ས་ཆེན་པོར་བླངས་པའི་གླུ།

གཅན་རུ་མཚེར།(ཟི་ལིང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


བསྐལ་པ་ནས་བསྐལ་པའི་བར་དུ

རི་རབ་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས་ཤིང

རྒྱ་མཚོ་དང་རླབས་རྒྱུན་ཡང་ས་ཆེན་པོ་འདི་ཁོ་ནར་གཏོགས

རྡེའུ་ཁྲི་མ་འབུམ་གྱིས་ནམ་མཁའ་ཧྲིལ་པོ་བརྒྱན་ཞིང

སྟོང་ལུག་རུ་སྡེ་ཅན་གྱིས་རྩྭ་ཐང་བདག་གིར་བཟུང་བའི་དུས་འདིར

རི་གསུམ་གྱི་རྩེ་ནས་མགོ་སྦྲ་སྨུག་པོ་ཅན་གྱི་བདག་པོ་དེ་ཁྱེད་རང་ཡིན་ངེས

ལུང་གསུམ་གྱི་མདོ་ནས་ཀི་རིང་ཤུགས་ཀྱིས་འདེབས་མཁན་དེ་ཁྱེད་རང་ཡིན་ངེས

རྟ་ཕོ་རྐྱང་དཀར་ལ་བཅིབས་ཏེ་གང་དུ་ཆས་ཀྱིན་ཡོད

མཐོ་སྒང་གི་མི་ལགས རྟ་ཁ་དལ་གྱིས་ལྷོད་དང

དགུང་ལོ་གྱ་དགུར་སོན་པའི་ཨ་མྱེས་ཀྱིས་གནའ་གཏམ་འཆད་བཞིན་འདུག

དེ་རིང་ཡང་བག་ཕེབས་དང་ལྷིང་འཇགས་གྱོན་པའི་མདང་དགོང་དང་འདྲ་བར

སྙིང་ཉེ་བའི་བྱིས་པ་ཚོའི་བྲེལ་ལོང་གི་མིག་ཞགས་རིང་མོ་ནི

གསལ་དྭངས་དྭངས་ཀྱི་མཚན་མོ་འདིའི་རྒྱུ་སྐར་གྱི་རྣམ་ཤེས་ཡིན་ལ

འབོར་མི་སྲིད་པའི་དུས་ཚིགས་ཤིག་གི་རུམ་ཁ་དང

བརྗེད་མི་སྲིད་པའི་རྩེད་ར་ཞིག་གི་ནང་རོལ་ནས

ངས་འཇིག་རྟེན་གྱི་མཛེས་སྡུག་གི་བྱ་བ་མང་པོར་བློས་བསླངས་བྱ་ཆོག

དེ་ནི་རང་ཉིད་དང་ཉེ་བར་བཅར་བའི་ནང་སེམས་ཀྱི་གོམ་སྒྲ་ཞིག་ཡིན

དེ་ནི་ཕུགས་བསམ་གྱི་ལམ་སྣེར་སྙེག་པའི་ཡིད་ཆེས་ཀྱི་དད་འདུན་ཞིག་ཡིན

མཐོ་སྒང་ཨ་མའི་ཟེ་བ་མཐོ་རུ་བཏེགས་ཤིང

མེས་པོའི་ཕྲག་གོང་གི་གསེར་གྱི་ཉི་མ

འོད་ཟེར་གྱི་མཁའ་མཐར་སྙེག་པའི་ཆོས་ཉིད་ཟབ་མོ་དེའི་དབང་གིས

ངའི་མུན་ནག་གི་སྒལ་ཚིགས་ལ་ན་སྲོན་གྱི་ཕྲ་རྒྱན་སྤྲས་ཤིང

ན་སྲོན་གྱི་ཕྲ་རྒྱན་ལ་ལྷོད་གཡེང་གི་མགྲིན་པ་བཏེགས་ཡོད

དེ་ནི མི་ཚེ་གང་བོའི་སྐད་ངག་གི་མགྲིན་པ་རང་ཡིན་ཏེ

གནམ་ས་གཉིས་ཀའི་སྦུབས་སུ་ཐིམ་པའི་སྐད་དུང་ཡངས་མོ་ཞིག་སྟེ

ད་ནི་ནང་སེམས་ཀྱི་འཆར་ཡན་ཡོད་ཚད་འཇིག་རྟེན་འདིའི་མཛེས་སྡུག་འབའ་ཞིག་ཏུ་སྒོམ་ཡོད

ས་ཆེན་པོ་འདིའི་བྲང་གཞོང་ན་ལུས་པའི་ང་ཡི་མེས་པོ

ཚེ་རབས་འདིར་ངས་མིག་ཟུང་གཅིག་ཁྱེད་ཀྱི་ཆེད་དུ་བཙུམས་ཤིང

མིག་ཟུང་གཅིག་ཁྱེད་ཀྱི་ཆེད་དུ་ཕྱེས་ཡོད་པས

ད་བར་དུ་ལེན་མ་ཐུབ་པའི་གླུ་འདི་དེ་རིང་ཁྱེད་ཚོར་དབུལ་འདོད

ང་ནི་བྱ་སྐད་ཀྱིས་མི་སེམས་དཀྲོགས་པའི་མཐོ་སྒང་གི་གླུ་བ་ནང་བཞིན

