ཕངས་སེམས།—རྐང་ཚ་རྫོང་རྩོམ་རིག་ལྷན་ཚོགས་ཀྱི་ཀྲུའུ་ཞི་འདས་པོ་བསམ་བྷོའམ་གངས་གཞས་ལགས་ལ་རྗེས་དྲན་དུ།

བྲག་རྡོ།(མཚོ་བྱང) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


འཇིག་རྟེན་གྱི་གྲུ་ཟུར་དག་ཏུ་སྦས་པའི་གཉུག་གཤིས་ཀྱི་མཛེས་སྡུག

རྨི་ལམ་བརྒྱ་ཕྲག་གི་ཀློང་དུ་བཅུག་པའི་ཆུང་དུས་ཀྱི་བརྩེ་འདང

རྒས་པའི་གོ་རིམ་གྱི་ཁྲོད་ནས་དྲན་པའི་གདུང་བ་དང་རྒྱང་རིང

ལས་ཀྱི་ཨ་ལོང་ནས་རྙེད་པའི་སྙན་ངག་དང་སྙན་ངག་གི་སྲས་མོ

སེམས་སུ་ཟུག་པའི་བདེན་པ་དང་བདེན་པའི་དྲན་གདུང་གི་ན་ཟུག

ཡོད་ཚད་མཛེས་སྡུག་གི་གོ་རིམ་ཞིག་ལ་འཁྱུད་པའི་ལས་ཀྱི་རི་མོ་ཡིན

འདི་ལྟར་སེམས་ཀྱི་དྲན་གདུང་ལ་འཆི་བས་སྒོ་མོ་བརྒྱབ

རྨི་ལམ་སྟོང་ཕྲག་ཅིག་ལ་ལས་ཀྱི་འཆི་བས་སྒོ་མོ་བཅད

གོ་རིམ་འདི་དག་གི་ཁྲོད་ན

སེམས་པ་གཅིག་ཏུ་བརྒྱུས་པའི་མི་བུ་དག་ལ་སྨྲེང་བའི་སྐྱོ་གདུང་ཡོད

དྲན་པའི་བུ་ལོན་སེམས་ཁོང་ནས་འཕྱུར་བའི་སྨིག་རྒྱུ་རིང་མོ་ཡོད

སེམས་ངལ་གྱི་ཆུ་བོ་བྲུག་བྲུག་བཞུར་བའི་སྒྲ་ཆེན་ཡང་ཡོད

མི་ཚེ་ནི་ཡར་ཡར་འཕྱོ་བའི་ཆུ་བོའི་རླབས་རིས་ཡིན་ལ

མི་ཚེ་ནི་མར་མར་འབབ་པའི་གཡང་གཟར་གྱི་རྦབ་རྡོ་ཡིན

མི་ཚེ་ནི་ཆར་བ་བབས་རྗེས་ཀྱི་འཇའ་ཚོན་ཡིན་ལ

མི་ཚེ་ནི་ཁ་བ་ཞུ་རྗེས་རླངས་པ་ཐོལ་ལོ་ལོ་འཕྱུར་བ་དེ་ཡིན

གཏམ་རྒྱུད་དག་རྨི་ལམ་དུ་བསྡུ་གསོག་བྱེད་པ་ནི

འདས་དོན་དག་རང་གི་གློ་ཁུག་ཏུ་ཉར་ཚགས་བྱེད་པ་ནི

མདོར་ན་རང་གི་མི་ཚེ་ལ་རྫོགས་ཚིག་འགོད་སྟངས་ཤིག་རེད

ལས་ཀྱི་ཁང་ཁྱིམ་ནས་ང་ཚོ་ཇི་འདྲའི་ཉམ་ཆུང་བ་ལ

རང་གི་རྨི་ལམ་དང་བརྩེ་དུངས་ལ་གས་ཆག་གཏོང

མ་འོངས་པའི་འཆར་གཞི་དང་རེ་བ་ཡོད་ཚད

རང་གི་ལག་ཏུ་མི་ཤོང་བའི་འཆི་བ་འདིས་མེད་པར་གཏོང

བསམ་དབང་མེད་པར་ཡོད་ཚད་ལ་གྱེས་བརྡ་གཏོང་སྟངས་འདི

འཇིག་རྟེན་གྱི་ཆོས་ཉིད་དུ་གྲུབ་ཟིན་པའི་གཏན་ཚིགས་ཤིག

ང་ཚོ་ཕལ་བའི་མི་ཚོས་བཟློག་ཏུ་མེད་པའི་ཆོས་ཉིད་ཕྲ་མོ་ཕྲ་མོ་ཞིག

ལས་ཀྱིས་ཟིན་དཀའ་བའི་ལྐོག་གྱུར་གྱི་གསང་བ་བཙན་པོ་བཙན་པོ་ཞིག

གཏན་དུ་བཞུད་ཟིན་པའི་ཁྱེད་རང

ལོ་རྒྱུས་ཀྱི་ཤོག་ལྷེ་ན་གསལ་ལེར་སྣང་བའི་ཡིག་འབྲུ་རྡོག་གཅིག་ཡིན

ནམ་ཡང་ནུབ་ཏུ་མེད་པའི་བདེན་པ་ཡི་འོད་ཟེར་ཞིག་ཡིན

ཡང་ན་ཡི་གེ་མང་པོའི་གསེང་ན་འཛུམ་པའི་གཏམ་རྒྱུད་ཅིག་ཡིན

གཏམ་རྒྱུད་ཀྱི་ཁྲོད་དུ་ཡོད་པའི་དགའ་སྐྱོ་ཆགས་སྡང་གི་རླབས་རིས་ཤིག་ཡིན

སྐྱེ་བ་གཅིག་ལ་རང་གི་དྲན་ཤེས་ཀྱིས་ཟིན་པའི་ལང་ཚོའི་འདས་དོན

མི་ཚེ་གཅིག་ལ་རང་གི་ཆགས་སྡང་ལ་རུམ་པའི་བརྩེ་དུངས་ཀྱི་འདས་དོན

འདི་དག་ཐམས་ཅད་མི་ཡུལ་དུ་བསྐྱུར་བའི་ཆེས་དྭངས་གཙང་གི་མཆོད་པ་དེའོ


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1