སྤྲུལ་སྐུ།
རྣམ་གླིང་རིན་ཆེན། (གཞིས་ཀ་རྩེ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 01-02
སྐུ་ཞབས་དོན་གྲུབ་རྒྱལ་ནས་གཙོས་པའི་རང་རེའི་སྒྲུང་གཏམ་གསར་རྩོམ་པ་མང་པོས《སྤྲུལ་སྐུ》བརྗོད་བྱར་བྱས་པའི་བརྩམས་སྒྲུང་མང་དག་ཅིག་གསར་རྩོམ་གནང་འདུག་མོད། ཁོ་ཚོ་ཕལ་ཆེ་བས་ཡང་ན་སྤྲུལ་སྐུ་རྫུན་མར་དགག་རྒྱག་སུན་འབྱིན་བྱེད་པ་དང་། ཡང་ན་སྤྲུལ་སྐུའི་ཡོན་ཏན་ལ་བསྔགས་བརྗོད་བྱས་པ་གཙོ་བོར་བཟུང་འདུག གུས་པས་ཚོད་ལྟའི་ཚུལ་དུ་བརྩམས་ཁུལ་བྱས་པའི་《སྤྲུལ་སྐུ》ཞེས་པའི་སྒྲུང་གཏམ་དེའི་ནང་སྤྲུལ་སྐུ་ཆུང་ངུ་དེ་བྱིས་པ་ཅིག་ཡིན་པའི་ངོས་ནས། བྱིས་པ་ཅིག་གི་རང་གཤིས་སམ་བྱིས་པའི་ཁྱད་ཆོས་གསལ་སྟོན་བྱ་རྒྱུ་གཙོ་བོར་ཞིབ་འབྲི་བྱས་ནས། བྱིས་པ་ཞིག་སྤྲུལ་སྐུར་ངོས་འཛིན་བྱས་རྗེས་ཀྱི་ཁོའི་ནང་སེམས་ཀྱི་འཇིག་རྟེན་ཚུར་སྣང་བྱ་རྒྱུར་འབད་ཡོད།
གསལ་བཤད་ཀྱི་གཏམ།
གཅིག
ཨ་ཕའི་ངག་སྒྲོས་ལ་ཉན་ན། ཁོ་རང་ཨ་མའི་མངལ་ནས་འཇིག་རྟེན་འདིར་ཐོག་དང་པོ་སླེབས་པའི་དུས་ཚོད་ནི་ཧ་ཅང་རྒྱུན་གཏན་མིན་པའི་དབྱར་ཁའི་ནམ་ཟླ་ཞིག་ཡིན་ཅིང་། ཉིན་དེར་ཕྱི་རོལ་དུ་ཁ་བ་སྐྱ་ ཆིལ་ཆིལ་དུ་བབས་པ་དང་། ཡུལ་དེའི་རི་ཆུ་གཉིས་ཀྱི་སྣེ་ཟུར་དུ་ཁ་དོག་རྣམ་པར་བཀྲ་བའི་འཇའ་གུར་ཕུབ་ཡོད་ཚུལ་བརྗོད་བྱུང་། ད་དུང་ཡ་མཚན་སྐྱེ་དགོས་པ་ཞིག་ལ། ཁོ་རང་ཨ་མའི་མངལ་ནས་བཙས་ཏེ་ཟླ་བ་གཉིས་ཙམ་ལས་སོང་མེད་ནའང་ཁོས་ཁ་གྲག་སྟེ“ཨོཾ་མ་ཎི་པད་མེ་ཧཱུྂཿ ཨོཾ་མ་ཎི་པད་མེ་ཧཱུྂཿ”ཞེས་མ་ཎི་ཡིག་དྲུག་བར་མེད་འདོན་པར་བྱེད་ཅིང་།
ཁོ་རང་ལ་ཁོམ་པ་འདྲ་བྱུང་ན་ནམ་རྒྱུན་ཨ་ཕས་ལག་ཏུ་བཟུང་ནས་བར་མེད་བསྐོར་གྱིན་པའི་མ་ཎིའི་ཆོས་འཁོར་དེ་དང་། བ་སོའི་ཕྲེང་བ་དེ་ཁོ་ནར་ལག་པ་བཅངས་ཏེ་གཏན་ནས་ཁ་བྲལ་མི་བྱེད་པའི་སྐོར་བཤད་བྱུང་བས། དུས་དེ་ནས་བཟུང་། ཁོའི་ཕ་མ་གཉིས་དང་དེ་མིན་སྡེ་བའི་ཡུལ་མི་མང་པོས་ཁོ་རང་ཉིད་ནི་བླ་མའམ་སྐྱེས་མཆོག་དམ་པ་གང་རུང་ཞིག་གི་རྒྱུད་པ་ལས་མཆེད་པའི་བྱང་ཆུབ་སེམས་དཔའ་ཞིག་ཡིན་པར་སྨྲས་ཏེ། དུས་རྒྱུན་ཁོ་རང་ལ་སྡེ་བའི་བྱིས་པ་གཞན་ལས་ལྷག་པའི་སྒོ་ནས་བརྩི་བཀུར་དང་བྱམས་སྐྱོང་བྱེད་ཚུལ་གླེང་བྱུང་། སྐབས་དེ་དུས་ཁོ་རང་ལོ་ངོ་བདུན་ལ་སོན་ཙམ་ཡིན། དེ་དུས་ཁོས་བླ་མ་ཟེར་བ་ཅི་ཞིག་ཡིན་མིན་མི་ཤེས་ལ། སྤྲུལ་སྐུ་ཟེར་བ་གང་ཞིག་ཡིན་མིན་གཏན་ནས་ཤེས་མ་བྱུང་། རྒྱང་རིང་ནས་བལྟས་ན། རྨ་ལུང་སྡེ་བ་ནི་མུ་མཐའ་མི་མངོན་པའི་རྩྭ་ཐང་གི་ཐོག་ཚོམ་བུ་ཚོམ་བུར་བཞད་པའི་གུར་ཀུམ་མེ་ཏོག་ཇི་བཞིན་ཡངས་པའི་རྩྭ་ཐང་གི་ཐོག་ཏུ་མཛེས་སྡུག་གིས་ཆགས་འདུག རྨ་ལུང་སྡེ་བ་ནི་འབྲོག་ཁུལ་དུ་ཆགས་པའི་སྡེ་བ་ཞིག་ཡིན་པས། ཁོ་ཚོའི་མི་རབས་དུ་མ་སྦྲ་གུར་ནང་གནས་མལ་བཅས་ཏེ་མི་ཚེ་ཕར་ལ་ཕུད་མཁན་འབའ་ཞིག་ཡིན་པས། ནམ་རྒྱུན་རྩྭ་ཆུ་བཟང་སའི་ཕྱོགས་སུ་སྦྲ་གུར་གནས་སྤོས་བྱ་དགོས་ཀྱིན་ཡོད་སྟབས། རྩྭ་ཐང་གི་ཁུགས་སོ་མང་དག་ཅིག་གི་ཐོག་ཏུ་ཁོ་ཚོ་གནས་སྡོད་བྱས་པའི་རྗེས་ཤུལ་རེ་ཡོད་ལ། སྦྲ་གུར་བཅས་མྱོང་བའི་རྗེས་ཤུལ་རེ་རེའི་ངོས་སུ་ཁོ་ཚོའི་དགོད་སྒྲ་རེ་རེ་ཐིམས་ཤིང་། ངོ་མཚར་གྱིས་ཕྱུག་པའི་གཏམ་རྒྱུད་དྲོན་མོ་མི་ཉུང་བ་ཞིག་ཀྱང་རྩྭ་ཐང་དེའི་ཕང་བར་འཁྱིལ་ཡོད་པ་རེད་ཨང་། ཁོ་ཚོས་དྲོད་ཁོལ་གྱིས་ཕྱུག་པའི་ལོ་ཟླ་མང་དག་ཅིག་རྩྭ་ཐང་དེའི་གྲུ་ཁ་གང་སར་ཕར་ལ་བསྐྱལ་ཏེ། ནོར་གནག་གི་ངུར་སྒྲ་དང་། གཡང་དཀར་ལུག་ཁྱུའི་འབའ་སྒྲའི་ཀློང་དུ་ལྷིང་འཇགས་ཀྱི་འཚོ་བ་རྩྭ་ཐང་གི་མེ་ཏོག་དང་འགྲོགས་ནས། དུས་བཞིའི་ནམ་ཟླ་རེ་རེ་འཛུམ་མདངས་ཀྱིས་ཚུར་ལ་བསུ་བཞིན་ཡོད། དེ་ནི་ཁོ་ཚོའི་འཚོ་བ་ཡིན། ནོར་ལུག་དང་ལྷན་དུ་འགྲོགས་པའི་རྩྭ་ཐང་གི་འཚོ་བ་ཡིན། ཁོ་ཚོ་ནི་རྩྭ་ཐང་དེའི་བུ་ཕྲུག་ལྷད་མེད་ཅིག་ཡིན། ཞོགས་པའི་སྐྱ་རེངས་ཀྱི་འཛུམ་མདངས་ཀློང་དུ། ཨ་ཡེ་མཚོ་མོས་བཞོ་ཟེའུ་ལག་ཏུ་བཟུང་ནས་འབྲི་མོ་ཐོད་དཀར་མའི་ཕྱོགས་སུ་འོ་མ་འཇོ་བར་འགྲོ་བཞིན་འདུག མོ་ནི་སྦྲ་གུར་དེའི་བདག་མོ་འཁྲུལ་མེད་ཅིག་ཡིན་པས། མོ་སྐྱེས་ནས་ད་བར་དུ་མི་ལོ་སུམ་ཅུ་ལྷག་འགོར་སོང་། ལོ་ངོ་སུམ་ཅུ་ལྷག་གི་མི་ཚེའི་འགྲུལ་བཞུད་ཁྲོད། མོས་རྩྭ་ཐང་དེ་རང་གི་ཚེ་གཅིག་ལུས་གཅིག་གི་ཁྱིམ་གཞིས་སུ་བརྟེན་ནས་མོས་སྦྲ་ནག་གྲུ་བཞི་དེའི་ནང་ཁྱོ་ག་དང་བྱིས་པ་ལ་བཟའ་མ་གཡོ་སྦྱོར་བྱས་པ་བགྲང་གིས་མི་ལང་ལ། འབྲི་མོའི་འོ་མ་འཇོ་བ་དང་། ཞོ་དཀྲོག་པ་སོགས་བསྐྱར་ཟློས་ཀྱི་ལས་ཀ་མང་དག་ཅིག་གཅིག་གཅིག་གཉིས་གཉིས་ཀྱིས་ལས་བཞིན་ཡོད་པ་རེད་ཨང་། མོའི་ཁྱོ་གའི་མིང་ལ་ཚེ་རིང་ཟེར་ཞིང་།
