཟླ་ཁ་སྤྲོད་ལྟ་བུའི་རྒྱལ་བ་པཎ་ཆེན་དང་། ཀུན་མཁྱེན་ཡབ་སྲས་སོགས་བྱང་ཆུབ་སེམས་དཔའི་སྤྲུལ་པ་རྒྱུན་མི་ཆད་པར་བྱུང་དང་འབྱུང་བཞིན་པའི་ཆེས་མཛེས་སྡུག་གིས་སྒེག་པའི་དག་ཞིང་གི་གནས་མཆོག་དམ་པ་ལགས། ཁྱེད་ནི་སེམས་ཀྱིས་མཆོད་དབྱངས་འདེགས་སའི་དངོས་གྲུབ་ཞུ་ས་དང་གཡང་ར་སྒོ་བཞིའི་ཕྱྭ་གཡང་འཁྱིལ་ས་ཡིན། ཁྱེད་ནི་ཡིད་དུ་འོང་ཞིང་ལྟ་ན་སྡུག་པ། བྱིན་རླབས་ལྡན་ཞིང་འཇོན་ཐང་མངའ་བ། དགེ་མཚན་ཆེ་ཞིང་ཁྱད་ཆོས་འབར་བས། སྐྱེ་རྒུའི་མིག་དབང་འཕྲོག་ཅིང་འགྲོ་བའི་སེམས་དབང་འགུགས་པ་ནི། ངའི་སེམས་ཀྱི་ཟབ་སར་སིམ་པའི་བྱང་ཉི་མ་བླ་བྲང་སྟེ། བཀྲ་ཤིས་ཤིང་འོད་དུ་འཁྱིལ་བའི་གནས་མཆོག་དམ་པ་སྟེ། ཨ་མདོ་བཀྲ་ཤིས་སྒོ་མང་མ་ཡིན་ནམ།

༡༨

        འཚེ་མེད་དང་ཞི་བདེ་ཡི་མི་གཤིས་རྣལ་མའི་བརྩེ་སེམས་ཀྱི་དོན་དང་། སྤྱི་ཚོགས་དང་མང་ཚོགས་ཀྱི་རེ་སྨོན་མངོན་པའི་འཆམ་མཐུན་གྱི་སླད་དུ། དགའ་སྣང་དང་སྤྲོ་སྐྱིད་ཀྱི་རང་སེམས་གསོ་བའི་ཕུ་ནུ་ཚོའི་ཆེད་དུ། འཛམ་གླིང་གི་རྒྱ་ཕིབས་སུ་གཞིས་ཆགས་ཤིང་ཤེས་རིག་གི་ཆུ་གཏེར་གྱིས་འགྲོ་བ་སེམས་ཅན་གྱི་དབུགས་རྒྱུན་གསོས་དང་གསོ་བཞིན་པའི་ཤེས་རབ་ཀྱི་གཞིས་ཀ་སྟེ། བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོ། ལུང་དང་རྟོགས་པའི་བཤད་སྒྲུབ་གདུགས་དཀར་གྱི་བསྟན་པའི་སྲོག་ཤིང་ཆེན་མོ། ནམ་ཡང་རྟག་བརྟན་དུ་འབར་བའི་ཤེས་རབ་ཀྱི་འོད་ཕུང་ངོ་མ་སྟེ། ངའི་ཤེས་པ་ལ་རྒྱགས་ཕྱེ་བསྩལ་ཅིང་མདུན་ལམ་ལ་འོད་སྣང་བྱིན་པའི་མ་ཡུམ་སློབ་གྲྭ་སྟེ། བྱང་ཉི་མ་བླ་བྲང་། ཤར་དང་ནུབ། རྒྱལ་ཁབ་དང་མི་རིགས་གང་དང་སུ་ཡིན་ཡང་དད་པའི་སྤུ་ལོང་དབང་མེད་དུ་གཡོ་བ་ནི། ཁྱེད་ཀྱི་གཏིང་མཐའ་བྲལ་བའི་བྱམས་བརྩེ་དང་རླབས་ཆེ་བའི་ཐུགས་བསྐྱེད་ཀྱིས་བདག་གིར་བཞེས་པའི་སྨོན་ལམ་གྱི་བདེན་ཚིག་ཅི་ལ་མིན།

