མེས་པོ་ཚོ་ཕེབས་སྐབས་ཀྱི་གོམ་སྒྲ
ཁ་སང་གི་བྲག་ཅ་ལ་ཐིམ་རྗེས
ངས་ད་དུང་སྒྲ་ཞིག་ལ་ཤིན་ཏུ་ཉན་འདོད་ཀྱིས
རྣ་བ་གཉིས་ཅོར་ཅོར་བྱས་ཏེ་ཉན་དུས
སྒྲ་དེ་ནམ་མཁའ་ནས་གྲགས་བྱུང སྒྲ་དེ་ས་གཞི་ནས་གྲགས་བྱུང
སྒྲ་དེ་ཏག་ཏག་ངའི་རྣ་ལམ་ནས་ཀྱང་གྲགས་བྱུང
ལྕི་ཞིང་ཡང་ལ་ཡང་ཞིང་ལྕི་བའི་སྒྲ་དེ་ནི
(སྒྲ་དེ་ནི་ངེས་དོན་གྱིས་སྐད་དོན་དབྱངས་གསུམ་གྱིས་ཕྱུག་པའི་འགྱུར་ཁུགས་དེའོ)
ང་ཚོའི་དེང་རབས་ཀྱི་སྙན་ངག་གྱེར་འདོན་ཏེ
སྒྲ་དེ་ནི་ང་ཚོའི་ངག་ཐོག་གི་འབོད་པ་ཡིན་ཞིང
སྒྲ་དེ་ནི་ང་ཚོའི་སེམས་ཁོང་གི་སྤོབས་གདེང་ཡིན་ལ
སྒྲ་དེ་ནི་ང་ཚོའི་དུས་རབས་དང་ལང་ཚོར་བསྡོངས་པའི
ལྷོག་ལྷོག་ལྡིང་གིན་པའི་སྙིང་གསོན་པོ་དེ་ཡང་ཡིན་པས
སྒྲ་དེ་ནི་ཤིན་ཏུ་འཇེབས་ཤིང
སྒྲ་དེ་ལ་མོས་མཁན་ཡང་ཤིན་ཏུ་མང་ཡང
ང་ད་དུང་སྒྲ་དེ་ལ་ཡིད་མ་ཚིམ་པའི་དབང་གིས
ངས་སྔར་ལྟར་རྣ་བ་གཉིས་ཅོར་ཅོར་བྱས་ཏེ
མེས་པོ་ཚོ་ཕེབས་ཤུལ་གྱི་གཏམ་རྒྱུད་ཁྲོད་དང
ང་ཚོས་བསྙེགས་ཤིང་སོང་མ་ཚར་བའི་ལམ་སྟེང་དེ་ནས
སྒྲ་དེ་ལ་ཡང་ཡང་ཉན་ཞོར སྒྲ་དེ་ཡི“གྱེར་ཚུལ་འདོན་སྟངས”ལ
ཡང་བསྐྱར་མནོ་བསམ་བཏང