ཁོ་ནི་མི་ཚེ་གཅིག་ནོར་ལུག་གི་རྨིག་རྗེས་དེད་མཁན་གྱི་རྫི་བོ་ཞིག་ཡིན། ཁོ་གཉིས་བཟའ་ཚང་ལ་བྱིས་པ་གཅིག་རང་ཡོད་པ་དེའི་མིང་ལ་དོན་གྲུབ་ཟེར་ཞིང་། ཁོ་ནི་ད་ལོ་ལོ་ངོ་བདུན་ལ་སོན་མ་ཐག་ཡིན། ནམ་རྒྱུན་ཁོས་ཨ་ཕའི་རྗེས་སུ་བསྙེགས་ནས་ནོར་ལུག་འཚོ་སྐྱོང་ལ་འབད་བཞིན་ཡོད་པས། ཁོའི་ཨ་ཕའི་ངོས་ནས་བརྗོད་ན། ཁོ་ནི་ཨ་ཕའི་ལས་རོགས་བཟང་པོ་ཞིག་ཡིན་པ་མ་ཟད་འདུག་རོགས་བཟང་པོ་ཞིག་ཏུའང་གྱུར་ཡོད། ཁོ་དང་ཨ་ཕས་མུ་མཐའ་མི་མངོན་པའི་རྩྭ་ཐང་གི་གྲུ་ག་མང་དག་ཅིག་ཕ་མཐར་བཅད་མྱོང་ལ། རི་རྩེའི་སྨུག་སྤྲིན་གྱི་ཀློང་དུ་ཕར་འགྲོ་ཚུར་འོང་བྱས་པའི་རྐང་རྗེས་ཀྱང་གྲངས་མེད་ཡིན་པས། དོན་གྲུབ་ཀྱང་ད་ཆ་ཁོ་རང་གི་ཨ་ཕ་དང་ཆ་འདྲ་བར་གནས་དེའི་རྩྭ་ཐང་གི་གྲུ་ག་རེ་རེ་ལ་རྒྱུས་མངའ་ཆེན་པོ་ལྡན་ཅིང་། ཨ་ཕ་དང་ཆ་མཚུངས་པའི་རྫི་བོ་བཟང་བོ་ཞིག་ཏུ་གྱུར་ཡོད་པས། ནམ་རྒྱུན་ཁོའི་ཨ་ཕས་ཁོ་རང་གི་སྐྲ་ལོར་དུང་བས་བྱིལ་བྱིལ་ལན་འགའ་བྱེད་བཞིན་གདོང་ལ་འཛུམ་མདངས་ཤིག་རྒྱས་ཞོར།“ད་ལྟ་བུ་ཁྱོད་ཀྱང་ཨ་ཕ་དང་ཆ་འདྲ་བའི་རྫི་བོ་བཟང་བོ་ཞིག་ཏུ་གྱུར་ཡོད་པས། འུ་ཅག་གི་ཁྱིམ་གཞིས་དེ་མ་སྟོང་ཙམ་ཞིག་ཡོང་ས་རེད”ཟེར་བཞིན་འོད་མདངས་འཕྱུར་བའི་རེ་བའི་མིག་ཟུང་ཁོའི་གདོང་ལ་ཅེར་ནས་འདུག ཨ་ཕའི་གཏམ་ལ་ཉན་རྗེས། ཁོའི་ལུས་སེམས་ཧྲིལ་བོར་སྤྲོ་སྣང་ཞིག་དལ་གྱིས་འཕེལ་བྱུང་།
གཉིས།
བྱིས་པའི་དུས་སུ་ཁོ་རང་ཡང་སྡེ་བའི་ན་མཉམ་བྱིས་པ་དེ་དག་དང་ཆ་འདྲ་བར་ཆུ་མིག་དགུ་སྒྲིལ་གྱི་འུར་རྡོ་སྐེད་པར་གཟེད་ནས་ནོར་ལུག་གི་རྨིག་སྒྲའི་རྗེས་སུ་བསྙེགས་ཏེ་ནོར་རྫི་དང་ལུག་རྫི་བྱ་ཞོར་ཡངས་པའི་རྩྭ་ཐང་གི་ཐོག་ཏུ་གན་རྐྱལ་དུ་ཉལ་ནས་སྤང་ཐང་གི་ཐོག་ཏུ་འགྲེ་ལོག་ཡང་ཡང་རྒྱག་བཞིན་མགོ་ཐོག་གི་སྔོ་ཞིང་དྭངས་པའི་ནམ་མཁའ་དང་། ཚོམ་བུ་ཚོམ་བུར་བྱས་ནས་རང་དབང་ངང་ཕར་བཞུད་ཚུར་འོང་བྱེད་བཞིན་པའི་སྤྲིན་དཀར་ལ་ལྟད་མོར་རོལ་བ་དང་། གཤོག་ཟུང་རྡེབ་ཞོར་སྙན་པའི་གྲེ་འགྱུར་སྒྲོག་བཞིན་པའི་བྱེའུ་ཆུང་གི་ཁྱུ་ཚོགས་དང་།
སྦྲ་འདབས་ཀྱི་ཕ་རོལ་དུ་ཞིམ་མངར་གྱི་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་པའི་འབྲི་མོའི་ངུར་སྒྲ་དང་། གཡང་དཀར་ལུག་གི་འབའ་སྐད། རྟ་ཕོའི་འཚེར་སྐད། སྒོ་ཁྱིའི་ཟུག་སྒྲ་སོགས་ལ་རྣ་བ་བླགས་ཏེ་ཕ་མ་གཉིས་ཀྱི་བྱམས་བརྩེའི་གཉོར་སྐྱོང་འོག་མི་ཚེ་ཕར་ལ་ཕུད་བཞིན་པའི་བྱིས་པ་རྣམ་དག་ཅིག་ཡིན། སྐབས་དེ་དུས་ཀྱི་དྲོད་ཁོལ་ལྡན་པའི་མཛེས་སྡུག་གི་འཚོ་བ་དེ་དག་དུས་ད་ལྟའང་ཁོའི་མིག་ལམ་ན་མེ་ཏོག་ལྟར་འཛུམ་ཞིང་འཇའ་བཞིན་བཀྲ་འོང་། འོན་ཀྱང་། ཁོ་རང་ལོ་ངོ་བརྒྱད་ལ་སོན་པའི་དབྱར་ཁ་ཞིག་ལ། ཁོ་ཚང་དུ་ངུར་སྨྲིག་གི་ན་བཟའ་བཞེས་པའི་བླ་རྒན་འགའ་ཕེབས་བྱུང་། དུས་དེ་ནས་བཟུང་། མཛེས་སྡུག་ལྡན་པའི་ཁོའི་བྱིས་དུས་ཀྱི་འཚོ་བ་ལ་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་ཆེན་པོ་ཞིག་ཐེབས་འགོ་ཚུགས་ལ། ཁོའི་མི་ཚེའི་ལས་དབང་ལའང་འགྱུར་ལྡོག་ཤུགས་ཆེན་ཅིག་ཐེབས་སོང་། ཉིན་དེའི་ཞོགས་པར་གནམ་གཤིས་ཧ་ཅང་དྲོ། ཁོ་རང་རྒྱུན་གཏན་ལྟར་ལྷས་རའི་འཁྲིས་སུ་ཕྱིན་ཏེ་ནོར་ལུག་རྣམས་ཕྱིར་བཏོན་ནས་རི་འདབས་སུ་དེད། ནོར་ལུག་རྣམས་རི་འདབས་སུ་དེད་ནས་ཁོ་ཚོ་རྩྭ་ཆུ་བཟང་སར་ འཚོ་སྐྱོང་བྱ་རྒྱུ་ནི་ཁོའི་ཉིན་གང་གི་ལས་ཀ་ཡིན་ལ་ཉིན་གཅིག་གི་འཚོ་བའང་ཡིན། མ་གཞི་ཁོ་རང་འཚོ་གནས་བྱ་ཡུལ་གྱི་འབྲོག་ཁུལ་དེ་རུ་ཁོ་རང་དང་ཆ་འདྲ་བའི་བྱིས་པ་མང་དག་ཅིག་ཡོད། ཁོ་ཚོས་སློབ་གྲྭ་ཟེར་བ་རྣ་བར་གོ་མ་མྱོང་ལ། ཡི་གེ་ཀ་ཞེས་པ་གཅིག་ཀྱང་ངོ་ཤེས་ཀྱི་མེད། འོན་ཀྱང་། ཁོ་ཚོའི་སྣང་ངོར་རང་ཉིད་ལས་སྣང་བ་སྐྱིད་པ་ཞིག་དང་། རང་ཉིད་ལས་བདེ་སྐྱིད་ལྡན་པ་ཞིག་གཏན་ནས་མེད་པར་སེམས་བཞིན་ཡོད། རྒྱུ་མཚན་ནི་རྩྭ་ཐང་དེའི་གྲུ་ག་གང་སར་ཁོ་ཚོའི་རྐང་རྗེས་རེ་རེ་ཡོད་ལ། རྩྭ་ཐང་གི་ཕང་བར་ཐིམས་ནས་ནོར་ལུག་འཚོ་ཞོར་རྩེད་འཇོར་རོལ་རྒྱུ་ནི་ཁོ་ཚོར་མཚོན་ན་རྦད་དེ་གོམས་གཤིས་སུ་སོང་བས་ཡིན། ཁོ་ཚོ་ནི་དེ་ལྟ་བུའི་རང་བྱུང་བབ་ཆགས་ཀྱི་འཚོ་བར་ཧ་ཅང་དགའ། ཧ་ཅང་དགའ། ཉི་མ་ནུབ་རིར་བྱོན་ལ་ཉེ། ཁོས་རྒྱུན་གཏན་ལྟར་རང་ཁྱིམ་གྱི་ནོར་ལུག་རྣམས་དེད་ནས་ཕྱིར་ཁྱིམ་དུ་ ལོག་བྱུང་། སྦྲ་གུར་གྱི་སྒོ་ཁར་བཏགས་ཡོད་པའི་སྒོ་ཁྱི་སྤུ་སོག་དེས་ཁོ་རང་མཐོང་ཐེངས་རེར་དེ་མ་ཉིད་དུ་མཇུག་མ་གནམ་དུ་ཀེར་ཀེར་ལན་འགའ་བྱས་ནས་ཁོ་རང་གི་ཕྱོགས་སུ་མིག་ཟུང་ཅེ་རེར་ལྟ་བཞིན་འདུག ཨ་མས་རྒྱུན་གཏན་ལྟར་བཞོ་ཟེའུ་ལག་ཏུ་ཐོགས་ནས་འབྲི་མོའི་འོ་མ་འཇོ་བཞིན་འདུག