འཇིག་རྟེན་འདིའི་སྨྲེ་སྔགས་ཡོད་ཚད་ང་ལ་དབང་ཞིང

འཇིག་རྟེན་འདིའི་སྡུག་ཡུས་ཡོད་ཚད་ང་ལས་ཕྱུང་བས

མིག་གིས་མཐོང་ཚད་བཅད་པའི་འཇིག་རྟེན་གྱི་ཆེས་མཐོ་ས་ཞིག་ནས

ཉམ་ཆུང་གི་མིག་ཟུང་ལ་ལས་དབང་གི་རེ་འབྲས་ཁུར་དུ་ལྕི

ང་ཚོའི་མདུན་ཕྱོགས་ན་ཀློང་བརྡོལ་མི་ཚར་བའི་ནགས་ཚལ་ཆེན་པོ་ཞིག་ཡོད

ནགས་ཚལ་ཆེན་པོ་འདིས་རི་རབ་དང་ཆུ་བོའི་ཁ་དོག་ཡུག་གཅིག་ཏུ་སྦྲེལ

རླུང་བུ་ལྡང་སྟངས་ཤིག་གིས་མཐོ་སྒང་གི་དར་ལྕེ་སྔར་བཞིན་ཟད་ཅིང

འདབ་ཆགས་དང གཅན་གཟན སེམས་ཅན་གྲངས་མེད་ཅིག་རྒྱང་རིང་གི་བས་མཐར་དེད་དེ

རྒྱང་རིང་ན་ཅི་ཞིག་གི་ཉན་བརྡ་ཡོད་པ་ནང་བཞིན

ངང་སྒུག་གི་གོ་རིམ་ནི་ཇི་འདྲའི་ལྷིང་ཞིང་འཇགས་པ་ཞིག་རེད་ཨང

ང་རང་ལམ་ལ་ཆས་སྐབས་ཨ་མས་ང་ལ་ལམ་བྲོ་གོར་མོ་ཞིག་གིས་སྐྱེལ་མ་བྱས

ས་ཆེན་པོ་རྡོག་པས་མནན་ནས་གངས་དཀར་པོ་ཕྲག་པས་སྐྱོར་བཞིན

སྤོབས་པས་བཏེགས་པའི་རྒྱང་བཞུད་ཀྱི་རྔུལ་ཆུའི་ཀློང་ནས

ཇི་ལྟར་བལྟས་ཀྱང་ང་ནི་གནམ་འོག་གི་ཤོག་བྱ་ཡང་མོ་ཞིག་དང་འདྲ་བར

བར་སྣང་ལ་ལྡིང་སྐོར་ཅི་ཙམ་བརྒྱབ་ནའང

ནམ་མཁའ་སྔར་བཞིན་རང་གི་ནམ་མཁའ

ས་གཞི་སྔར་བཞིན་རང་གི་ས་གཞིའོ

སྐྱེ་བ་འདིའི་མིག་ཟུང་གྲངས་མེད་ཅིག་གིས

སྐྱེ་བ་སྔོན་གྱི་ཐབ་ཚང་ལ་ཅེར་ཞིང

ཁ་བ་བབས་པའི་ཞོགས་པ་གང་དེར

མུ་མེད་ཀྱི་རྩྭ་ཐང་ན་སྦྲ་ནག་དང་ནོར་ལུག་གི་རྗེས་ཤུལ་གསལ་ཞིང

འདབ་ཆགས་བརྒྱ་སྟོང་གི་ཚང་ཁ་དྲོ་བས

མིག་ཆུའི་རྒྱུན་ཐག་ནི་ལོ་ཟླ་ག་ཚོད་ལ་གཏོར་མ་ཐུབ་པའི་གསང་བའི་ཉེན་བརྡ་ཞིག་རེད་ཨང

ད་ནི་དུས་ཚོད་ཀྱིས་ང་རང་ཕ་མཐར་སྤྱུགས་ཤིང

ངས་རང་གི་ཚེ་རབས་འདིར་འོད་ཟེར་གྱིས་བཏེགས་པའི

ས་ཆེན་པོ་འདིར་གུས་འདུད་ཐེངས་ཤིག་ཞུ་དགོས་ཏེ

བརྩེ་བ་ཡོད་ཚད་རླུང་ལ་བསྐུར་ཟིན་པ་མཐའ་དག

དྲན་པ་ཡོད་ཚད་མག་མོག་གིས་བསྒྲིབས་ཟིན་པ་མཐའ་དག

དུས་དེ་རིང་གི་ཉི་མ་འདི་རྒྱབ་ཏུ་བསྐྱུར་ནས

འདི་དག་ནི་ངའི་མིག་ཟུང་ལས་ཅི་ཡང་ཟགས་ཚུལ་དང་འདྲ་བར

ངའི་སེམས་ཁོང་དུ་ཅི་ཡང་བརྡོལ་ཚུལ་དང་འདྲ་བར

གཞལ་བར་དཀའ་བའི་མཛེས་སྡུག་གི་སྟོང་ཁམས་ཆེན་མོ་འདི་ནས

སང་ཉིན་གྱི་ཉི་མར་སྒུག་པ་བཞིན་འོད་ཟེར་གྱི་འདབ་ལག་ཅིག་ཤར་ནས་ནུབ་ཏུ་བརྐྱང་ཡོང་ངེས


རྩོམ་ཡིག་སྔོན་མ།
གཡུ་ཆུང་དྲུག་དཀར།
རྩོམ་ཡིག་རྗེས་མ།
ཁྱེད་རང་ལམ་ལ་ཆས་དུས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1