གཅིག
ཉེ་ཆར། 《ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས》ཁག་གཉིས་པའི《བྲག་རིས་གནའ་བོའི་སྒྱུ་རྩལ》གྱི་རྒྱུ་ཆ་སྟེ། བྲག་ལུང་དཀར་མོའི་བྲག་རིས་པར་ལེན་བྱ་བར་སྐྱོད་སྐབས། རྒྱུས་མངའ་ཟབ་པའི་རྐྱང་ཚར་འབྱོར་བྱུང་། རྐྱང་ཚའི་རི་ལུང་ཡུལ་ལྗོངས་འདྲེན་བྱེད་ལམ་དུ་གསལ་མ་ཐག སྙིང་དང་གློ་བའི་གསེང་ནས་བརྗོད་མི་ཤེས་པའི་ཚོར་བ་ཟབ་མོ་ཞིག་ངང་གིས་འཕྱུར་ཡོང་། ཚོར་བ་དེ་ནི་བློས་མི་ཐོངས་པའི་དངོས་པོ་གང་ཞིག་ཡུན་རིང་བོར་བརླགས་སོང་རྗེས་ནམ་ཞིག་སྣང་མེད་ངང་ཕྱིར་ལག་ཏུ་རྙེད་པའི་དགའ་སྣང་ཞིག་དང་འདྲ་ལ། གཞན་ཡུལ་ཁོ་ནར་འགྲིམ་པའི་ཡུལ་གྱར་བ་ཞིག་རང་ཡུལ་དུ་ཕྱིར་འཁོར་བའི་སེམས་པ་དང་ཡང་མཚུངས། གང་ལྟར་ཐབ་ཆུ་བཞིན་ཁོལ་བའི་ལྷོག་ལྷོག་གི་སེམས་པ་དེ་ནི་བག་ཆགས་ཟབ་པའི་རིང་ལུང་འདིས་ཡམ་ཡོམ་དུ་བསྐྱོམས། རེད་ལགས། དེ་རིང་གི་རྐྱང་ཚ་ནི་སྔར་རྒྱུན་བཞིན་འགྱུར་ལྡོག་ཆེན་པོ་མེད་པར་ཁུ་སིམ་མེར་གནས། གལ་ཏེ་ངེས་པར་དུ་བྱུང་བའི་འགྱུར་ལྡོག་ཅིག་འཚོལ་དགོས་ན། ཕལ་ཆེར་གཞུང་ལམ་གཡས་ངོས་སུ་གསར་དུ་བསྐྲུན་པའི་ཚལ་ཁང་གྲུ་བཞི་རིང་པོ་དེ་གཉིས་ཡིན་ཤས་ཆེ། ངེད་ཚོའི་རླངས་འཁོར་མདའ་མོ་ལྟོང་ཁ་ལས་བྲལ་བ་ལྟར་འུར་སྒྲ་སྒྲོག་བཞིན་ཐལ་འཚུབ་ལིང་ངེར་མདུན་ནས་མདུན་དུ་རྒྱུག་ཅིང་། རྒྱུས་མངའ་ཟབ་པའི་རི་ལུང་དེ་ཉིད་མིག་གི་མཐོང་ཡུལ་ལས་ཡོལ་ཟིན་རུང་། ངའི་ཡིད་སེམས་ནི་སྲབ་ཐག་ཆད་པའི་རྟ་ཕོ་ཞིག་དང་འདྲ་བར་སྔར་སོང་གི་ལོ་ཟླའི་ཐང་ཆེན་དུ་རང་དགར་རྒྱུག་བཞིན་མཆིས།
རེད་ལགས། ལོ་དེ་ནི་ལྗོངས་ཡོངས་སུ"སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་ཚོར་ཕན་གདགས་པའི"ལས་འགུལ་ཏེ། ལས་བྱེད་པ་ཁྲི་གཉིས་ལྷག་ཙམ་དུས་གཅིག་ཏུ་གཞི་རིམ་གྱི་གྲོང་ཚོ་ཁག་ལ་གཤམ་སྐྱོད་བྱེད་པའི་ལོ་དང་པོ་དེ་རེད། ང་རང་སྐབས་དེར་ཤན་རྩ་རྫོང་མི་རིགས་ཆོས་དོན་ཅུད་དུ་ཡོད། ངེད་རྫོང་གིས་ལོ་དེའི་ལས་དོན་རུ་ཁག་རེར་མི་གསུམ་རེ་དང་། རུ་དཔོན་མང་ཆེ་བ་རྣམ་ཀུན་རྫོང་གི་ལས་ཁུངས་ཁག་ནང་ལོ་ན་ཅུང་གཞོན་ཞིང་། གཞི་རིམ་ཉམས་མྱོང་དེ་ཙམ་མེད་ཀྱང་དེ་གའི་རྐང་འཛིན་མི་སྣ་རེ་མངགས་པ་དང་། གཞན་གཉིས་ཤང་ཁག་སོ་སོ་ནས་བཏང་ཡོད། བདག་ནི་རྫོང་ནས་ལམ་ཐག་སྤྱི་ལེ130ཙམ་ཡོད་པའི་མ་ཡོ་ཤང་གྲོང་ཚོ་གཉིས་པ་སྟེ། ངེད་མི་རིགས་ཆོས་དོན་ཅུད་ཀྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་རྐྱང་ཚ་གྲོང་ཚོར་མངགས། མང་ཚོགས་ཀྱི་བུ་ཕྲུག་གཅིག་ལོ་མང་སློབ་གྲྭར་འགྲིམས་ནས་རྩ་འཛུགས་ཀྱིས་ལས་ཀ་སྤྲད་པའི་ལས་བྱེད་དཀྱུས་མ་ཞིག་ལ་མཚོན་ན། ལོ་དེ་ནི་མང་ཚོགས་དབུས་སུ་ཞག་སྡོད་བྱས་ཏེ་བྱང་འབྲོག་ཁུལ་གྱི་འཚོ་བ་དངོས་ནང་ཟབ་འཇུག་དང་རྒྱུས་མངའ་ཞིབ་ཚགས་བྱ་བའི་དུས་ཡུན་རིང་ཤོས་ཤིག་ཡིན་ལ། འབྲོག་ཁུལ་གྱི་འཚོ་བའི་གོམས་གཤིས་དང་། ཐོན་སྐྱེད་གཉེར་སྐྱོང་། ཡུལ་གོམས་གཤིས་ལུགས་སོགས་ལ་རྒྱུས་མངའ་ཅུང་ཟད་ལོན་ཐུབ་པའི་ལོ་ཞིག་ཀྱང་ཡིན།
ཉིན་དེའི་ཞོགས་པར། ཁ་བ་?ག་རྗེས་ལོན་ཙམ་ཞིག་བབ་ནས་འུར་འུར་དུ་ལྡང་བའི་གྲང་རླུང་གིས་མིའི་ལུས་སེམས་ལ་གྲང་ཤུར་བརྒྱབ་ཡོང་། ང་ནི་མི་དགའ་དགའ་མདོག་བྱེད་པ་དེ། །ཕོ་གསར་དམག་ལ་འགྲོ་བའི་རྟགས། །མི་སྡུག་སྡུག་མདོག་བྱེད་པ་དེ། །མོ་གསར་བག་མར་འགྲོ་བའི་རྟགས། །ཞེས་པ་ལྟར། ལས་དོན་རུ་ཁག་གི་རུ་དཔོན་དུ་བསྐོས་སྟབས། བུ་རང་གིས་འཇོན་ན་འཇོན་བདེན་དང་། ཚྭ་གཡག་གུས་འཁུར་ན་འཁུར་བདེན་ཡིན་པས། ད་ཐེངས་མི་ཕོ་འདྲ་འདྲའི་དཀྱིལ་ནས་མགོ་རྨོག་དཀར་གང་གིས་མཐོ་ཙམ་ཞིག་དང་། རྟ་ཕོ་འདྲ་འདྲའི་དཀྱིལ་ནས་ལག་སྲབ་མདའ་གང་གིས་རིང་ཙམ་ཞིག་མ་བྱུང་རུང་། བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་། སྟོང་ཐམ་པའི་གྲལ་གཞུག་ཏུ་མ་ལུས་པ་ཞིག་མ་འཁྱོངས་ན། སྲན་མའི་ནང་གི་ནག་རིལ་སུ་དང་། སྒོ་ངའི་ནང་གི་སེར་རིལ་སུ་ཡིན་བརྡར་ཤ་ཆོད་དཀའ་སྙམ་པའི་ང་རྒྱལ་དང་སྤོབས་སེམས་ཤིག་སྐྱེས་མོད། གཞི་རིམ་དུ་མང་ཚོགས་ལས་དོན་སྒྲུབ་པའི་ཉམས་མྱོང་མེད་ལ། མང་ཚོགས་དབུས་སུ་འབྱོར་རྗེས། རྔ་དང་བསྟུན་ནས་བྲོ་མ་འཁྲབ་པར་རང་གི་བྱས་རྗེས་གཞན་ལ་ངོམ་ཕྱིར་སྣང་བ་གང་དྲན་བྱས་ན་མི་ཚེ་ལས་གཏམ་ཚེ་རིང་བའི་ཞབས་འདྲེན་ཞུ་ཡོང་སྙམ་པའི་སེམས་ཁྲལ་མེད་པའང་ཅི་ལ་སྲིད།
སྤྱི་ལོ2011ལོའི་ཟླ་བ10པའི་ཚེས23ཉིན་གྱི་ཞོགས་པར། རྫོང་ཡོངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་?ག་ཐོན་མཛད་སྒོ་རྫོང་གཞུང་ལས་ཐོག་བརྩེགས་ཁང་མདུན་གྱི་ཐང་ཆེན་དུ་འཚོགས་ཤིང་། སྲིད་གཞུང་གི་རྫོང་དཔོན་ཀླུ་མཚོས་ལས་དོན་སྒྲུབ་ཕྱོགས་སྐོར་གྱི་མངགས་བྱ་གནད་བསྡུས་ཤིག་ནན་བཤད་བྱས་རྗེས། ཁོང་དང་འཐུས་ཚོགས་ཀྲུའུ་རེན་གཞོན་པ་བྲོ་བ་རྣམ་གཉིས་ཀྱིས་རྫོང་ཨུད་དང་། འཐུས་ཚོགས། སྲིད་གཞུང་གི་ཚབ་ཞུས་ཏེ་ང་ཚོར་དཀར་གཙང་གི་ཁ་བཏགས་རེ་གཡོགས་ནས་སྐྱེལ་མ་ཞུས་ཤིང་། ང་ཚོ་ཡང་ཁག་སོ་སོར་ཤང་ཁག་བརྒྱད་ཀྱི་གྲོང་ཚོ་དྲུག་ཅུ་རེ་གཉིས་ལ་དུས་གཅིག་ཏུ་?ག་ཐོན་བྱས།
ངེད་མ་ཡོ་ཤང་ལ་མངགས་པའི་ལས་དོན་ཚོགས་ཆུང་རྣམས། ཕྱི་དྲོ་རླངས་འཁོར་གཉིས་ལ་བསྡད་དེ་?