ཁོའི་ཨ་མས་ཁོ་རང་ཁྱིམ་དུ་ལོག་པ་ཤེས་འཕྲལ་ཧ་ཅང་དུང་བའི་མིག་ཟུང་གིས་ཁོ་ལ་ལྟ་བཞིན“གཅེས་ཕྲུག དེ་རིང་དཀའ་ལས་ཁག་མ་བྱུང་ངམ། ཁྱོད་མྱུར་མོར་ཁྱིམ་ལ་སོང་དང་། ཁྱིམ་ན་མགྲོན་པོ་ཐོན་ཐལ”ཞེས་བཤད་བྱུང་། ཨ་མའི་སྐད་ཆར་ཉན་རྗེས་ཁོའི་སེམས་ལ་གློ་བུར་དུ་དྲོད་ཁོལ་ཞིག་རྒྱས་བྱུང་། ཁོའི་བསམ་པར་ཁྱིམ་ལ་ཕེབས་པའི་མགྲོན་པོ་ནི་བུ་མོ་ཕན་ཐོགས་ཀྱི་ཨ་ཕ་ཡིན་ཁོ་ཐག་རེད་བསམས། བུ་མོ་ཕན་ཐོགས་ནི་ཁོ་རང་ཆུང་བྱིས་པའི་དུས་ཀྱི་རྩེད་གྲོགས་དང་། གཡང་དཀར་ལུག་གི་འཚོ་རོགས་ཡིན་པར་མ་ཟད། ཁོ་རང་ཆེས་དགའ་སའི་བུ་མོའང་ཡིན། ཁོ་གཉིས་ཉིན་ལྟར་སྤང་ཐང་ཐོག་གན་རྐྱལ་དུ་ཉལ་ཞོར་བརྩེ་བ་མཚོན་པའི་སྙིང་གཏམ་ཕར་ཚུར་བཤད་རེས་བྱེད་བཞིན་ཡོད་དེ།“ཕན་ཐོགས། རྗེས་སུ་ང་ཆེན་པོར་ཆགས་རྗེས་ངས་ཁྱོད་ཆུང་མར་ལེན་ངེས་ཡིན། ཁྱོད་ངའི་ཆུང་མ་བྱ་རྒྱུར་འཐད་པ་ཨེ་ཡོད”ཁོས་དེ་ལྟར་སྨྲ་བཞིན་ཕན་ཐོགས་ཀྱི་ལག་པ་ནས་དམ་དུ་འཇུས་བྱུང་། ཁོའི་སྐད་ཆ་དེས་ཕན་ཐོགས་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་། མོའི་ངོ་གདོང་ཚ་བེར་བེར་བྱེད་ཅིང་། གདོང་པ་ཧྲིལ་པོ་མཚམས་སྤྲིན་གྱི་མདོག་ལྟར་དམར་ལམ་ལམ་བྱེད། མོ་ངོ་ཚ་ཞིག་གིས་ཡོངས་སུ་མྱོས་ཏེ་མགོ་བོ་དུད་ནས་སྐད་ཆ་ཚིག་གཅིག་ཀྱང་ངག་ལས་མ་བཤད།
མོའི་སྨྲ་བ་མེད་པའི་རྣམ་འགྱུར་གྲང་ཤུར་ཤུར་དེ་ཁོས་མཐོང་བས་ཁོའི་སེམས་ལ་བྲེད་ཤ་ཅིག་ངང་གིས་ལངས་བྱུང་བས། ཁོས་སྐད་གདངས་དམའ་བོས“ད་བྱས་ན་ཁྱོད་ལ་འཐད་པ་མེད་པ་ཨེ་རེད”ཅེས་དྲིས་བྱུང་བས། བུ་མོ་ཕན་ཐོགས་ནི་སྔར་བས་ངོ་ཚའི་སྒྲོག་གིས་བཅིངས་ནས་མགོ་བོ་པུས་མོའི་བར་དུ་དུད་བྱུང་། ཁོས་ཕན་ཐོགས་ཀྱིས་རང་ཉིད་ལ་ཁ་ཡ་མི་བྱེད་པ་མཐོང་དུས་ཁོའི་སེམས་ལ་གྲང་ལྷང་ལྷང་དང་འཁྱག་སིབ་སིབ་ཀྱི་ཚོར་བ་ཞིག་ངང་གིས་སྐྱེས་བྱུང་། ཁོས་དེ་འཕྲལ་ཕན་ཐོགས་ཀྱི་ལག་པ་གློད་ནས་སྤང་ཐང་གི་ཐོག་ཏུ་གན་རྐྱལ་དུ་ཉལ་ནས་སྐད་ཆ་ཚིག་གཅིག་ཀྱང་མ་བཤད། ཕན་ཐོགས་ཀྱིས་ཁོའི་སྨྲ་བ་མེད་པའི་རྣམ་འགྱུར་སྐྱོ་ཤས་ཅན་དེ་མཐོང་བས་དེ་འཕྲལ་ཁོའི་འགྲམ་པའི་ངོས་སུ་འོ་ཞིག་སྦྱར་ཏེ་ཁོའི་འོད་ཀྲིག་ཀྲིག་གི་མིག་ཟུང་ལ་ལྟ་བཞིན་མགོ་བོ་ལྕོག་ལྕོག་ལན་འགའ་བྱས་བྱུང་། ཁོ་རང་ནི་རེ་ཞིག་སྨྱོས་པ་ལྟར་རྩྭ་ཐང་དེའི་ཐོག་ཏུ་ས་ལྡིང་གནམ་ལྡིང་བྱེད་བཞིན་ངོ་གདོང་གི་ཁྱོན་ལ་སྔར་ན་མེད་པའི་འཛུམ་མདངས་ཤིག་གིས་ཡོངས་སུ་ཕྱུག་འདུག དུས་དེ་ནས་བཟུང་ལུག་རྫི་བྱིས་པ་གཞན་དག་གིས་ཀྱང་ཁོ་གཉིས་ལ་“བཟའ་ཚོ་ཆུང་ཆུང་ཆ་གཅིག སྤང་གི་མེ་ཏོག་ཆ་གཅིག གཡང་དཀར་ལུ་གུ་ཆ་གཅིག སེར་སྦྲང་བུང་བ་ཆ་གཅིག”ཅེས་སྨྲ་བཞིན་ཁོ་གཉིས་ལ་ཀུ་རེ་ཡང་ཡང་བྱེད་ཀྱིན་ཡོད། ཁོ་རང་རང་ཁྱིམ་གྱི་སྦྲ་གུར་ནང་འཛུལ་བས། སྦྲ་གུར་ནང་བུ་མོ་ཕན་ཐོགས་ཀྱི་ཨ་ཕ་མཐོང་རྒྱུ་མེད་པར་དེ་ལས་ལྡོག་སྟེ་རྒྱུན་པར་རྩྭ་ཐང་དེའི་ཐོག་མཐོང་དཀོན་པའི་ན་བཟའ་དམར་བོ་བཞེས་པའི་གྲྭ་རྒན་གཉིས་བསྡད་ཡོད་པ་མཐོང་། ཨ་ཕས་ཇ་དང་རྩམ་པ་ཁོ་གཉིས་ཀྱི་མདུན་དུ་བཤམས་ནས་ཁོང་གཉིས་པོར་སྣེ་ལེན་གཟབ་རྒྱས་བྱས་འདུག ཨ་མས་བཤད་པའི་ཁྱིམ་ཚང་ནང་གི་མགྲོན་པོ་དེ་ཕན་ཐོགས་ཀྱི་ཨ་ཕ་མིན་པ་ཤེས་དུས་ཁོས་གྲྭ་རྒན་དེ་གཉིས་ལའང་ཁ་བརྡ་བྱ་འདོད་མེད་པར་སེམས་ལ་ཕངས་སེམས་དྲག་པོ་ཞིག་སྐྱེས་བྱུང་། ཁོས་རང་ཁྱིམ་གྱི་ཐབ་ཀའི་མདུན་དུ་སྨྲ་བ་མེད་པར་ཁུ་སིམ་མེར་ཙོག་པུར་བསྡད། གྲྭ་པ་ལོ་ན་ཅུང་རྒན་པ་ཞིག་ཡོད་པ་དེས་ཁོའི་འཁྲིས་སུ་ཡོང་ནས་ཁོའི་མགོ་ལ་བྱིལ་བྱིལ་ལན་འགའ་བྱེད་ཞོར“བུ་དོན་གྲུབ། ཁྱོད་བདེ་མོ”ཞེས་འཚམས་འདྲི་བྱས་པ་དང་སྦྲགས། གྲྭ་རྒན་དེས་རང་གི་ལྟོ་ཕད་ཀྱི་ནང་ནས་རིགས་མི་གཅིག་ལ་ཁ་དོག་ཀྱང་མི་འདྲ་བའི་ཕྲེང་བ་མང་དག་ཅིག་ཕྱིར་བཏོན་ནས“བུ། ཁྱོད་ཀྱི་ཨ་ཕའི་སྐད་ཆར་ཉན་ན། ཆུང་དུས་ཁྱོད་ཕྲེང་བ་ལག་ཏུ་བཟུང་རྒྱུར་ཧ་ཅང་དགའ་ཟེར། ང་ལ་ཁྱོད་ལ་སྦྱིན་བྱེད་ཀྱི་ལག་རྟགས་གཞན་མེད་པས། ཕྲེང་བ་དེ་དག་ལས་ཁྱོད་ཀྱིས་གཅིག་གདམ་ནས་བདག་པོ་བྱོས”གྲྭ་རྒན་དེས་དེ་ལྟར་ལབ་བཞིན་ཕྲེང་བ་དེ་དག་རེ་རེ་བྱས་ནས་བུ་དོན་གྲུབ་ཀྱི་གམ་དུ་བཀྲམ། ཁོས་ཕྲེང་བ་མང་པོ་དེ་འདྲ་མཐོང་དུས་སེམས་ལ་དགའ་སྣང་ཞིག་ངང་གིས་སྐྱེས་ནས་ད་སོ་མའི་རྣམ་འགྱུར་གྲང་ཤུར་ཤུར་དེ་གར་སོང་ཆ་མེད་དུ་ཡལ། རྒྱུ་མཚན་གང་ཡིན་མིན་ཁོ་རང་གིས་ཀྱང་ཤེས་ཀྱིན་མི་འདུག