རི་བོང་བློ་ལྡན་གྱིས་སྲིན་པོ་མིག་དམར་དམ་ལ་བཏགས་པ།

སྨིན་དབུས་པོས་བསྡུས། རྩོམ་སྒྲིག་པ། སྒྲོལ་མ་ཚེ་བརྟན།ཡོང་ཁུངས།དམངས་ཁྲོད། སྤེལ་དུས། 06-18




སྔོན་ས་ཆ་ཞིག་ཏུ་རྒན་མོ་མ་བུ་གཉིས་ཡོད། བུ་མོ་དེ་ནི་སྐྱེ་གཟུགས་ཧ་ཅང་མཛེས་པས་ནམ་མཁའི་ལྷའི་ཡང་མིག་དབང་འཕྲོག་པ། སྐད་ངག་རབ་ཏུ་སྙན་པས་བྱེའུ་ཆུང་འཇོལ་མོ་ལའང་སྐྱེངས་པ་སྟེར་བ་ཞིག་ཡིན་པས། མེ་ཏོག་ལྷ་མཛེས་ཞེས་མིང་བཏགས། ཡུལ་གྲུ་དེའི་ཐག་མི་རིང་བའི་ལྷོ་ནུབ་ཕྱོགས་ཀྱི་བྲག་ཁུང་ཞིག་གི་ནང་དུ་སྲིན་པོ་མིག་དམར་ཞེས་པ་ཞིག་ཡོད། ཉིན་ཞིག་སྲིན་པོ་མིག་དམར་གྱིས་མེ་ཏོག་ལྷ་མཛེས་ཟེར་བའི་བུ་མོ་མཛེས་མ་ཞིག་ཡོད་པ་གོ་ནས། ལམ་སང་རླུང་ནག་འཚུང་མ་ཞིག་ཏུ་སྤྲུལ་ཏེ་མ་རྒན་གྱིས་མི་གོ་ས་ནས་བུ་མོ་འཕྲུལ་ཞགས་ཀྱིས་བཀྱིགས་ཤིང་ཁྱེར་ཏེ་བྲོས་སོང་བས། དེའི་ཕྱིར་ཉིན་མ་རྒན་གྱིས་བག་ལེབ་འགའ་བཟུང་སྟེ་འཚོལ་དུ་སོང་བ་རེད། ཡུད་ཙམ་ལ་ཁྭ་ཏ་ཞིག་གིས། ཨ་མ་ཁྱེད་གང་དུ་འགྲོ་ཞེས་པར། ང་རང་བུ་མོ་འཚོལ་དུ་འགྲོ་ཞེས་བཤད་པར། ཁྭ་ཏས་བདག་ལ་བག་ལེབ་ཅིག་བྱིན་དང་ངས་ཁྱེད་ལ་རོགས་བྱེད་ཅེས་པར། རྒན་མོས་བག་ལེབ་གཅིག་སྟེར་ཏེ་ཁྭ་ཏ་གྲོགས་སུ་ཁྲིད། དེ་ནས་ཡང་ཡུད་ཙམ་ལ་སོང་ཚེ་སྐྱ་ཀ་ཞིག་ཡོད་པར་དེས་ཀྱང་གོང་ལྟར་ཞུས་པར། རྒན་མོས་ཀྱང་བག་ལེབ་གཅིག་སྟེར་ཅིང་ཁྲིད། སླར་ཡང་ཚ་ཚད་ཙམ་དུ་སོང་ཚེ་རི་བོང་ཞིག་གིས་གོང་ལྟར་ཞུས་པས། རྒན་མོས་རི་བོང་ཡང་གྲོགས་སུ་ཁྲིད་དེ་སོང་། དེ་ནས་ཁོང་བཞི་པོ་སྲིན་པོ་མིག་དམར་གྱི་ཁྱིམ་དུ་སླེབས་ཚེ། རི་བོང་གིས་དེ་དག་ལ་ངས་ཅི་ཞིག་བཤད་ན་ཁྱོད་ཚོས་དེ་ལྟར་གྱིས་ཟེར་ཅིང་། སྲིན་པོའི་དྲུང་དུ་སོང་ནས། སྲིན་པོ་ལགས། ངས་ཁྱེད་ལ་གླུ་ཞིག་ཨེ་ལེན་ཞེས་དྲིས་ཚེ། སྲིན་པོས་ཀྱང་ཆོག་གི་ཞེས་ཞལ་གྱིས་བཞེས། དེའི་ཚེ་རི་བོང་གིས་རོགས་པ་གསུམ་ལ་མིག་བརྡ་ཞིག་བྱས་ཏེ། ཁྭ་ཏ་ནག་ལིས་བུ་མོ་ཁྲོལ།། ཨ་མས་མྱུར་དུ་ཁུར་ཆས་ཀྱིས།། སྐྱ་ཀ་ཁྲ་མོ་སོ་བར་སྡོད།། རི་བོང་ཙོག་ལིས་བྲོ་ཞིག་འཁྲབ།། ཅེས་གླུ་ལེན་ཁུལ་བྱས་ཀྱང་སྲིན་པོ་མིག་དམར་གྱིས་ཅི་ཡང་མ་རྟོགས། འོན་ཀྱང་ཨ་མ་དང་སྐྱ་ཀ་ཁྭ་ཏ་སོགས་ཀྱིས་ཅི་བཤད་ནང་བཞིན་བྱས་པས། པུ་མོ་མེ་ཏོག་ལྷ་མཛེས་བཙོན་ཁང་གི་མུན་ནག་ལས་ཡོངས་སུ་བསྒྲལ་ཏེ་རང་མོས་ཉི་མ་ཤར་བའི་ཕྱོགས་སུ་ཁྲིད་ལ་ཉེ་སྐབས། རི་བོང་གིས། ཨ་མས་བུ་མོ་ཁུར་ལ་སོང་།། སྐྱ་ཀ་ཁྲ་མོ་འཕུར་ལ་སོང་།། ཁྭ་ཏ་ནག་ཆུང་བྲོས་ལ་སོང་།། རི་བོང་ཙོག་ལི་འཕར་ནས་འགྲོ།། ཞེས་བྲོས་སོང་བ་ན། སྲིན་པོས་ད་གཟོད་རང་གི་མགོ་བསྐོར་བ་ཤེས་ཏེ་རྗེས་བཞིན་བདས་ཀྱང་། ཁྭ་ཏ་དང་ཨ་མ་རྒན་མོ་སོགས་སྔར་ནས་བྲོས་ཟིན། ལ་ཞོལ་ཞིོག་ཏུ་རི་བོང་ཞིག་གིས་མིག་ཟུང་སྤྱིན་གྱིས་སྦྱར་ཏེ་བསྡད་འདུག སྲིན་པོས་དེ་མཐོང་བ་དང་ཚིག་པ་གཏིང་ནས་ཟ་སྟེ། ཁྲེལ་མེད་ཀྱི་རི་བོང་ཁ་ཤོ། ངས་དེ་རིང་ཁྱོད་ཀོ་གྱོང་མཉེད་མཉེད་ཅིག་མ་བྱས་ན་ང་མིང་ཆེ་ནི་དོན་མེད་རེད་ཅེས་ཤོར་འོང་ཚེ། རི་བོང་གིས། ཨ་ཁུ་སྲིན་པོ་ལགས། ཁྱེད་ཀྱིས་ནོར་འདུག ང་འཛམ་གླིང་ལྟད་མོ་མཐོང་འདོད་ཀྱི་རི་བོང་མིག་འབྱར་ཡིན་པ་ལས། ཁྱེད་ལ་གནོད་སེམས་སྤུ་ཙམ་ཡང་འཆང་མེད་ཟེར། སྲིན་པོས་བདེན་པར་སེམས་ཏེ་མིག་ཟུང་སྤྱིན་གྱིས་སྦྱར་ན། འཛམ་གླིང་ལྟད་མོ་ཇི་ལྟར་མཐོང་ཞེས་དྲིས། སྔ་དྲོ་སྤྱིན་གྱིས་སྦྱར་བ་ཇི་ལྟར་དམ་ན་ཕྱི་དྲོ་ཉི་མ་ནུབ་ཚེ་དེ་ལྟར་གྱིས་འཛམ་གླིང་མིག་སྔུན་དུ་འཆར་ནུས་ཞེས་རི་བོང་གིས་གུས་གུས་ཞུམ་ཞུམ་གྱིས་བཤད་པར། སྲིན་པོས་དེ་ན་ངའི་མིག་ཟུང་སྦྱར་རོགས་ཞེས་ཞུ་བ་ཡང་ཡང་བྱས་ཚེ་རི་བོང་གིས་ད་གཟོད་འཐད་ལ་མི་འཐད་པའི་ངང་ནས་སྦྱར་ཁུལ་བྱས། དགོང་མོ་ཉི་མ་ཚང་ལ་བཞུད་ཚེ་སྲིན་པོའི་མིག་ཟུང་འབྱར་ཏེ་ཕྲན་ཙམ་མིན་ཚེ་བཀོག་མ་ཐུབ་པ་རེད། དེ་ནས་སྲིན་པོ་ཁོ་ཁ་སྤྲོ་ཁ་ནས་ལངས་ཤིང་། ཞེ་སྤྲོ་གཏིང་ནས་འཁྲུགས་ཏེ་ཡར་སོང་བ་ན། རི་བོང་ཞིག་གིས་སླེ་བོ་སླ་བཞིན་པ་དང་འཕྲད་པས། སྲིན་པོ་དེས། ཁྲེལ་མེད་ཀྱི་རི་བོང་ཁྱོད་ཀྱི་ལྤགས་པ་དམར་བཤུ་མ་བྱས་ན་ང་སྲིན་རྒྱལ་མིག་དམར་མིན་རྟགས་ཡིན་ཟེར་ཅིང་མཆོངས་ཡོང་ཚེ། རི་བོང་གིས། ཨ་ཁུ་སྲིན་པོ་ལགས། ང་ནི་ལ་མགོའི་རི་བོང་སླེ་བསླ་ཞེས་པ་དེ་ཡིན་པ་ལས་ཁྱེད་ལ་གནོད་པ་ཁབ་རྩེ་ཙམ་ཡང་བྱེད་མ་མྱངས་ཞེས་ཞུས་པར། སྲིན་པོས། དེ་ན་ཁྱོད་ཀྱིས་སླེ་བོ་བསླས་ཏེ་ཅི་བྱེད་ཅེས་དྲིས། རི་བོང་གིས། ངས་སླེ་བོ་བསླས་ཏེ་རི་གཟར་ནས་རྦབ་ཏུ་འགྲིལ་ན། ཧ་ཅང་སྐྱིད་པོ་ཡིན་པས་དེའི་ཕྱིར་རོ་ཟེར། སྲིན་པོས་དེ་ན་ང་རྦབ་ཏུ་སྒྲིལ་རོགས་ཞེས་ཞུ་བ་ཡང་ཡང་བྱས་ཚེ། རི་བོང་གིས་འཐད་ལ་མི་འཐད་པའི་ངང་ནས་སླེ་བོ་ཆེན་པོ་ཞིག་བསླས་ཤིང་སྲིན་པོ་ནང་བཅུག་སྟེ། རི་གཟར་ནས་རྦབ་ཏུ་བསྒྲིལ་བས་སྲིན་པོ་ཤི་ལ་ཁད་དུ་གྱུར། དེ་ནས་ཡང་རི་བོང་དེ་ཟམ་ཞིག་གི་སྟེང་ལ་ཞོན་བསྡད་པར། སྲིན་པོ་འཁྱར་འཁྱོར་གྱིས་ཁྱིམ་དུ་ལོག་པ་དང་འཕྲད། དེའི་ཚེ་སྲིན་པོས། དེ་རིང་ངས་ཁྱོད་གསོན་བཤའ་མ་བྱས་ན་ཤི་བའི་རོ་དང་འདྲ་ཞེས་རྦད་ཀྱི་མཆོངས་ཡོང་ཚེ། རི་བོང་གིས། ཨ་ཁུ་སྲིན་པོ་ལགས། ང་མ་རེད་ཁྱེད་ཀྱིས་ལྟོས་དང་མ་གིའི་ཆུའི་ནང་དུ་ཡོད་པ་དེ་རེད་ཅེས་རྫུན་བཤད་པ་དང་། སྲིན་པོས་གཅིག་ལྟ་དུས་ངོ་མ་རལ་བ་སྔོ་སིག་གེ། ངོ་གདོང་དམར་ལམ་མེ། བ་སྤུ་གཟེངས་ཤིགས་སེ་ཡོད་པ་ཞིག་གིས་དཔའ་བའི་ཉམས་དང་བཅས་ཏེ་བལྟས་ཡོད་པས། ཁོས་ཐེ་ཚོམ་སྤུ་ཙམ་མེད་པར་རྦད་ཀྱིས་མཆོངས་བས་ཤི་སོང་བ་རེད། དུས་དེ་ནས་བཟུང་མ་བུ་གཉིས་བདེ་སྐྱིད་ཀྱི་དཔལ་ལ་རོལ་ཏོ། །
 


རྩོམ་ཡིག་སྔོན་མ།
ར་དེ་ཁྱི་རེད་དམ།
རྩོམ་ཡིག་རྗེས་མ།
རྐྱེན་ངན་གྲོགས་སུ་གྱུར་པ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1