ཉག་ཆུ་རྫོང་གི་སློབ་གསོ་འཕེལ་རྒྱས།

རྩོམ་སྒྲིག་པ།ཡོང་ཁུངས།རྔ་བ་བོད་སྐད་བརྙན་འཕྲིན། སྤེལ་དུས། 01-07


   ཉིས་སྟོང་བཅུ་གཉིས་ལོ་ནས་བཟུང་། ཉག་ཆུ་རྫོང་གིས་ཉག་ཆུ་རྫོང་མགར་ར་སློབ་གསོ་ཁུལ་འཛུགས་སྐྲུན་བྱེད་འགོ་བརྩམས། སློབ་གསོ་ཁུལ་དེའི་སྤྱིའི་རྒྱ་ཁྱོན་ལ་མུའུ་ཉིས་བརྒྱ་ཉེར་དགུ་དང་ཚེག་ལྔ་ཡོད་པ་དང་། བསྡོམས་པས་མ་དངུལ་སྒོར་དུང་ཕྱུར་གཉིས་དང་བྱེ་བ་དགུ་བཏང་ཡོད། དེ་ནི་བྱིས་པ་ཁང་ནས་དམའ་འབྲིང་བར་མཉམ་གཅིག་འདུས་པའི་སློབ་གསོ་ཁུལ་ཆེན་པོ་ཞིག་ཡིན་པ་དང་། སློབ་མ་བཞི་སྟོང་ལྔ་བརྒྱ་ཤོང་ཐུབ་པ་རེད། 
   འདི་ནི་དམའ་འབྲིང་ལོ་རིམ་གཉིས་པའི་འཕྲིན་སྦྱོར་སློབ་ཁང་ཞིག་ཡིན་པ་དང་། འདི་ནས་ད་ལྟ་སྐད་ཡིག་སློབ་ཁྲིད་ཅིག་འཚོག་བཞིན་ཡོད་པ་རེད། སློབ་ཁང་ནང་ནས་བྱིས་པ་ཚོར་སློབ་ཁྲིད་བྱེད་བཞིན་པའི་དགེ་རྒན་དེ་ནི་དགེ་རྒན་ཀྲང་རེད། འཆར་ངོས་ཀྱི་སྣེ་གཞན་ཞིག་ནི་ཁྲེང་ཏུའུ་སློབ་འབྲིང་བདུན་པའི་སློབ་གྲྭའི་དགེ་རྒན་ལ་འབྲེལ་ཡོད། དགེ་རྒན་གཉིས་ཀྱིས་རྒྱང་བསྟེན་སློབ་ཁྲིད་མ་ལག་བརྒྱུད་ནས་སློབ་ཁྲིད་ཐད་གཏོང་བྱེད་བཞིན་ཡོད་པ་རེད།
   དྲ་རྒྱའི་རྒྱང་བསྟེན་སློབ་གསོ་བརྒྱུད་ནས། འདི་གའི་སློབ་མ་ཚོས་སློབ་གསོ་སྤུས་ལེགས་ཀྱི་ཐོན་ཁུངས་མཉམ་སྤྱོད་བྱེད་ཐུབ་ཡོད་ལ། ཕྱི་རོལ་གྱི་ངོ་མཚར་བའི་འཇུག་རྟེན་བར་ཐག་ཉེ་མོ་ནས་མཉམ་རོལ་བྱེད་ཐུབ་ཡོད། ཐད་གཏོང་སློབ་ཁྲིད་བརྒྱུད་ནས་སློབ་ཚན་སྔོན་མའི་སྐོར་ནས་སློབ་གསོ་ཞིབ་འཇུག་བྱས་པས། མགར་ར་སློབ་འབྲིང་གི་དགེ་རྒན་གྱི་ལས་སྒྲུབ་ནུས་པའང་སྔར་ལས་མཐོར་འདེགས་ཕྱིན་ཡོད།
   ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་བ་དགུ་པའི་ཚེས་གསུམ་ཉིན། སློབ་གྲྭའི་རིགས་དང་པོའི་བོད་ཡིག་འཛིན་གྲྭ་དངོས་སུ་བཙུགས་ནས། འབྲོག་ཁུལ་གྱི་བྱིས་པ་རྣམས་ལ་བོད་ཡིག་གཙོ་བྱས་པའི་རྨང་གཞིའི་སྟེང་དུ། རྒྱ་ཡིག་སློབ་ཚན་དང་དབྱིན་ཇི་སློབ་ཚན་ལ་སློབ་སྦྱོང་བྱེད་དུ་བཅུག་ཡོད་པས། བྱིས་པ་རྣམས་ཀྱི་སློབ་སྦྱོང་གི་སྤྲོ་སྣང་དང་ཡིད་ཆེས་སྔར་ལས་ཇེ་ཆེར་བཏང་ཡོད།