གང་ལྟར་ཆུང་དུས་ནས་ད་བར་དུ་ཁོ་རང་ཕྲེང་བ་ལག་ཏུ་ཐོགས་རྒྱུར་ཧ་ཅང་དགའ། ཁོས་ཕྲེང་བ་དེ་དག་ལ་ཞིབ་མོས་ལྟ་བཞིན་དེ་དག་ལས་ཅུང་ཟད་རྙིང་ཞིང་དྲེག་པ་ཅན་ཞིག་ཡོད་པ་དེ་ལག་ཏུ་བཟུང་ནས་ཧ་ཅང་ཡ་མཚན་པའི་མིག་ཟུང་གིས་གྲྭ་རྒན་དེར་བལྟས་ཏེ“ཕྲེང་བ་དེ་ངའི་ཡིན་པས། ཁྱོད་ཀྱི་ལག་ཏུ་ཇི་ལྟར་སླེབས་པ་རེད”ཅེས་དྲིས་པས། གྲྭ་རྒན་དེ་གཉིས་ཀྱི་ངོ་མདོག་དེ་མ་ཉིད་དུ་གྱུར་ནས་མྱུར་དུ་ལག་ཟུང་གི་སྙིམ་པ་བྲང་ཁར་སྦྱར་བཞིན“ཨ་ཙི། དཀོན་མཆོག་མཁྱེན། ད་ཡིན་ན་འགྲིག་སོང་། ང་ཚོས་ལོ་ངོ་བརྒྱད་ཏག་ཏག་གི་རིང་ཕྲེང་བ་འདིའི་བདག་པོ་འཚོལ་བར་ཕྱིན་པ་ཡིན་ཡང་ད་བར་དུ་བདག་པོ་བཙལ་རྙེད་ཐུབ་མ་སོང་། ད་ཡིན་ན་འགྲིག་སོང་། དཀོན་མཆོག་མཁྱེན”ཞེས་སྨྲ་བཞིན་ཁོའི་དཔྲལ་བའི་ངོས་སུ་འགྲམ་པ་སྦྱར་ཞིང་ཕྲེང་བ་དེ་ཁོ་རང་གི་སྐེ་ལ་བསྐོན་ནས་ཁོ་ལ་ཕྱག་གསུམ་འཚལ་རྗེས་རང་རང་གི་རྟ་ལ་བཞོན་ནས་བྲེལ་བྲེལ་འཚུབ་འཚུབ་ངང་ཁོའི་ཁྱིམ་ལས་ཕྱིར་བུད་སོང་།
གསུམ།
ད་ནི་དགུན་ཁ་སླེབས་བྱུང་། ད་ལོའི་དགུན་ཁ་ནམ་རྒྱུན་ལས་ཧ་ཅང་འཁྱག དོན་གྲུབ་དང་ཁོའི་ཕ་མ་གཉིས་པོ་སྦྲ་གུར་ནང་གི་ཐབ་ཀའི་འགྲམ་དུ་ཙོག་ནས་འོ་ཇ་སྐོལ་བཞིན་འདུག བུ་དོན་གྲུབ་ནི་སྨྲ་བ་མེད་པར་ཕྲེང་བ་དེ་ཁོ་ནར་མིག་ཟུང་ཅེར་ནས་ཅི་ཞིག་ལ་འདང་རྒྱག་བཞིན་ཡོད་པ་འདྲ། ཁོ་ཚང་གི་སྦྲ་གུར་དང་རྒྱང་ཐག་མི་རིང་བའི་ས་ན་མི་མང་པོ་ཞིག་རྟ་ལ་བཞོན་ནས་ཁོའི་ཁྱིམ་ཚང་གི་ཕྱོགས་སུ་ཡོང་གིན་འདུག ཞིབ་ཏུ་བལྟས་ན་ཁོ་ཚོའི་ལུས་ལ་རས་གོས་དམར་པོའི་ཆོས་གོས་རེ་མནབས་འདུག་པས་ཁོ་ཚོ་ནི་དགོན་སྡེ་ཁག་ནས་གནས་དེར་ལྕི་བ་སློང་བར་ཡོང་མཁན་གྱི་དགོན་སྡེའི་རབ་བྱུང་བ་ཡིན་ཤས་ཆེ་ལ། ཡང་ན་གནས་འཇལ་བ་ཡིན་ཡང་སྲིད། དེ་ནས་དུས་ཡུན་ཅུང་ཟད་འགོར་རྗེས་རྟ་བཞོན་པའི་རབ་བྱུང་བ་དེ་དག་ཁོའི་སྦྲ་གུར་གྱི་འཁྲིས་སུ་འབྱོར་བྱུང་། ཁོ་ཚོ་རྟ་ལས་མར་བབས་ཏེ་དཀར་གཙང་གི་ཁ་བཏགས་དཀར་བོ་རེ་ཕྱིར་བཏོན་ནས་བུ་དོན་གྲུབ་ཀྱི་ཕ་མ་གཉིས་ལ་བསྒྲོན་སོང་། ཁོ་ཚོའི་ཁྲོད་ན་ཁ་སྔོན་ཁོའི་ཁྱིམ་ཚང་དུ་ཡོང་བའི་གྲྭ་རྒན་དེ་གཉིས་ཀྱང་འདུག གྲྭ་རྒན་ལོ་ན་ཅུང་རྒན་པ་ཞིག་ཡོད་པ་དེ་བུ་དོན་གྲུབ་ཀྱི་འཁྲིས་སུ་བཅར་ཏེ་ཁོའི་ཐོད་པར་དབུ་ཐུག་ལན་གསུམ་བྱས་རྗེས། སླར་ཡང་འཛུམ་དམུལ་དམུལ་གྱིས་ཁོའི་ཕ་མ་གཉིས་ཀྱི་གན་ལ་ཐོན་ཏེ།“ཕ་མ་བསོད་ནམས་ཅན་པོ་ལ་བུ་ཡང་བསོད་ནམས་ཅན་དེ་འདྲ་ཞིག་འཁྲུངས་འདུག ཁྱེད་ཚོའི་བུ་ནི་ངེད་བསམ་ལྡིང་དགོན་པའི་བླ་མ་གོང་མའི་སྤྲུལ་སྐུ་རྨ་མེད་པ་ཞིག་རེད་འདུག དེ་རིང་ང་ཚོ་འདིར་ཡོང་ནས་བུ་དེ་དགོན་པར་ཁྲིད་ནས་མུ་མཐུད་དེ་འགྲོ་བའི་དོན་མཛད་དུ་འཇུག་དགོས”ཞེས་གསུངས་བྱུང་། ཁོའི་ཕ་མ་གཉིས་ནི་རེ་ཞིག་འབག་སྐུ་བཞིན་རྣམ་ཤེས་བོར་བ་ལྟར་སྐད་ཆ་ཚིག་གཅིག་ཀྱང་ངག་ལས་མ་འཁྲོལ། ཁོའི་ཕ་མ་གཉིས་ཀྱི་ངོས་ནས་བརྗོད་ན། བྱིས་པ་སྤྲུལ་སྐུ་ཡིན་པ་ཤེས་དུས་གཅིག་ནས་ལུས་སེམས་དགའ་བས་རབ་ཏུ་མྱོས་བྱུང་ལ། གཉིས་ནས་བཤད་ན་ཁོང་བཟའ་མི་གཉིས་ལ་བུ་ཕྲུག་དེ་ཁོ་ན་ཉིད་ལས་མེད་པས། གལ་ཏེ་བྱིས་པ་དགོན་སྡེར་སྤྲུལ་སྐུ་བྱེད་པར་བསྐྱལ་ན། ཁོ་ཚོའི་མི་རྒྱུད་དེ་ཇི་ལྟར་རྒྱུན་བསྲིངས་དགོས་སམ། གང་ལྟར་ཁོའི་ཕ་མ་གཉིས་པོ་ཡུད་ཙམ་ཞིག་རིང་དགའ་སྣང་ཞིག་དང་སེམས་ཚེགས་ཤིག་ལྷན་དུ་སྐྱེས་ནས་ཅི་བྱ་གཏོལ་བྲལ་དུ་གྱུར་སོང་།“བུ། རང་དགོན་པར་སྤྲུལ་སྐུ་བྱེད་པར་འགྲོ་འདོད་དམ”ཁོའི་ཨ་ཕས་ཁོ་རང་གི་གདོང་ལ་ཅེར་ནས་དེ་ལྟར་དྲིས། “སྤྲུལ་སྐུ་ཟེར་ན་ཅི་ཞིག་རེད” “སྤྲུལ་སྐུ་ཟེར་ན་ཁོ་ཚོ་དང་འདྲ་བར་དགོན་པར་འཚོ་བ་བསྐྱལ་ནས་འདུག་མཁན་དེ་དག་ལ་ཟེར”ཁོའི་ཨ་ཕས་རང་གི་མཛུབ་མོ་རབ་བྱུང་བ་དེ་དག་གི་ཕྱོགས་སུ་བསྟན་ཏེ་དེ་ལྟར་བཤད། “སྤྲུལ་སྐུ་བྱས་ན་ཆུང་མ་བླངས་ན་ཨེ་ཆོག”ཁོས་དེ་སྐད་དྲིས་བྱུང་བས། ཁོའི་ཨ་ཕས་མྱུར་དུ་ཁོའི་ཁ་ལ་སྦར་མོས་བཀབ་སྟེ། “ཅི་ཟེར། བྱིས་པ་པྲ་ཚགས་ཁྱོད་ཡིན་ན། སྤྲུལ་སྐུས་ཆུང་མ་ལེན་པའི་སྲོལ་ཞིག་གང་ན་ཡོད” “ཆུང་མ་ལེན་མི་ཆོག་ན་ང་སྤྲུལ་སྐུ་བྱེད་པར་འགྲོ་མི་འདོད། ངས་ད་དུང་ཕན་ཐོགས་ཆུང་མར་ལེན་རྒྱུའི་དམ་བཅའ་བཞག་ཡོད། ང་རང་མུ་མཐུད་དེ་ལུག་རྫི་བྱ་འདོད”ཁོས་དེ་སྐད་སྨྲ་བཞིན་འདུར་མ་རྒྱུགས་ཀྱིས་ཐད་ཀར་ཕན་ཐོགས་འཚོལ་བར་བུད། ཁོའི་ཕ་མས་གྲྭ་རྒན་དེ་ཚོ་ལ་རང་གི་བྱིས་པ་སྤྲུལ་སྐུ་བྱ་བར་འགྲོ་འདོད་མེད་པའི་གནས་ཚུལ་བཤད་པས། གྲྭ་རྒན་དེས་མིག་ཟུང་ཇེ་ཆེར་བགྲད་ནས“དེ་འདྲ་དཔེ་མི་སྲིད། ཁྱེད་རྣམ་པའི་བྱིས་པ་གཞན་དང་མི་འདྲ་བར་ད་ཆ་སྤྲུལ་སྐྲུའི་གོ་འཕང་ཐོབ་དུས། སྤྲུལ་སྐུ་བྱེད་པར་མི་གཏོང་བའི་དཔེ་ཞིག་གང་ན་ཡོད། ཡང་གཅིག་བཤད་ན། སྤྲུལ་སྐུ་བཞུགས་ཡུལ་དགོན་པ་ཡིན་པས། ལས་ལ་སྤྲུལ་སྐུ་བསྐོས་དུས། མི་འགྲོ་ཟེར་བའི་དཔེ་ཞིག་གང་ན་ཡོད”ཅེས་བརྗོད་བྱུང་བས། ཁོའི་ཕ་མ་གཉིས་ཀྱིས་ཀྱང་བུའི་འདོད་པ་ཡོད་མེད་ལ་གཏན་ནས་མི་བལྟ་བར་བུ་བཙན་ཤེད་ཀྱིས་དགོན་སྡེར་སྤྲུལ་སྐུར་མངའ་གསོལ་བྱ་རྒྱུར་ཐག་བཅད། མཚན་མོ་དེར། ཁོ་རང་འདུག་སའི་སྦྲ་གུར་དེའི་ནང་དུ་ཆོས་ཀྱི་སྒྲ་དབྱངས་ལྷང་ལྷང་དུ་གྲགས་ཤིང་། རྒྱུས་ཡོད་རྒྱུས་མེད་ཀྱི་མང་ཚོགས་དད་ལྡན་པ་མང་དག་ཅིག་ཐོན་འདུག་པས། དུས་རྒྱུན་ཁ་ཁུ་སིམ་པའི་སྦྲ་གུར་དེའི་ནང་ད་ལྟ་འདུ་འཛིའི་ཡོ་ལང་ཞིག་གིས་ཡོངས་སུ་འཁྲིགས་འདུག