༡༩

        འཛམ་གླིང་ས་ཆེན་པོའི་སྒལ་གཞོང་ལ་བཏབ་པའི་ཤེས་རིག་གི་གཏེར་དུ་གྱུར་བའི་བང་མཛོད་ཆེན་མོ། ངུར་སྨྲིག་འདུས་པ་རྒྱ་མཚོའི་གསེར་མདོག་གི་གཟི་བྱིན་ངོམ་ས་དང་མི་རིགས་ཡོངས་ཀྱི་སྤྱི་ནོར་ལྟ་བུའི་ཤེས་བྱ་ཡི་སྒོ་གླེགས་རྡུང་ས། ཁྱེད་ནི་སྒང་པ་བོད་པའི་རེ་བཅོལ་བྱེད་ས་དང་སྨོན་ལམ་འདེབས་ས་ཡིན་ལ། མི་ངོ་ཤེས་ཤིང་རང་ངོ་ཟིན་པ་ཚོའི་སེམས་ཀྱི་མཛེས་སྡུག་དང་། ཡིག་ངོ་ཟིན་ཞིང་རང་ཡིག་ཤེས་པའི་ཤེས་ལྡན་ཚོའི་འཚོལ་སྙེག་བྱེད་སའི་ཞིང་ས་སྣུམ་པོ། ངའི་དད་པའི་སྤྱི་གཙུག་ན་ལྷམ་མེར་འགྱིང་རྔམ་གྱིས་བྱོན་པའི་ཉི་མ་བླ་བྲང་སྟེ། ངའི་ཕ་སའི་གོང་ཁ་ན་མུ་ཏིག་བཞིན་བཀྲག་མདངས་འོད་དུ་འཚེར་བའི་བྱང་ཕྱོགས་ཀྱི་ཆོས་སྡེ་ཆེན་པོ། གཞན་ལ་ངོམ་ཆོག་ཆོག་དང་རང་ལ་ཡོད་ཆོག་ཆོག་གི་གནའ་དེང་ཤེས་རིག་གི་ཡང་སྙིང་དམ་པ་ཡིན་ལ།ཁྱེད་ནི་སྒང་པ་བོད་པའི་གློ་སྙིང་མཆིན་གསུམ་གྱི་སྲོག་རྟེན་ཡིན་ལ། སྐྱེ་འགྲོ་མི་ཡི་བསོད་ནམས་ཀྱི་ཞིང་ས་སྐྲུན་ས་དང་མུན་བསྐལ་མི་ཡི་སྐལ་ལྡན་གྱི་དང་བ་འདྲེན་པའི་དམིགས་རྐྱེན་ངོ་མ་ཡིན།

