ང་སྙན་ངག་པ་ཞིག་བྱ་འདོད་དུས
སྙན་ངག་པ་དག་དགེ་རྒན་ཆེན་མོར་གྱུར་འདུག
ང་དགེ་རྒན་ཆེན་མོ་ཞིག་བྱ་འདོད་དུས
དགེ་རྒན་ཆེན་མོ་དག་གིས་དཔོན་གནས་སྙེགས་སོང
ང་ཡུལ་གྱི་དཔོན་པོ་ཞིག་བྱ་འདོད་དུས
དཔོན་པོ་དག་དུར་ཁྲོད་དུ་བུད་སོང
ང་དུར་ཁྲོད་དུ་སླེབས་དུས
ཁོང་ཅག་ཐལ་བ་སྤར་མོ་གང་དུ་གྱུར་འདུག
ང་ཐལ་བར་གྱུར་དུས
ཁོང་ཅག་ཐལ་བའི་སྒང་དུ་ལྗང་ལོ་རུ་འཁྲུང་འོང
ང་ལའང་ལྗང་ནེམ་ནེམ་གྱི་ལོ་མ་འབུས་དུས
ཁོང་ཅག་གི་ལྗང་ལོ་ལ་མེ་ཏོག་ཁྲ་ཆིལ་ཆིལ་བཀྲག་འདུག
ང་མེ་ཏོག་རྐང་གཅིག་ཏུ་གྱུར་དུས
ཁོང་ཅག་བུ་མོ་ཞིག་གི་སྐྲ་རྒྱན་དུ་གྱུར་འདུག
ང་བུ་མོ་ཞིག་གི་སྐྲ་རྒྱན་དུ་གྱུར་དུས
བུ་མོ་དེ་གཞན་གྱི་བག་གསར་ཡིན་འདུག