ནངས་ཁ་སྔ་མོ་ནས་ཆ་རྒྱུས་མེད་པའི་གྲྭ་རྒན་དེ་དག་དང་ལྷན་དུ་དགོན་སྡེར་འགྲོ་དགོས་པའི་གནས་ཚུལ་རྣམས་དྲན་ན་ཁོ་ལ་གཉིད་ཁུག་འདོད་ཀྱི་དང་ཁ་ཡེ་ནས་མིན་འདུག ཁོ་རང་སྐྱེས་པ་ནས་ད་བར་དུ་ཁོ་རང་འཚོ་གནས་བྱ་ཡུལ་གྱི་སྦྲ་གུར་དེ་དང་བྱམས་བརྩེ་ཅན་གྱི་ཕ་མ་གཉིས་དང་ཁ་བྲལ་ཏེ་ཡུལ་གཞན་དུ་གཏན་ནས་འགྲོ་མ་མྱོང་། ད་ཆ་རྒྱུས་མེད་ཀྱི་ཡུལ་གྲུ་ཞིག་ཏུ་ལུག་རྫིའི་ལས་སྤངས་ནས་སྤྲུལ་སྐུ་བྱེད་པར་འགྲོ་དགོས་རྒྱུ་ནི་ཁོ་ལ་མཚོན་ན་མནར་གཅོད་ཅིག་ཅི་ལ་མིན། ནམ་རྒྱུན་དགོད་རྒྱུར་དགའ་བའི་ཁོ་རང་དོ་ནུབ་ངུ་ཤུམ་དབང་མེད་དུ་ཤོར་བྱུང་། ཁོའི་ངུ་སྒྲ་དེས་རྩྭ་ཐང་གི་མཚན་མོ་དེའི་ལྷིང་འཇགས་དཀྲོགས་སོང་། དེ་ནི་ཁོ་རང་གི་གཅེན་མོ་ཕ་མའི་བཙན་ཤེད་ལ་བརྟེན་ནས་མ་འདོད་བཞིན་དུ་གནས་ལ་བསྐྱལ་བ་ཇི་བཞིན་ཁོ་རང་གི་མིག་ཟུང་མིག་ཆུས་ཡོངས་སུ་བསྒྲིབས་ནས་མིག་མདུན་གྱི་ཡོད་ཚད་མག་མོག་ཏུ་གྱུར་སོང་། མག་མོག་ཏུ་གྱུར་སོང་།
བཞི།
ཞོགས་པའི་ཉི་མ་རྒྱུན་གཏན་ལྟར་དབང་ཕྱོགས་རི་རྩེ་ནས་དལ་གྱིས་མཁའ་ལ་འཕགས་བྱུང་། ཉི་འོད་ངར་མོ་དེ་ཁོ་རང་འཚོ་གནས་བྱ་ཡུལ་གྱི་རྩྭ་ཐང་དེའི་ཐོག་འཕྲོ་དུས། ཁོས་ད་གཟོད་རྩྭ་ཐང་གི་ཞོགས་པའི་རྣམ་པ་ནི་ཅི་འདྲའི་མཛེས་ཤིང་སྡུག་པ་ཞིག་ཡིན་པ་གཞི་ནས་རྟོགས་བྱུང་། གྲྭ་རྒན་ཞིག་གིས་ཁོ་རང་གི་སྐྲ་ལོ་རིང་བོ་དེ་ཕངས་སེམས་ཅི་ཡང་མེད་པར་དུམ་བུ་དུམ་བུར་བྱས་ནས་བྲེག་བྱུང་བས། ཁོའི་སེམས་ལ་ཧ་ཅང་བཟོད་མི་ཐུབ་པའི་སྐྱོ་སྣང་ཞིག་ངང་ངམ་ཤུགས་སུ་སྐྱེས་ནས། ཁོས་དེ་འཕྲལ་ཨུ་ཚུགས་ཀྱིས་ཨམ་གཙིགས་ཤིག་བསྡམས་ཞོར་མིག་ཟུང་དལ་གྱིས་བཙུམས་བྱུང་། སྐྲ་ལོ་བཞར་ཟིན་རྗེས། ཁོས་རང་ཉིད་ཀྱི་མགོ་བོ་ཧ་ཅང་ ཡང་མོ་ཞིག་ཏུ་གྱུར་ཡོད་པའི་ཚོར་སྣང་སྐྱེས་བྱུང་ལ། རླུང་བུ་སིལ་སིལ་དུ་ལྡང་ཐེངས་རེར་ཁོའི་མགོ་བོའི་ ཁྱོན་ལ་གྲང་ཅང་ཅང་གི་ཚོར་བ་སྐྱུར་མོ་ཞིག་སྦྱིན་འོང་། གྲྭ་རྒན་གཞན་ཞིག་གིས་ཐལ་རྡུལ་གྱིས་འཚོས་པའི་ཁོ་རང་གི་སློག་པ་དེ་མར་ཕུད་དེ་སྔ་མོ་ནས་སྟ་གོན་བྱས་པའི་ངུར་སྨྲིག་གི་ན་བཟའ་གསར་པ་ཞིག་ལུས་ལ་བསྐོན་བྱུང་། ལྭ་བ་དེ་འདྲ་ཁོས་ལུས་ལ་གྱོན་པ་ཐེངས་དང་པོ་ཡིན་པས། ཁོའི་ལུས་པོའི་ཁྱོན་ལ་བདེ་པོ་ཞིག་གཏན་ནས་མ་བྱུང་། ཁོ་རང་གི་ཕ་མ་ནས་གཙོས་པའི་དད་ལྡན་པ་མང་དག་ཅིག་གིས་ལག་ཏུ་བཀྲ་ཤིས་པའི་དཀར་གཙང་གི་མཇལ་དར་རེ་འཁྱེར་ནས་ཁོ་རང་གི་ཁྲིས་སུ་གུས་ཕྱག་ཡང་ཡང་ཕུལ་བཞིན་འདུག ཁོ་ལ་མཚོན་ན་དེ་ནི་རྨི་ལམ་ཞིག་དང་ཅི་འདྲའི་འདྲ། དད་ལྡན་པ་མང་པོས་ཁོ་རང་ལ་གུས་ཕྱག་འཚལ་དགོས་དོན་ཅི་ཞིག་ཡིན་མིན་ཁོས་ཤེས་ཀྱིན་མིན་འདུག ཁོས་དད་ལྡན་པ་དེ་དག་གི་ཀློང་དུ་མིག་ཟུང་ཡང་ཡང་ལྟ་བཞིན་ཅི་ཞིག་འཚོལ་བཞིན་ཡོད་པ་ལྟར་སྣང་། འོན་ཀྱང་ཁོས་འཚོལ་གྱིན་པ་དེ་ནི་ཕན་ཐོགས་ཡིན་པ་སྨྲ་མི་དགོས། དྲང་མོ་བཤད་ན། ད་ཆ་ཁོས་ཕན་ཐོགས་མཐོང་འདོད་ཧ་ཅང་ཆེ། འོན་ཀྱང་། ད་ཆ་ཁོས་རང་ཉིད་མི་བུ་སྤྱིར་བཏང་བ་ཞིག་མིན་པ་ཤེས་ཀྱི་ཡོད་པ་འདྲ། ཁོ་རང་གི་འཁྲིས་སུ་ལངས་ནས་ཡོད་པའི་གྲྭ་རྒན་དེ་དག་དང་དད་ལྡན་མང་ཚོགས་ཚོས་ཁོ་རང་གི་མིང་ནས་མ་འབོད་པར“བསམ་ལྡིང་རིན་པོ་ཆེ། བསམ་ལྡིང་སྤྲུལ་སྐུ”ཞེས་འབོད་ཀྱིན་འདུག ཐ་ན་ཁོ་རང་གི་ཕ་མ་གཉིས་ཀྱིས་ཀྱང་སྔོན་ཆད་ལྟར་“ངའི་བུ། ངའི་གཅེས་ཕྲུག”ཅེས་མི་འབོད་པར།“རིན་པོ་ཆེ། རིན་པོ་ཆེ”ཞེས་འབོད་ཀྱིན་འདུག་པས། ཁོ་ལ་གློ་བུར་དུ་ཕ་མ་གཉིས་ཀྱིས་རང་དང་བར་ཐག་རྒྱང་དུ་བཀྱེད་བཞིན་པའི་ཚོར་སྣང་ཞིག་ངང་གིས་སྐྱེས་བྱུང་། ཉིན་དེ་དག་ཁོ་ལ་མཚོན་ན་གསང་བ་དང་སྒྱུ་འཕྲུལ་གྱིས་ཕྱུག་པའི་ཉི་མ་འགའ་རེད། ཁོ་རང་ནི་ཕ་མ་གཉིས་པོས་རྒྱང་དུ་སྤྱུགས་པའི་དྭ་ཕྲུག་ཅིག་དང་ཁྱད་ཅི། ཁོ་རང་དེ་ལྟར་ངུ་ཤུམ་རྒྱག་ཞོར་མ་འདོད་བཞིན་དུ་རྟ་ལ་བཞོན་ནས་བསམ་ལྡིང་དགོན་པའི་ཕྱོགས་སུ་ལམ་ལ་ཞུགས་སོང་། ཁོའི་མིག་ཀོང་ལ་འཁྱིལ་འདུག་པའི་མཆི་མ་ནི་རྡོག་པོ་རེ་རེ་བྱས་ཏེ་མཁུར་ངོས་སུ་འགྲིལ་འོང་།
ལྔ།