ག་ཐོན་བྱས་པ་དང་། དགོང་མོ་མུན་མ་རུབ་མཚམས་ཤང་ཐོག་ཏུ་འབྱོར། མ་ཡོ་ཤང་སྲིད་གཞུང་ནི་མ་ཡོ་གྭ་པའི་ཤར་མདུན་དུ་གནས་པ་དང་། སྤྱི་ལོ1856ལོར་ཤན་རྩ་རྫོང་བཙུགས་ནས་དམངས་གཙོའི་བཅོས་བསྒྱུར་མ་བྱས་གོང་། ནག་ཚང་ཚོ་དྲུག་གི་གཞུང་སྨད་ཤོག་བཞིའི་སྤོ་ཚོ་ལྷོ་བྱང་གི་བྱང་མའི་བརྒྱུད(དེང་གི་སྤོས་དཀར་དང་། ལུག་ཁྱུ། ཕུག་རྫོང)དང་། མ་ཡོ(དེང་གི་མན་ཐང་དང་། རྐྱང་ཚ། བོང་སྒང)གཉིས་ཟླ་བསྒྲིལ་བ་ཞིག་ཡིན། ད་ཆ་ཤང་དེར་སྲིད་འཛིན་གྲོང་ཚོ་དྲུག་ཡོད་ཅིང་། རྫོང་ཁོངས་སུ་ས་ཐག་འགྱངས་ཤོས་ཀྱི་གངས་སྐྱོན་འབྱུང་སླ་བའི་ཤང་དེ་ཡིན། ཁ་རྒྱུན་དུ་མ་ཡོ་གྭ་པ་སྦྲ་དང་འདྲ། །སྦྲ་ལ་ཕྱིང་དཀར་གཡོགས་པ་འདྲ། །ཞེས་རྫ་རི་སྨུག་པོ་སྦྲ་ནག་ཕུབ་འདྲ་ཞིག་གི་སྟེང་ན། གངས་རྙིང་ཐིགས་ཙམ་གནས་པ་ཞིག་ཡིན་ཞིང་། རི་དེ་ནི་འདི་གའི་སྐྱེ་བོ་ཚོས་གསོལ་མཆོད་བྱ་ཡུལ་གྱི་གནས་རི་ཞིག་ཡིན། དེའི་ཤར་མདུན་གྱི་?་རིང་ལྷོ་བྱང་ཞེས་ལུང་ཆུང་གཡས་གཡོན་གཉིས་ཀྱི་མདོར་རྩིག་ཤུལ་གྲུ་བཞི་ཆུང་ཆུང་ཞིག་གི་དཀྱིལ་དུ་?་མདུང་ཞིག་བཙུགས་
ཡོད་པ་དེར་འབྲེལ་ཡོད་མཁས་པ་ཚོས་གདོད་མའི་དུས་ཀྱི་དམར་མཆོད་འབུལ་ཡུལ་ཞིག་ཏུ་ངོས་འཛིན་གྱི་ཡོད། ད་དུང་མ་ཡོ་ཤང་ཁོངས་ཀྱི་བོན་སྒང་ནས་?་ཆས་རིགས་རྙེད་པ་དང་། སྒར་མཛོད་དང་། བྲག་ལུང་དཀར་མོ། ཨོ་ཙར་བྲག བྲག་དེའུ་ནག་རིལ་སོགས་ལ་བྲག་རིས་ཁྱད་པར་ཅན་མང་པོ་ཡོད་ལ། རྐྱང་ཚ་དང་། བཟང་མོ། ཨོ་རོག་དེའུ་སོགས་ལ་གནའ་ཤུལ་མང་པོ་ཡོད། སྐབས་དེར་ངེད་ལོ་ཆུང་ཚོའི་ཁ་རྒྱུན་དུ། མ་ཡོ་གྭ་པའི་བཀའ་དྲིན་གྱིས། །བཅུ་གསུམ་བུ་མོར་ཨ་ཚ་མེད། །ཅེས་མ་ཡོའི་བུ་མོ་ཅུང་འཁྲུག་ཆ་དོད་ཅིང་ཤིན་ཏུ་མཛེས་པར་རྩི་ལ། ལྷག་པར་དུ་རྨ་ཆེན་དང་རྨ་ཆུང་གཉིས་ནི་མཛེས་མའི་ནང་གི་མཛེས་མར་གྲགས།