༢༠

        སེམས་ཅན་ཆེན་པོས་ཧི་མ་ལའི་ཕ་རོལ་གྱི་གནའ་བོའི་རི་གྲོང་ཞིག་ནས། ཤེལ་ལྟར་དྭངས་པའི་རིན་ཆེན་གྱི་ཕུང་བོ་ཞིག་འགྲོ་བ་སེམས་ཅན་སུ་ཡིན་ཡང་ལོངས་སུ་སྤྱོད་ཆོག་ཆོག་གི་ཆོས་དབྱིངས་སྙན་མོ་ཞིག ཆོས་དུང་དཀར་པོའི་སྙན་འཇེབས་ལ་དྲངས་ཏེ། སྐལ་ལྡན་ལས་འཕྲོ་ཅན་དག་ལ་ལུས་ཀྱི་རྒྱན་དང་སེམས་ཀྱི་མཛེས་པ་དངོས་གནས་པ་གྱེར་སོང་ལ། མཆེད་ཁུངས་རྒྱ་གར་དང་རྒྱས་ས་གངས་དཀར་མུ་ཏིག་གིས་ཁྲ་ཚོམ་བཀོད་པའི་མཐོ་སྒང་གི་ཕ་ས་སྟེ། བོད་གངས་ཅན་ལྗོངས་འདིར་གནས་ཤིང་དར་བ་མ་ཡིན་ནམ། ཉི་མ་ལྷ་ས་སྟེ་འཕགས་མཆོག་ཕྱག་ན་པད་མོ་ལྟ་བུའི་བརྩེ་སེམས་འཁྲུངས་ས་དང་། ཁམས་མི་ཕམ་སྟེ་གསང་བདག་དཔལ་རྡོར་ལྟ་བུའི་བློ་སྤོབས་འཕེལ་ས། མདོ་ལ་རིང་མོ་ཡུལ་གྲུ་སྟེ་བརྟན་པའི་འཁོར་ལོས་བདག་གིར་བཞེས་པའི་རིག་གསུམ་བདག་ཉིད་ཀྱི་རྣམ་པར་བྱོན་པ། མཉམ་མེད་ཙོང་ཁ་པ་ཆེན་པོའི་རིང་ལུགས་དྲི་མ་མེད་པ། འཇམ་དབྱངས་བླ་མའི་ཐུགས་བསྐྱེད་དང་སྨོན་ལམ་ལས་གྲུབ་པ་ཤ་སྟག་ཡིན་པའི་མི་འཇིགས་མི་འཁྲུགས་ཆོས་ཀྱི་ཞིང་ཁམས། བྱང་བཀྲ་ཤིས་གཡས་སུ་འཁྱིལ་བའི་ཆོས་སྡེ་ཆེན་པོ། ཆོལ་གསུམ་ལ་རིགས་གསུམ་འདུས་པའི་འཛམ་གླིང་མཛེས་སྡུག་གིས་མངོན་པར་སྤྲས་པའི་རྒྱ་ཕིབས། ཁྱེད་ནི་དུས་དང་རྣམ་པ་ཀུན་དུ་སྣོད་ཀྱི་གཏེར་དང་བཅུད་ཀྱི་མཛོད་དུ་སྨིན་པའི་དགོས་འདོད་ཡིད་བཞིན་འཇོ་བའི་ནོར་བུ་ངོ་མ་སྟེ། དེ་ལས་ཀྱང་བྱང་ཉི་མ་བླ་བྲང་ཡ། ཁྱེད་ནི་ངའི་མིག་གི་རྣོ་དང་སེམས་ཀྱི་དབང་རྩར་སིམ་པའི་གནས་སྐབས་དང་མཐར་ཐུག་གི་བདེ་བའི་བླ་སྲོག་འཛིན་ས་མ་ཡིན་ནམ།