ཁོ་དང་གྲྭ་རྒན་རྣམས་རྟ་ལ་ཞོན་ནས་ཆུ་ཚོད་གསུམ་ཙམ་འདས་རྗེས་གཞི་ནས་བསམ་ལྡིང་དགོན་དུ་ སླེབས་བྱུང་། བསམ་ལྡིང་དགོན་པ་ནི་ནགས་ཚལ་གྱིས་བཀླུབས་པའི་རི་འདབས་ཤིག་ན་ཆགས་འདུག་ཅིང་། དགོན་སྡེའི་མཐའ་འཁོར་དུ་ཤོལ་བོ་དང་སྦྱར་བ། རྒྱ་ལྕང་སོགས་མང་དག་ཅིག་འདུག རྒྱང་རིང་ཞིག་ནས་ གསེར་འོད་ཆེམ་ཆེམ་དུ་འཕྲོ་བའི་དགོན་སྡེ་དེའི་རྒྱ་ཕིབས་དག་མཐོང་ཐུབ། དེ་ནི་ངོ་མ་མིག་ངོར་མཛེས་པ་ཞིག་རེད། ཁོ་རང་ད་རེག་བར་དུ་དགོན་སྡེ་གང་དུའང་ཆོས་མཇལ་ལ་འགྲོ་མ་མྱོང་། སྔོན་ཆད་ཁོ་རང་གི་ཁྱིམ་གྱི་གྱང་ངོས་སུ་སེ་འབྲས་དགེ་གསུམ་དང་བཀྲ་ཤིས་ལྷུན་པོ་ལ་སོགས་པའི་དགོན་སྡེའི་སྐུ་པར་འགའ་རེ་སྦྱར་ཡོད་པས། སྐུ་པར་ངོས་ཀྱི་དགོན་སྡེ་དེ་དག་དང་བསྡུར་ན་ཁོ་རང་འགྲོ་སའི་བསམ་ལྡིང་དགོན་པ་ནི་དེ་འདྲའི་གཞི་རྒྱ་ཆེ་བ་ཞིག་མ་ཡིན། ཁོ་ཚོ་དགོན་སྡེའི་སྒོ་འགྲམ་དུ་སླེབས་དུས་གང་ནས་འོང་མིན་ཆ་མི་འཚལ་བའི་དད་ལྡན་མཇལ་པ་མང་དག་ཅིག་གནས་དེར་འདུས་ནས་ཁོ་རང་གི་ཕྱོགས་སུ་ཁ་བཏགས་འཕངས་བཞིན་གུས་ཕྱག་ཡང་ནས་ཡང་དུ་འཚལ་བཞིན་འདུག རླུང་བུ་སིལ་སིལ་རེ་ལྡང་འོང་དུས་དགོན་དེའི་ཕྱོགས་བཞི་ཀུན་ནས་“ཐིང ཐིང”ཞེས་དྲིལ་བུའི་སྒྲ་སྙན་མོ་རེ་རྣ་བར་འོང་། གྲྭ་རྒན་གཉིས་ཀྱིས་ཁོ་རང་གི་ལག་ནས་བཟུང་སྟེ་ཁོ་རང་བཞུགས་ཁྲིའི་ཐོག་བསྐྱལ་བྱུང་། དད་ལྡན་པ་མང་དག་ཅིག་གིས་ཞྭ་མོ་མར་ལ་ཕུད་ནས་ལག་ཟུང་ཐལ་མོ་སྦྱར་ཏེ་ཁོ་རང་གི་འཁྲིས་སུ་བཅར་ནས་མགོ་བོ་དུད་དེ་གུས་ཕྱག་ཡང་ཡང་འཚལ་བཞིན་འདུག“མི་རྒན་མང་པོ་དེ་འདྲས་ཁོ་རང་བླ་ནས་བླ་རུ་བཀུ་དགོས་དོན་ཅི་ཡིན”ཁོས་དེ་ལྟར་བསམས། དད་ལྡན་པ་ཚོར་འཇལ་ཁ་གནང་གྲུབ་རྗེས། གྲྭ་རྒན་དེས་ཁོ་རང་གློག་འོད་མེད་པར་མར་མེས་བཀང་བའི་གྲྭ་ཤག་ཅིག་ཏུ་ཁྲིད་དེ“དེ་རིང་ནས་བཟུང་སྐུ་ཉིད་འདི་གར་གནས་བཅའ་དགོས”ཞེས་བཤད། ནམ་རྒྱུན་ཡིན་ན་ཁོ་རང་ཨ་ཕ་དང་ཨ་མའི་འཁྲིས་སུ་ཉལ་གྱིན་ཡོད་པས། དོ་ནུབ་ཁོ་རང་གཅིག་པུ་མར་མེའི་འོད་མདངས་ཀྱིས་བཀང་བའི་གྲྭ་ཤག་དེའི་ནང་ཉལ་དགོས་པ་ཡིད་ལ་དྲན་ན་ཁོའི་སེམས་ལ་གློ་བུར་དུ་ཞེད་སྣང་ཅིག་དང་ཁེར་རྐྱང་གི་བསམ་པ་དྲག་པོ་ཞིག་ངང་གིས་སྐྱེས་བྱུང་། ལྷག་པར་དུ་གྲྭ་ཤག་དེའི་ནང་ཚོན་མདོག་མི་གཅིག་པའི་ལྷ་སྐུ་མང་པོ་ཞིག་འདུག་ཅིང་། ལྷ་སྐུ་དེ་དག་གི་ཞལ་རས་འགའ་རེ་དམར་བོ་མེ་ལ་འགྲན་ཅིང་། འགའ་རེ་གཡུ་ལྟར་སྔོ་བ། འགའ་རེ་ནི་དཀར་བོ་དཀར་རྐྱང་དང་། འགའ་རེ་ནི་ནག་པོ་ནག་རྐྱང་ཡིན་པ། ལྷ་སྐུ་འགའ་རེས་ཁྲོ་ཉམས་ཤིག་བསྟན་ཞོར་ཕྱག་ཏུ་ བསྣམས་པའི་རལ་གྲི་མཁའ་ལ་འཕྱར་འདུག་པ་དང་། ལྷ་སྐུ་འགའ་རེས་ཞལ་ནང་གི་ལྗགས་དམར་ཕྱི་རུ་ བཏོན་ནས་ཁོ་ལ་རྫིག་རྫིག་བྱེད་པ། ལྷ་སྐུ་འགའ་རེར་དབུ་ལྔ་དྲུག་ཙམ་ཞིག་འཁྲུངས་པ་དང་། འགའ་རེར་ཕྱག་ལྔ་དྲུག་ཙམ་ཞིག་འཁྲུངས་ཡོད་པ་། འགའ་རེའི་སྐུ་ཚད་ཧ་ཅང་མཐོ་བ་དང་། འགའ་རེའི་སྨིན་མ་དཀྱུས་རིང་ལ་མཁའ་ལ་གཟེངས་འདུག་པས། ཁོས་ལྷ་སྐུ་དེ་དག་རིག་ཐེངས་རེར་སེམས་ལ་བྲེད་ཤ་ཞིག་ངང་གིས་ལངས་བྱུང་བས། སྙིང་ལ་སྤུ་གྲི་ཟུག་པ་ཇི་བཞིན་ལུས་ཡོངས་རྫོགས་འདར་སིག་སིག་བྱས་བྱུང་། སྐྱི་གཡའ་བའི་མཚན་མོ་དེར་ཁོའི་མིག་མདུན་དུ་བྱམས་བརྩེ་ལྡན་པའི་ཕ་མའི་ཞལ་རས་དང་། ཁོ་རང་གི་སྙིང་ནས་དགའ་བའི་བུ་མོ་ཕན་ཐོགས་ཀྱི་འཛུམ་མདངས་རེ་རེ་ཡང་ནས་ཡང་དུ་དྲན་ནས་རང་དབང་མེད་པར་ངུ་ཤུམ་དབང་མེད་དུ་ཤོར་བྱུང་། ཁོ་རང་གི་ངུ་སྒྲ་དེ་གྲྭ་རྒན་དེས་ཐོས་བྱུང་བས། ཁོས་གོམ་པ་རྟབ་རྟབ་པོར་སྤོས་ཏེ་ཁོ་རང་གི་འཁྲིས་སུ་ཡོང་ནས“ཅི་རེད། ཁྱེད་ཀྱི་སྐུ་ལུས་མི་བདེའམ”ཞེས་དྲིས་བྱུང་བས། བསམ་ལྡིང་སྤྲུལ་སྐུའི་གདོང་ནས་སྐྱོ་བའི་མིག་ཆུ་བཞུར་གྱིན“སྐུ་མཁྱེན། ང་ཕ་ཡུལ་དུ་ཕྱིར་ལོག་ཆོག་གམ”ཞེས་གསུངས། གྲྭ་རྒན་དེས་ཁོ་རང་གི་དབུ་ལ་བྱིལ་བྱིལ་ལན་འགའ་བྱེད་བཞིན“ད་ནས་བཟུང་། དགོན་པ་དེ་ནི་ཉིད་ཀྱི་ཕ་ཡུལ་ཡིན”ཞེས་སྨྲ་བ་འཇམ་པོས་བསམ་ལྡིང་སྤྲུལ་སྐུ་ལ་ཞུས་པས།“དེ་ངའི་ཡུལ་མ་རེད། ངའི་ཕ་ཡུལ་ཡངས་པའི་རྩྭ་ཐང་ཐོག་ཡོད། ད་ལྟ་ངས་ཕ་མ་ཧ་ཅང་དྲན། ང་སྤྲུལ་སྐུ་བྱ་མི་འདོད”ཅེས་གསུངས་ཏེ་ཤུམ་འགོ་ཚུགས་སོང་།“ཁྱེད་ལ་ཆ་མཚོན་ན་འགྲོ་བ་རིགས་དྲུག་ཚང་མ་རང་གི་ཕ་མ་མ་ཡིན་ནམ། ད་མ་ཤུམས”གྲྭ་རྒན་དེས་ཁོའི་ཕྲག་པར་ལག་པས་རྡེབ་རྡེབ་བྱེད་ཀྱིན་ཧ་ཅང་གཅེས་པའི་ཉམས་ཀྱིས་དེ་ལྟར་སེམས་གསོ་བྱས། ཞོགས་པའི་ཉི་འོད་ཐོག་མ་བསམ་ལྡིང་དགོན་པའི་རྒྱ་ཕིབས་ཀྱི་ངོས་སུ་ཆེམ་ཆེམ་དུ་འཕྲོས་བྱུང་། ཉི་འོད་དྲོན་མོ་ཁོའི་ལུས་ཐོག་ལ་འཕྲོས་ཐེངས་རེར། ཁོའི་སེམས་ལ་རང་དབང་མེད་པར་ཕ་ཡུལ་དང་ཕ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་དྲན་བྱུང་། ནོར་ལུག་གི་རྗེས་སུ་སྙེག་བཞིན་རྫི་གླུ་ཐན་ཐུན་རེ་ངག་ལ་