ཕྱི་ཉིན་ང་ཚོ་ཤང་གི་སྐུལ་སློང་ཚོགས་ཆེན་གྲོལ་རྗེས། ལས་རོགས་ཚེ་རིང་?་རྗེ་དང་། ཕུར་བུ་ཆོས་སྐྱིད་གཉིས་ལྷན་དུ་གྲོང་ཚོའི་ཡོ་སང(2009ལོར་ཏང་ཀྲུང་དབྱང་གིས་བོད་ཀྱི་ཞིང་བྲན་ཁྲི་ཚོ་བརྒྱ་ཕྲག་ལ་ཡར་ལངས་བཅིངས་འགྲོལ་ཐོབ་པའི་དྲན་གསོའི་ཉིན་མོར་བསྩལ་བའི་ཕྱག་རྟགས།)ལ་བསྡད་དེ་རྐྱང་ཚར་བསྐྱོད། རྐྱང་ཚའི་ཤར་མདུན་ཐང་གཞོང་ན་ཕྱི་རུ་ལྕགས་རི་བསྐོར་བ་དང་། ནང་དུ་ཁང་པ་ཐོག་རྩིག་གཉིས་ཙམ་ལྡན་པ། མདུན་ངོས་སུ་རྒྱ་ཁྱོན་མུའུ་གཉིས་ཙམ་གྱི་སར་?་གཡམ་མམ་?་མདུང་མཐོ་དམན་པུས་མོའི་མཚམས་སུ་སླེབས་པ་འགའ་གྲུ་བཞི་གྲུ་བཞིར་བཅོས་ཏེ་གྲལ་བསྒྲིགས་ནས་བསླངས་པ། དེའི་དབུས་སུ་མེ་?འམ་རྡེའུ་དཀར་ནག་གཏོར་བའི་རྐྱང་ཚའི་མཁར་ཤུལ་ནམ་བང་སོ་མཆིས། དེ་ག་ནས་ཡར་བལྟས་ན། རག་མདུང་ཞེས་པའི་རི་བོ་མཐོ་དམན་རན་ཚོད་ཅིག་གི་ཤར་ལྷོའི་འདབས་སུ། གཞོགས་གཡས་གཡོན་རེར་ཁང་པ་ལྔ་དྲུག་ཙམ་གོང་འོག་སྟར་པ་གསུམ་བཞི་རེ་བྱས་ཏེ་གྲལ་སྟར་བསྒྲིགས་ནས་ཡོད་པ་དང་། དཀྱིལ་ངོས་སུ་རྒྱལ་དར་ལྷབ་ལྷུབ་ཏུ་གཡོ་བཞིན་པའི་གྲོང་ཚོའི་རིག་གནས་ཁང་མིག་ལམ་དུ་ལྷམ་མེར་མངོན་ཐུབ། ཁང་པ་དེ་དག2006ལོར་བསྐྲུན་པའི་འབྲོག་ཁུལ་གྱི་བདེ་སྡོད་ལས་གྲྭ་ཐོག་མའི་གྲས་ཡིན་པ་དང་། ལོ་དེར་ཤང་ཡོངས་ཀྱི་ངལ་ནུས་ཕན་ཚུན་གསབ་རེས་བྱས་ནས་ས་?་བསགས་ཤིང་། རྒྱལ་ཁབ་དང་བོད་སྐྱོར་ཚན་པས་ཁྱིམ་རེར་སྒོར་ཁྲི་གཅིག་དང་སུམ་སྟོང་ཙམ་ཞིག་བཏང་། རྒྱུན་དུ་དབྱར་སྨད་དང་དགུན་སྟོད་གཉིས་ཕུད་གཞིས་སྡོད་བྱེད་མཁན་ཅུང་ཉུང་། འོན་ཀྱང་ཕྱིས་སུ་བསྐྲུན་པའི་ཁང་པ་རྣམས་དེ་ལྟའི་གཅིག་བསྡུས་མིན་པར་རྒྱུན་སྡོད་བྱེད་སར་བསྐྲུན་ཆོག