སི་རི་ཡའི་བྱིས་པར་ཕུལ་བ།

དུང་ཨ་ཏི།(རྨ་ལྷོ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 02-18


ཁྱོད་ཀྱི་ཨ་མ་ཡུལ་དུ་མི་འདུག

རྒྱང་རིང་དུ་གྱེས་ཟིན་ཟེར

ཕ་ཡུལ་དུ་གྱང་ཆག་ཁོ་ན་མ་གཏོགས་ལྷག་མི་འདུག

ཨེ་ལིན་ཁོ་ཊི① ཁྱོད་ཀྱིས་མཚོ་འགྲམ་ནས་རྒྱ་མཚོའི་འོ་དོད་ལ་ཉན་གྱིན་ཡོད་དམ

ཡང་ན་ཁྱོད་ཀྱིས་རང་ཉིད་ཀྱི་རྣམ་ཤེས་རྒྱ་མཚོ་ལ་འབུལ་བཞིན་ཡོད་དམ

ཡང་ན་ཁྱོད་རང་གཏན་དུ་གཉིད་སོང་བ་ཡིན

ཨེ་ལིན་ཁོ་ཊི གཉིད་དུ་ཡུར་མ་འགྲོ

སྐྱ་རེངས་བཀྱགས་ཟིན

ཉི་འོད་ལམ་ལམ་འཕྲོ་བཞིན་འདུག

སད་པར་གྱིས་ཤིག ཨེ་ལིན་ཁོ་ཊི

འཇིག་རྟེན་འདིར་ངུ་འབོད་དང་མེ་མདའ་ཁོ་ནའི་སྐད་ཀྱིས་ག་ལ་ཚད

ད་དུང་དགོད་སྒྲ་ཡོད བྲོ་གར་ཡོད



ཁྱོད་ཀྱིས་མིག་རིག་རིག་བྱེད་ཀྱིན་པ

རང་ཉིད་ཀྱི་ལག་པ་འཚོལ་གྱིན་ཡོད་དམ

རང་ཉིད་ཀྱི་རྐང་བ་འཚོལ་གྱིན་ཡོད་དམ

རང་ཉིད་ཀྱི་ངོ་གདོང་དང་གྲེ་བ་སྙིང་རྗེ་བོ་དེ་འཚོལ་གྱིན་ཡོད་དམ

ཨོ་མི་རོན② ཁྱོད་ཀྱི་ངག་ལྐུགས་མི་འདུག

ཁྱོད་ཀྱིས་ད་དུང་གཞས་སྙན་མོ་གཏང་ཆོག

ཁྱོད་ཀྱིས་ད་དུང་ངུ་འབོད་དྲག་པོ་བྱས་ཆོག

ཨོ་མི་རོན

ཁྱོད་ཀྱིས་མིག་ཟུང་འཕུར་འཕུར་འགའ་བཏང་རྗེས

ཁ་རོག་གེར་ཁུ་སིམ་པོར་འདུག

ཁྱོད་ཀྱིས་ཨ་མ་དྲན་གྱིན་ཡོད་དམ

ཡང་ན ཁྱོད་རང་ཕ་ཡུལ་གྱི་པང་དུ་བསྡད་དེ་ཕ་ཡུལ་དྲན་གྱིན་ཡོད་དམ

ཉི་མ་ནུབ་པར་མ་སྐྲག ཨོ་མི་རོན

སང་ཉིན་སྔར་བཞིན་འཆར་ངེས

འཇིག་རྟེན་འདི་མྱ་ངམ་ཐང་ཆེན་མོ་ཁོ་ན་ཞིག་གིས་གྲུབ་པ་ག་ལ་ཡིན

ད་དུང་སྔོ་ལྗང་གི་རྩྭ་ཐང་ཡོད

དྭངས་གཙང་གི་ཆུ་ཕྲན་ཡོད

རི་བྲག་ཡོད མེ་ཏོག་ཡོད བྱ་བྱིའུ་ཡོད

ཨེ་ལིན་ཁོ་ཊི སྐབས་འགར

འཆི་བ་ནི་ཆེས་སྙིང་དུ་སྡུག་པའི་མེ་ཏོག་ཅིག་ཡིན་ན

ཁྱོད་རང་མེ་ཏོག་དེ་རྙིད་པར་མ་སྐྲག

སང་ལོ་སྔར་བཞིན་བཞད་ངེས་ཡིན

མཆན།

①②ཨེ་ལིན་ཁོ་ཊི(Aylan Kurdi)དང་ཨོ་མི་རོན།(Omran Daqneesh)ལོ་ན་གསུམ་དང་དྲུག་ལའང་སོན་མེད་པའི་བྱིས་པ་འདི་གཉིས་ཀྱི་སྔ་མ་ནི་སི་རི་ཡའི(叙利亚)དམག་འཁྲུག་ཁྲོད་འདས་གྲོངས་སུ་སོང་བ་དང་ཕྱི་མ་ནི་དམག་འཁྲུག་ཁྲོད་རྨས་སྐྱོན་ཚབས་ཆེན་ཕོག བྱིས་པ་འདི་གཉིས་སི་རི་ཡའི་བྱིས་པ་རྣམས་ཀྱི་བསྡུས་གཟུགས་སུ་བཟོས་ཏེ་སི་རི་ཡའི་དམག་འཁྲུག་ཁྲོད་ཀྱི་བྱིས་པ་ཡོངས་ལ་ཕུལ་བ་ཡིན།

༢༠༡༨.༧.༥རེབ་གོང་།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1