ལེན་གྱིན་པའི་ཕ་ཡུལ་གྱི་འཚོ་བ་དག་དྲན་བྱུང་། ད་དུང་ཕན་ཐོགས་དང་ལྷན་དུ་ཡངས་པའི་རྩྭ་ཐང་གི་ངོས་སུ་གན་རྐྱལ་དུ་ཉལ་ནས་སྙིང་གཏམ་གླེང་ཞོར་མཐོ་ནམ་མཁའི་དབྱིངས་སུ་རང་དགར་རྒྱུ་བའི་སྤྲིན་དཀར་དང་། སྙན་པའི་གྲེ་འགྱུར་སྒྲོག་བཞིན་རང་དབང་ངང་འཕུར་ལྡིང་བྱེད་བཞིན་པའི་བྱ་བྱེའུ་ཡི་ཁྱུ་ཚོགས་ལ་ལྟད་མོར་རོལ་བཞིན་པའི་རྩྭ་ཐང་གི་རང་བྱུང་བབ་ཆགས་ཀྱི་འཚོ་བ་དག་དྲན་བྱུང་། ཁོ་རང་དེ་ལྟ་བུའི་འཚོ་བ་ལ་ཧ་ཅང་དགའ། ཧ་ཅང་དགའ། མགོ་ཐོག་ཏུ་རང་དབང་ངང་བཞུད་བཞིན་པའི་འདབ་ཆགས་ཀྱི་ཚོགས་རྣམས་མིག་ཟུང་གིས་རིག་ན། ཁོ་རང་གི་བསམ་པར་རང་ཉིད་ཀྱང་གང་སར་འཕུར་ལྡིང་བྱེད་བཞིན་པའི་བྱེའུ་ཆུང་ཞིག་ཡིན་ན་ཅི་མ་རུང་སྙམ། འོན་ཀྱང་། ད་ལྟ་ཁོ་རང་ལ་ཆ་མཚོན་ན་རང་ཉིད་ནི་དགུང་ནམ་མཁའ་སྔོན་མོའི་ཐོག་ཏུ་རང་དབང་ངང་འཕུར་ལྡིང་བྱེད་བཞིན་པའི་བྱེའུ་ཆུང་ཞིག་མ་ཡིན་པར། གཟེབ་ཏུ་ཚུད་པའི་བྱེའུ་ཆུང་ཆུང་ཞིག་དང་ཁྱད་ཅི། ཕ་མ་གཉིས་འདུག་རོགས་མེད་པར་ཉིན་ལྟར་གཞན་གྱི་བཀའ་བཀོད་འོག་ཤིན་ཏུ་ནས་མི་གོམས་པའི་ངུར་སྨྲིག་གི་ཆས་གོས་རིང་བོ་ཞིག་ལུས་ལ་གྱོན་ཏེ་གྲང་ཅང་ཅང་གི་གྲྭ་ཤག་དེའི་ནང་མ་འདོད་བཞིན་དུ་གསལ་བྱེད་སུམ་ཅུ་ནས་གཙོས་པའི་རང་རིགས་ཀྱི་སྐད་དང་འབྲེལ་ཡོད་ཀྱི་ཆོས་གཞུང་ལ་འབད་བརྩོན་བྱ་དགོས་པ་མ་ཡིན་ནམ། ད་ལྟ་ཁོ་རང་གི་ལུས་པོ་གྲྭ་ཤག་དེའི་ནང་ཡོད་ཀྱང་སེམས་པ་སྐར་ཆ་ཙམ་ ཡང་གནས་དེར་མི་གནས་པར་རྒྱང་རིང་གི་རྩྭ་ཐང་དུ་ཆས་ཟིན། རྩྭ་ཐང་གི་འབྲི་མོ་ཐོད་དཀར་མའི་གདོང་པ་དང་། རང་ཉིད་མཐོང་ན་མགོ་བོ་གཡུག་གཡུག་དང་མཇུག་མ་ཀེར་ཀེར་བྱེད་ཀྱིན་པའི་སྒོ་ཁྱི་ནག་པོ། འབྲི་མོའི་འོ་མ་འཇོ་ཞོར་དང་འོ་ཇ་སྐོལ་ཞོར་“ངའི་གཅེས་ཕྲུག”ཟེར་བཞིན་བྱམས་དུང་གི་འོ་ཡང་ཡང་སྦྱོར་བའི་ཨ་མ། རང་ཉིད་ཀྱི་ལག་ཆུང་ནས་བཟུང་སྟེ་ཡངས་པའི་རྩྭ་ཐང་གི་ཐོག་ཏུ་ནོར་ལུག་འཚོ་སྐྱོང་བྱ་ རོགས་ཀྱི་ཨ་ཕ་། ཆུང་ཆུང་ལུག་གི་འཚོ་རོགས་དང་ཡང་ཆུང་མེ་ཏོག་འཐུ་རོགས་བྱེད་མྱོང་བའི་ཕན་ཐོགས་སོགས་མདོར་ན་རྩྭ་ཐང་གི་ཡོད་ཚད་དུས་ད་ལྟའང་ཁོའི་སེམས་ན་ཁྲིག་ཁྲིག་ཡིན། རྩྭ་ཐང་དང་ཁ་བྲལ་བའི་ཉིན་དེ་དག་ནི་ཁོ་ལ་མཚོན་ན་འོད་ཟེར་མཐོང་དཀོན་པའི་སྨག་རུམ་མུན་པའི་ཀློང་གི་ཉི་མ་འགའ་ཡིན། ད་ཆ་ཁོས་རང་གི་ཕ་མ་གཉིས་ཧ་ཅང་དྲན། ཁོ་རང་དེ་ལྟར་སློབ་སྦྱོང་གི་ཐོག་ཏུ་སེམས་པ་མ་གནས་པར་དྲན་གསོ་དང་འདང་རྒྱག་གི་ཀློང་དུ་ཚུད་བཞིན་པ་གྲྭ་རྒན་དེས་མཐོང་བྱུང་བས། གྲྭ་རྒན་དེས་དེ་མ་ཐག་ལག་ཏུ་དབྱུག་པ་ཐོགས་ཏེ་ཁོ་རང་གི་མགོ་ཐོག་ཏུ་ལན་གསུམ་འཕངས་བྱུང་བས། ཁོའི་སེམས་པ་དེ་བས་སྐྱོ་གདུང་གི་ཀློང་དུ་ཚུད་ནས་མིག་ཆུ་ཁྲུམ་ཁྲུམ་དུ་བཞུར་བྱུང་། མཚན་མོ་དེར། ཁོ་རང་གིས་རྨི་ལམ་དྲོན་མོ་ཞིག་རྨིས་བྱུང་། རྨི་ལམ་ནང་ཁོ་རང་གི་ཕ་མ་གཉིས་པོས་མགུལ་ལ་དཀར་གཙང་གི་མཇལ་དར་དང་། ལག་ཏུ་ཆང་ཕོར་བསྣམས་ནས་ཕན་ཐོགས་དང་རང་ཉིད་ཀྱི་ གཉེན་སྟོན་ལ་རྟེན་འབྲེལ་ཞུ་བཞིན་འདུག ཕན་ཐོགས་ཀྱིས་ཧ་ཅང་དགའ་བའི་འཛུམ་མདངས་ཤིག་སྟོན་ཞོར་ཁོ་རང་གི་མགྲིན་པར་དམ་དུ་འཁྱུད་བྱུང་བ་དང་། མོའི་པད་མའི་ལོ་མ་ལས་སྲབ་པའི་མཆུ་འདབ་ཁོ་རང་གི་ཐོས་འཛིན་རྣ་བའི་ངོས་སུ་སྦྱར་ནས“དེ་རིང་ནས་བཟུང་། ང་ཁྱོད་དང་ཁ་མི་བྲལ། ནམ་ཡང་ཁ་མི་བྲལ་ཁོ་ཐག་ཡིན”ཞེས་ལབ་བྱུང་། གློ་བུར་དུ་མི་ཞིག་གིས་ཁོ་རང་གི་གྲྭ་ཤག་དེའི་སྒོ་མོ་ཤེད་ཀྱིས་རྡུང་གིན་འདུག ཁོ་རང་གཉིད་ལས་སད་དུས་ཁོས་ད་གཟོད་དེ་དག་ཡོད་དོ་ཅོག་རྨི་ལམ་འབའ་ཞིག་ཡིན་པ་རྟོགས་བྱུང་བས། སེམས་ལ་ཕངས་སེམས་དྲག་པོ་སྐྱེས་ནས་གྲྭ་རྒན་དེ་ལ་ཁ་ཡའང་བྱ་འདོད་མེད་པར་གྱུར། གྲྭ་རྒན་དེས་སྔར་རྒྱུན་བཞིན་བསམ་ལྡིང་སྤྲུལ་སྐུའི་འཁྲིས་སུ་ཙོག་ཅིང་། ལག་ཏུ་ཆོས་དཔེ་སྣ་རིང་མ་ཞིག་བཟུང་སྟེ། ཁ་ནས།“འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ། ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པ། མྱ་ངན་ལས་འདས་པ་ཞི་བའོ”ཞེས་རེ་རེ་བཞིན་ངག་ནས་བཏོན་ཏེ་ཁོ་ལ་ལྷན་དུ་འདོན་དུ་བཅུག་མོད། བསམ་ལྡིང་སྤྲུལ་སྐུ་ནི་སྤྱན་ཟུང་གནས་ངེས་མེད་ཅིག་ཏུ་ཅེ་རེར་གཟིགས་ནས་ཧད་འདུག་པ་ལས། གྲྭ་རྒན་གྱིས་གསུངས་པའི་ཆོས་ཀྱི་ནང་དོན་ལ་ཁ་ཡ་གཏན་ནས་བྱེད་ཀྱིན་མི་འདུག ཁོའི་མིག་མདུན་དུ་ནམ་ཡང་ཡལ་རྒྱུ་མེད་པ་ནི་ཕན་ཐོགས་ཀྱི་ཡིད་འོང་བཞིན་རས་དང་མིག་གི་ཟུར་མདའ་དེ་ཡིན་ལ། ཡིད་ཀྱི་ཡོལ་རས་ངོས་སུ་གློག་བརྙན་ཇི་བཞིན་གསལ་ལེར་ཤར་བ་ནི་རྩྭ་ཐང་དང་རྩྭ་ཐང་གི་བདེ་སྐྱིད་ཀྱི་འཚོ་བ་དག་ཡིན། གྲྭ་རྒན་གྱིས་བསམ་ལྡིང་སྤྲུལ་སྐུ་ནི་བླ་བོར་བ་ལྟར་ཀྲོང་ངེར་ཧད་འདུག་པ་མཐོང་འཕྲལ། སྒྲོག་རྩེའི་ངོས་སུ་བཞག་པའི་དབྱུག་པ་ཆུང་ཆུང་དེ་ལག་ཏུ་ཐོགས་ཏེ་ཁོང་གི་དབུ་ལ་ལན་གསུམ་བརྒྱབ་པས། ཁོ་རང་ད་གཟོད་མཛེས་སྡུག་ལྡན་པའི་ཕྱིར་དྲན་གྱི་ཀློང་ནས་གདུག་རྩུབ་ཆེ་བའི་དངོས་ཡོད་ཀྱི་འཚོ་བ་དེར་ཕྱིར་དྲངས་བྱུང་།