ང་ཚོ་གྲོང་ཚོའི་རིག་གནས་ཁང་དུ་འབྱོར་སྐབས། ཏང་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཟླ་བ་གཙོ་བོར་བྱས་པའི་གྲོང་ལྷན་རྣམས་འཛུམ་འཚེར་འཚེར་ངང་རྒན་ལགས་ཁྱེད་ཚོ་འོ་བརྒྱལ་སོང་། འོ་བརྒྱལ་སོང་། ཞེས་འཚམས་འདྲིའི་ཚུལ་དུ་ལག་པ་གཏོང་བ་དང་སྦྲགས། ད་ཡར་ཕེབས་དང་། ཡར་ཕེབས། ཞེས་རྗོད་བཞིན་རིག་གནས་ཁང་གི་ཤར་ཟུར་ཁང་ཆུང་དུ་བསུས། གྲོང་ཚོའི་རིག་གནས་ཁང་ནི་ཨར་འདམ་དང་ངར་ལྕགས་ཀྱིས་བསྐྲུན་པའི་ཁང་པ་ཐོག་གཅིག་མ་དཀྱིལ་དུ་ཚོགས་ཁང་ཆེན་པོ་ཞིག་དང་། ནུབ་ཟུར་དུ་ཁང་ཆུང་གཅིག ཤར་ཟུར་དུ་ཁང་ཆུང་གཉིས་ཅན་ཞིག་སྟེ། ལོ་གོང་མར་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ཡིན། ངེད་ཚོ་ཕན་ཚུན་ངོ་སྤྲོད་བྱས་རྗེས། ཁོ་ཚོས་ཞིམ་མངར་ལྡན་པའི་ཇ་བསྲུབས་མ་དྲངས་ཤིང་། ལུག་ཤ་བཙོས་མ་རླངས་པ་འཐུལ་འཐུལ་ངང་མདུན་དུ་བསྒྲིགས་ཏེ་སྣེ་ལེན་བྱས། ང་ཚོས་ཀྱང་སྣང་དོགས་མེད་པར་ཇ་ཡིད་ཚིམས་པ་ཞིག་འཐུང་ཞིང་། ཤ་བརྒྱགས་ཚད་ཟོས་རྗེས་དལ་ཞི་ལྷོད་ལ་འཁོད་ནས་ཕན་ཚུན་ཁ་བརྡ་སྣ་ཚོགས་ལ་རོལ།
གཉིས།
ཉིན་གཉིས་པ་ནས་བཟུང་། སྔོན་ལ་བརྟག་དཔྱད་ཞིབ་འཇུག་དོ་ནན་བྱ་དགོས་རྒྱུའི་བླང་བྱ་ལྟར། དུས་ཡུན་ཟླ་བ་གཅིག་ལྷག་ཙམ་གྱི་རིང་ངེད་ལས་དོན་རུ་ཁག་ཁོངས་མི་ཚོར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཟླ་བས་ས་སྣ་ལམ་བརྒྱུད་བྱས་ཏེ་ཁྱིམ་དུད་རེ་རེ་བཞིན་ས་ཐག་འགྱངས་སར་རླངས་འཁོར་གཏོང་བ་དང་ས་ཐག་ཉེ་སར་རྐང་ཐང་དུ་བསྐྱོད་ནས་གཞི་རྩའི་གནས་ཚུལ་ལ་རྒྱུས་མངའ་བྱ་བར་བསྐྱོད། སྤྱིར་རྐྱང་ཚ་གྲོང་ཚོ་ནི་མ་ཡོ་ཤང་མི་དམངས་སྲིད་གཞུང་གནས་ཡུལ་གྱི་བྱང་ངོས་སུ་སྤྱི་ལེ9ཙམ་གྱི་སར་ཆགས་ཤིང་། རྩྭ་ཐང་གི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི98.54ལས་བེད་སྤྱོད་འོས་པ་མུའུ་ཁྲི68.97ཡོད་པ་དང་། དུད་ཁྱིམ73དང་། མི་གྲངས438 ངལ་ཡོད165 