༢༡

        འཇིགས་མེད་གསེར་མདོག་གི་ཅོད་པན་འཆང་བའི་རིང་ལུགས་ཆེན་པོ་འདི་ཉིད། ནུབ་ཀྱི་འཕགས་ཡུལ་ནེེ་ར་ཉྫ་ནར་ནས་ཤར་གྱི་ཞི་བདེ་རྒྱ་མཚོའི་བར་དུ། བར་མ་ཆད་ཅིང་ཟུར་མ་ཉམས་པར་བརྗིད་ཆགས་ངང་འགྱིང་ངེར་གནས་པ་ནི། ངའི་ཤེས་རབ་ཀྱི་ཕ་ས་དྲོན་མོ་སྟེ་བྱང་ཉི་མ་བླ་བྲང་། ཁྱེད་ནི་གླིང་བདུན་གྱིས་ཡར་ལ་བཀྱགས་པའི་དུས་གསུམ་གྱི་རིག་པའི་སྒྲོན་མེ་ཡིན། ཉི་མ་བླ་བྲང་། ཆོས་སྲིད་ཀྱི་གོང་ཁ་ན་ནམ་ཡང་འོད་ལྷམ་མེར་འབར་བའི་སེམས་ཀྱི་མཛེས་སྡུག་དང་། མི་རིགས་མང་པོའི་སེམས་ཁོང་ན་རྟག་ཏུ་ཡལ་བ་མེད་པའི་ཤེས་རབ་ཀྱི་གཞིས་ཀ སུ་ཡིས་བཤད་ཀྱང་གང་གིས་གླེང་ན་ཁྱེད་ནི་དགེ་ལྡན་བསྟན་པའི་སྲོག་ཤིང་དང་། གང་དུ་སོང་ཡང་གང་ནས་བསྡད་ན་ཁྱེད་ནི་སྲོག་གི་དབུགས་རྒྱུན་ཡིན་པ་གླེང་ཡང་མྱོང་ལ་བཤད་ཀྱང་ཕོད། འདི་ནི་ཁྲག་རྩ་ན་དྲོད་རྒྱས་ཤིང་བྲང་ཁ་ན་སྙིང་འགུལ་བའི་བདག་གི་སྒེར་ཚུགས་ཀྱི་རང་གཤིས་དང་མདུན་སྐྱོད་ཀྱི་རྡོག་སྣེ་གཏོད་ས་ཡིན་ལ། འདི་ནི་བུ་ངས་ཕ་སྐད་ཀྱི་བཀའ་དྲིན་ཞུ་ས་དང་མ་ཡིག་གི་ང་རོའི་རྒྱུད་སྐུད་བསླེ་ས་ཡིན།བྱང་ཉི་མ་བླ་བྲང་ལགས། ཁྱེད་ཀྱི་ཐུགས་རྗེ་དང་གཟི་བྱིན་གྱིས་སེམས་ཅན་ལ་བརྩེ་བ་ཇེ་ཆེ་དང་བདག་གི་འཚོལ་སྙེག་ལ་ཡིད་ཆེས་དང་སྤོབས་པ་བསྩལ།བདག་གི་སེམས་ཀྱི་ཕོ་བྲང་བརྟན་པོ་སྟེ་ཉི་མ་བླ་བྲང་། གཞན་ལ་ཡོད་མ་མྱོང་ཞིང་རིགས་ལ་རྒྱས་མ་ཐུབ་པའི་ངའི་སེམས་ཀྱི་རིན་ཆེན་གཅེས་ནོར།མ་ལོས་འཐག་ཅིང་ཕ་ལོས་བརྩོན་པའི་ངའི་རིགས་རྒྱུད་ཀྱི་བླ་སྲོག་ཁེན་ས་ཉི་མ་བླ་བྲང་རྒྱལ་ལོ།།

མཇུག་གི་ཤིས་བརྗོད།

ཕུན་ཚོགས་སྡེ་བཞིའི་མཚར་སྡུག་གིས་བཀྲ་བའི་ཕུན་ཚོགས་བྱེད་པོ།།

ལུང་རྟོགས་རིག་པའི་ཆུ་གཏེར་གྱིས་གཏམས་པའི་ཤེས་བྱའི་འབྱུང་གནས།།

བློ་གསལ་དོན་གཉེར་དཔའ་སྤོབས་གྱིས་འཇུག་པའི་ཐར་བའི་གྲུ་གཟེངས་།།

འབྱོར་ལྡན་བསོད་ནམས་འཚོལ་སྙེག་གིས་བྲེལ་བའི་ཞི་བདེ་ལམ་བཟང་།།

འདི་ཕྱིའི་འཕྲལ་ཕུགས་སྐལ་བཟང་གིས་བགོ་བའི་དག་པའི་ཞིང་ཁམས།།

ཕྱོགས་བཅུའི་རྨོངས་པ་ཤེས་རབ་ཀྱིས་བསལ་བའི་འོད་ཀྱི་ལྡིང་ཁང་།།

        འདི་ནི་ཁམས་ཆེན་པོའི་སྟེང་འོག་ན་འཛད་མེད་ངང་དུས་རྟག་ཏུ་འོད་ལམ་ལམ་འབར་བའི་ཉི་མ་བླ་བྲང་དང་།དགེ་མཚན་སྟོང་ལྡན་གྱིས་མངོན་པར་ཕྱུག་ཅིང་།བཀྲ་ཤིས་ཕུན་ཚོགས་ཀྱི་ཤིས་བརྗོད་ཆར་ལྟར་འབབ་པའི་ཤེས་རིག་གི་ཕྱྭ་གཡང་འཁོར་ས་སྟེ། 

        ངའི་སེམས་ཀྱི་ཕ་ས་དྲོན་མོ་བྱང་ཉི་མ་བླ་བྲང་ཡིན།


རྩོམ་ཡིག་སྔོན་མ།
ཚངས་དབྱངས་རྒྱ་མཚོ།
རྩོམ་ཡིག་རྗེས་མ།
མ་བུའི་བར་ཐག

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1