གྲྭ་རྒན་དེས་ཁོའི་ཁྲིས་སུ་ཡོང་ནས་ཧ་ཅང་དུང་བའི་མིག་ཟུང་ཁོའི་ཕྱོགས་སུ་ལྟ་བཞིན“ཁྱེད་རང་ཁམས་མི་བདེའམ། ཁྱེད་ལ་དོན་དག་ཅི་ཞིག་ཡོད་རུང་གསང་བ་མེད་པར་བདག་ལ་གསུངས་དང་། བདག་གིས་གང་ཐུབ་ཅི་ཐུབ་ཞུས་ཆོག”ཅེས་བཤད་བྱུང་བས། ཁོའི་གདོང་ལ་སྔར་ན་མེད་པའི་འཛུམ་མདངས་ཤིག་རྒྱས་ནས“ཁྱོད་ཀྱིས་ང་ཕ་ཡུལ་དུ་ཕྱིར་ལོག་ཁྱོལ་དང་། ང་དགོན་པ་དེ་རུ་གཏན་ནས་འདུག་ན་མི་འདོད། ཁྱོད་ཚོས་སྤྲུལ་སྐུ་གཞན་པ་འཚོལ་ན་ཆོག ང་ད་དུང་ཁྱིམ་ལ་ལོག་ནས་གཉེན་སྒྲིག་བྱ་དགོས། ཕན་ཐོགས་ཀྱིས་ང་སྒུག་ནས་བསྡད་ཡོད”ཅེས་གསུངས་བྱུང་བས། གྲྭ་རྒན་དེའི་གདོང་པ་དེ་མ་ཐག་བྱུ་རུའི་མདོག་བཞིན་དམར་བོ་དམར་རྐྱང་དུ་གྱུར་སོང་། ཁོས་སྨྲ་བ་ལྡབ་ལྡིབ་ཀྱི་སྒོ་ནས“རིན་པོ་ཆེ། ཐུགས་རྗེས་གཟིགས། དེ་འདྲ་གཏན་ནས་མ་གསུང་བར་འཚལ། དེ་འདྲ་དཔེ་མི་སྲིད”ཅེས་བཤད་ཞོར་གྲྭ་གཟན་དམར་བོ་དེའི་སྣེ་མོ་དཔུང་ལ་བསྐོན་ནས་རྟབ་རྟབ་པོར་སྒོ་ཁར་བུད་སོང་།
ཉིན་དེར་ཁོའི་སེམས་པ་སྐྱོ་གདུང་གིས་་ཡོངས་སུ་མནར་སོང་། སེམས་པ་སྐྱོ་གདུང་གིས་མནར་དུས། ཁོ་རང་མགོ་བོ་དུད་ཅིང་སྨྲ་བ་བསྡམས་ནས་འདུག་དགོས་རྒྱུ་ལས་ཐབས་མེད་པར་གྱུར། མདང་ནུབ་རྨིས་པའི་རྨི་ལམ་དྲོན་མོ་དེ་དྲན་ན། ཁོའི་སེམས་པ་རྣལ་ལ་ཕབ་ནས་གནས་དེར་འདུག་ཐབས་གཏན་ནས་མ་བྱུང་།དེ་ནི་རྒྱལ་བ་ཚངས་དབྱངས་རྒྱ་མཚོའི་མགུར་གླུ“
སྒོམ་པའི་བླ་མའི་ཞལ་རས།། ཡིད་ལ་འཁོར་རྒྱུ་མི་འདུག། མ་བསྒོམ་བྱམས་པའི་ཞལ་རས།།ཡིད་ལ་འཁོར་འཁོར་བྱས་བྱུང་།།”
ཞེས་པ་ཇི་བཞིན་ནོ། ཉིན་དེ་དག་གི་རིང་ཁོ་རང་གི་ཕ་མ་ཁོ་རང་ལ་ཐེངས་གཅིག་ཀྱང་ལྟ་བར་ཕེབས་མ་བྱུང་ལ། ཕན་ཐོགས་ཀྱི་གྲིབ་མ་ཙམ་ཡང་ཁོ་རང་གི་མཐོང་ཡུལ་དུ་མི་འདུག ཁོ་རང་ནི་འཇིག་རྟེན་འདིས་རྒྱང་དུ་སྤྱུགས་པའི་དྭ་ཕྲུག་ཅིག་དང་ཁྱད་ཅི། གང་ལྟར་སྤྲུལ་སྐུར་མངའ་གསོལ་བྱས་པའི་ཉིན་དེ་ནས་བཟུང་། ཁོ་རང་གི་བཞིན་རས་ཀྱི་ཁྱོན་ལ་འཛུམ་མདངས་གཏན་ནས་མཐོང་རྒྱུ་མི་འདུག བྱིས་དུས་ཀྱི་རང་དབང་བབ་ཆགས་ཀྱི་བདེ་སྐྱིད་ལྡན་པའི་འཚོ་བ་དག་དྲན་ན། ཁོ་རང་གི་སེམས་པ་གཤོག་ཟུང་ཐོགས་པའི་ཅང་ཤེས་རྟ་ཕོ་ཞིག་དང་འདྲ་བར་གནས་དེར་འདུག་ཐབས་མེད་པར་ཕ་ཡུལ་དང་ཕ་ཡུལ་གྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་གི་ཕྱོགས་སུ་དལ་གྱིས་བཞུད་འགྲོ། ཉི་མ་རེ་རེ་བཞིན་ཕར་ལ་འདས་པ་དང་བསྟུན་ནས་ཁོ་རང་གིས་ཕ་ཡུལ་དྲན་པའི་གདུང་བའང་དབྱར་གྱི་ཆུ་མོ་ཇི་བཞིན་ངང་གིས་རྒྱས་འོང་།
དྲུག
ཞོགས་པའི་ཉི་མ་སླར་ཡང་ཤར་བྱུང་། མཐོ་སྒང་གི་ཉི་མ་ནི་ནམ་ཡང་དེ་ལྟར་གཏོང་ཕོད་ཆེ་བ་ཞིག་རེད་ཨང་། ཞོགས་པ་དེར་གྲྭ་རྒན་གྱིས་ནམ་རྒྱུན་ལྟར་བསམ་ལྡིང་སྤྲུལ་སྐུའི་གྲྭ་ཤག་གི་སྒོ་མོ་རྡུང་འགོ་ བརྩམས། འོན་ཀྱང་། རྒྱུན་གཏན་ལྟར་མི་འདྲ་བ་ཞིག་ལ་གྲྭ་རྒན་གྱིས་སྒོ་མོ་ཇི་ཙམ་རྡུང་ཡང་བསམ་ལྡིང་སྤྲུལ་སྐུ་ཞུགས་སའི་གྲྭ་ཤག་དེའི་ནང་གྲགས་འགུལ་ཅི་ཡང་མ་བྱུང་། གྲྭ་རྒན་གྱིས་སེམས་པ་ཅུང་འཚབ་པ་འདྲ། ཁོས་ལུས་ཀྱི་ཤེད་ཤུགས་ཡོད་རྒུ་བཏོན་ནས་སྒོ་མོ་ཕར་ལ་ཕྱེ་བར་བརྩམས་པ་ན“ཨཱ་ཨཱ། དཀོན་མཆོག་གིས་མཁྱེན”གྲྭ་རྒན་གྱི་ངོ་མདོག་དེ་མ་ཉིད་དུ་སྐྱ་བོར་གྱུར་ནས་ངག་ལྡབ་ལྡིབ་ཀྱིས་སྐད་ངན་ཤོར་སོང་། ཡིན་རྒྱུ་ནི་མདང་ནུབ་བསམ་ལྡིང་སྤྲུལ་སྐུས་རང་སྲོག་ལྕེབས་ནས་དགོངས་པ་ཆོས་དབྱིངས་སུ་ཐིམས་འདུག བསམ་ལྡིང་སྤྲུལ་སྐུ་དེ་ལྟར་དགོངས་པ་རྫོགས་སོང་། ཁོང་བུད་རྗེས་ཁོང་གིས་ཤུལ་དུ་བསྐྱུར་བ་ནི་ཚོན་ལྡན་གྱི་རི་མོ་གཉིས་ཏེ། རི་མོ་གཅིག་ནི་སྦྲ་གུར་གྱི་འདབས་རོལ་ན་བཞོ་ཟེའུ་ལག་ཏུ་བཟུང་ནས་འབྲི་མོའི་འོ་མ་འཇོ་བཞིན་པའི་བུད་མེད་གཅིག་གི་རྒྱབ་གཟུགས་དང་། རི་མོ་གཞན་ཞིག་ནི་རྩྭ་ཐང་གི་ཕང་བ་རུ་ནོར་ལུག་འཚོ་སྐྱོང་བྱེད་བཞིན་པའི་ལུག་རྫི་བྱིས་པ་ཕོ་མོ་གཉིས་ཀྱིས་ནོར་ལུག་འཚོ་བཞིན་པའི་ངང་ཚུལ་དེ་རེད། བསམ་ལྡིང་སྤྲུལ་སྐུ་དེ་ལྟར་ང་ཚོ་དང་རྒྱང་དུ་གྱེས་ཟིན། བསམ་ལྡིང་སྤྲུལ་སྐུ་བུད་པའི་མཚན་མོ་དེར། ཕྱི་རོལ་དུ་ཁ་བ་སྐྱ་ཆིལ་ཆིལ་དུ་བབས་ཤིང་། འཇའ་འོད་ཆེན་པོ་ཞིག་མཁའ་མཐའ་ན་ཡུན་གྱིས་འཁྲིགས་ འདུག དེ་ནི་ཁོ་རང་ཐོག་དང་པོར་ཨ་མའི་མངལ་ནས་འཇིག་རྟེན་འདིར་ཕེབས་པའི་ཉིན་མོ་དེ་དང་ཧ་ཅང་འདྲ། ཧ་ཅང་འདྲ། །