ཏང་ཡོན31 སློབ་ཆུང་དང་དམའ་འབྲིང་དུ་འགྲིམ་བཞིན་པའི་སློབ་ཕྲུག52 མཐོ་འབྲིང་དུ་འགྲིམས་མྱོང་བ2 དབང་པོ་སྐྱོན་ཅན6 ཕྱུགས་ཟོག་ལུག་བསྒྱུར་མགོ་གྲངས17364(ནོར་རེར་ལུག་ལྔ་རེ་དང་། རྟ་རེར་ལུག་དྲུག་རེ། ར་རེར་ལུག0.8)ཟིན་པའི་འབྲོག་ལས་རྐྱང་པའི་གྲོང་ཚོ་ཞིག་རེད། གྲོང་ཚོའི་ཏང་ཀྲི་པུའུ་ཧྲུ་ཅི་དང་། ཀྲུའུ་རེན་གཉིས་གཅིག་ལྕོགས་བྱས་པ་ཡོད་ཀྱང་། རྐྱང་ཚ་ནི་ཁག་ཁག་ཡིན་ཞིང་། གྲོང་ཚོའི་ཨུ་གཉིས་ཏེ། ཏང་ཀྲི་པུའུ་ཨུ་ལྷན་དང་། གྲོ་ཚོ་ཨུ་ལྷན་གཉིས་ལ་ཁྱོན་བསྡོམས་མི6ཡོད། གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་ལུག་བསྒྱུར་མགོ་གྲངས39ཟིན་ཡོད་ཀྱང་། རྒྱ་ཁྱབ་ངང་སྤྱོད་པའི་དབུལ་ཕྱུག་དབྱེ་འབྱེད་ཀྱི་ཚད་གཞི་སྟེ། མི་རེའི་ཆ་སྙོམས་མགོ་གྲངས35ལ་བརྩིས་ན། དབུལ་ཁྱིམ27ཡོད་པ་དེས་སྤྱིའི་དུད་གྲངས་ཀྱི36%ཟིན། དཀའ་ངལ་ཆེ་ཤོས་ནི་རོགས་རེས་མཉམ་གཉེར་སྒྲིག་འཛུགས་བྱ་རྩིས་ཐེངས་གཉིས་བྱས་ཀྱང་ལག་ཏུ་མ་ལོན་པ་དང་། ད་ཆ་འབྲོག་ཟོག་ཐོན་རྫས་ཀྱི་ཟིན་བབ་མཐོན་པོ་ཡོང་རེ་བྱེད་མོད་ཐབས་ལམ་བཟང་པོ་ཞིག་རྙེད་མེད། གཞན་ཡང་སྡེ་ཆེན་པོ་ལ་ཞ་ལོང་འཐེང་གསུམ། ཆུ་ཆེན་པོ་ལ་ཉ་སྦལ་ལྕོང་གསུམ་ཞེས་པ་ལྟར། འབྲུ་རིགས་མང་པོ་གསོག་འཇོག་བྱེད་མཁན་ཉུང་བ་དང་། དགུན་བརྒལ་དཔྱིད་བསུའི་གཟན་རྩྭ་ཉུང་བ། དབུལ་ཕྱུག་དབྱེ་འབྱེད་ཀྱི་ཚད་གཞི་དེ་མི་རེའི་ཆ་སྙོམས་ཀྱི་མགོ་གྲངས35ལོན་མིན་ཁོ་ནར་གཞིགས་ཏེ་སྐྱོབ་གསོའི་འབྲུ་རིགས་བགོ་འགྲེམ་བྱེད་པ་ལས་ཁྱིམ་ཚང་གི་འབྱོར་འཁོས་དྲག་ཞན་ལ་མི་ལྟ་བ། ད་དུང་དུད་ཁྱིམ་རེ་ཟུང་གིས་རྒྱུན་དུ་ལྟོ་གོས་ཁྱིམ་དུད་གཅིག་ལྟར་འཚོ་བ་སྐྱེལ་བཞིན་ཡོད་ཀྱང་། ཐེམ་ཐོ་མང་དུ་བཏང་ནས་རྣམ་གྲངས་རག་ཐབས་བྱེད་པ། ནལ་བུ་མང་ཞིང་ནར་སོན་པའི་བུད་མེད་ཀྱི་རང་བརྩིའི་གོ་རྟོགས་དམའ་བ་ལྟ་བུའོ།།