   སློབ་མ་རྣམས་ད་ལྟ་ཞུགས་ཡོད་པ་ནི་སློབ་གྲྭས་གཟབ་ནན་གྱིས་གསར་དུ་བསྒྲིགས་པའི་ཁྱད་ཆོས་ལྡན་པའི་སློབ་གསེང་བྱ་འགུལ་རེད། བོད་ཀྱི་ཁྱད་ཆོས་ལྡན་པའི་སློབ་གསེང་ཞབས་བྲོ་ནི། སློབ་ཁུལ་གྱི་སློབ་གསེང་བྱ་འགུལ་གྱི་མཛེས་རྒྱན་ལྟ་བུར་གྱུར་ཡོད། དེ་ནི་སྲོལ་རྒྱུན་གྱི་སློབ་གསེང་ལུས་རྩལ་དང་རྩ་བ་ནས་མི་འདྲ། སློབ་མ་ཚོས་ལུས་པོ་སྦྱོང་བརྡར་བྱེད་པའི་དུས་མཚུངས་སུ། ཁམས་པའི་སྲོལ་རྒྱུན་རིག་གནས་སྔར་ལས་རྒྱུན་འཛིན་ཡག་པོ་བྱེད་བཞིན་ཡོད། ཁྱད་ཆོས་ལྡན་པའི་སློབ་གསེང་བྱ་འགུལ་མཇུག་རྫོགས་རྗེས། སྙན་འཇེབས་ཀྱི་དབྱངས་རྟ་དང་འགྲོགས་ནས། སློབ་མ་རྣམས་ཀྱིས་བརྩེ་བ་ཆེན་པོས་སྒོ་ནས་བོད་ཡིག་གི་སྙན་ངག་གྱེར་འདོན་བྱེད་འགོ་བརྩམས། རང་བཞིན་ལྷོད་ཡང་གི་འཁྲབ་སྟོན་དང་། རྣམ་འགྱུར་གྱིས་ཕྱུག་པའི་གྱེར་འདོན། ངོ་མཚར་ཕུན་སུམ་ཚོགས་པའི་ཕྱིར་མངོན་བྱེད་ཐབས་བཅས་བཏོན་ནས། བོད་ཀྱི་ཕུལ་བྱུང་སྙན་ངག་རེ་རེ་གྱེར་འདོན་བྱས།
   མགར་ར་སློབ་འབྲིང་ནི་དཀར་མཛེས་ཁུལ་གྱི་སློབ་གསོ་ཁུལ་དང་པོ་ཡིན་པའི་ཆ་ནས། དེ་བཙུགས་པ་ནི་དཀར་མཛེས་ཁུལ་གྱིས་སློབ་གསོ་ཁུལ་གྱི་སློབ་སྒྲུབ་ཐབས་ལམ་གསར་པ་འཚོལ་སྙེག་བྱས་པའི་མཚོན་རྟགས་ཤིག་རེད།  མི་རིགས་སློབ་གསོ་བཅོས་བསྒྱུར་ཐད་སྐུལ་འདེད་གཏོང་ཆེད། དཀར་མཛེས་ཁུལ་གྱིས་མིག་སྔར་ས་ཁོངས་རང་བཞིན་གྱི་ཞག་སྡོད་གཅིག་བསྡུས་སློབ་སྒྲུབ་ཁུལ་བདུན་དང་། ཞག་སྡོད་ལམ་ལུགས་སློབ་གྲྭ་ང་ལྔ་བཙུགས་ཡོད། ཚད་ལྡན་ཅན་གྱི་སློབ་གྲྭའི་སྡོད་ཤག་སྨི་གྲུ་བཞི་མ་འབུམ་དྲུག་དང་ཁྲི་བདུན་བསྐྲུན། སློབ་མ་ཁྲི་བདུན་སློབ་གྲྭར་འགྲིམ་ནས་སློབ་གཉེར་བྱེད་བཞིན་ཡོད།  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1