ང་ཚོས་ཤེས་རྟོགས་བྱུང་བའི་གནས་ཚུལ་རྣམས། གྲོང་ཚོའི་ཨུ་གཉིས་དང་ལྷན་དུ་རྒྱུ་རྐྱེན་དབྱེ་ཞིབ་དང་། ལེགས་བཅོས་བྱེད་ཐབས་ཞིབ་བསྡུར་བྱས་རྗེས། རོགས་རེས་མཉམ་གཉེར་འཛུགས་རྒྱུ་ལྟེ་བར་བྱས་པའི་ལོ་ཧྲིལ་པོའི་འཆར་གཞི་འམ་རྟོགས་ཞིབ་སྙན་ཞུ་བྲིས་ཏེ་གོང་ལ་ཕུལ། གཟའ་འཁོར་གཅིག་ཙམ་འདས་མཚམས། རྫོང་དཔོན་ཀླུ་མཚོས་སྙན་ཞུ་དེར་མཆན་འགོད་གནང་བའི་ཡིག་ཆ་ལག་ཏུ་འབྱོར། ཡིག་ཆའི་ནང་།
མ་ཡོ་གྲོང་ཚོ་གཉིས་པའི་ལས་དོན་རུ་ཁག་གིས་མང་ཚོགས་དབུས་སུ་རྟོག་ཞིབ་ཞིབ་ཚགས་བྱས་ནས་དོན་དངོས་ཀྱི་གནས་ཚུལ་འབོར་ཆེན་ཞིག་ལ་རྒྱུས་མངའ་ལོན་རྗེས། དེ་དག་རེ་རེ་བཞིན་ཐག་གཅོད་བྱེད་ཐབས་གནད་ལ་སྨིན་པ་བསྟན་འདུག་པས་ལས་དོན་བཟང་པོ་བསྒྲུབས་འདུག་ཅེས་བརྗོད་ཆོག འདིའི་ཐོག་ནས་ངེད་རྫོང་གི་སྔོན་གཏོད་ལེགས་བརྩོན་དང་། རྨང་གཞི་བརྟན་གཏོང་། དམངས་འཚོར་ཕན་གདགས་པའི་བྱེད་སྒོའི་གྲུབ་འབྲས་རིམ་བཞིན་མངོན་གསལ་དོད་དུ་འགྲོ་བ་མཚོན་ཐུབ་ལ། གྲོང་ཚོ་རིམ་པའི་ཁྱབ་ཁོངས་སུ་འདི་དང་དེ་འདྲ་བའི་གནད་དོན་ཡང་མི་ཉུང་བ་ཞིག་ཐོན་མུས་ཡིན་པ་གསལ་བཤད་བྱེད་ཐུབ། རེ་བར་མ་ཡོ་གྲོང་ཚོ་གཉིས་པའི་ལས་དོན་རུ་ཁག་གིས་མུ་མཐུད་དམ་འཛིན་ནན་ཏན་བྱས་ནས་བྱེད་ཐབས་ཁག་རེ་རེ་བཞིན་དོན་ཐོག་ཏུ་བསྐྱལ་ཏེ་དམངས་ཀྱི་འདོད་བློར་འབབ་པ་བྱ་དགོས། བྱེད་སྒོའི་གཞུང་ལས་ཁང་གིས་འདིའི་སྐོར་གྱི་ཉམས་མྱོང་སྤེལ་རེས་ཆ་འཕྲིན་ཞིག་སྤེལ་ནས་ལས་དོན་རུ་ཁག་ཚོས་སློབ་སྦྱོང་བྱ་དགོས། དམངས་སྲིད་དང་། དབུལ་སྐྱོར་ཚན་པས་རྫོང་ཡོངས་སུ་མ་ཡོ་གྲོང་ཚོ་གཉིས་པ་ལྟ་བུའི་དབུལ་ཁྱིམ་གྱི་གནས་ཚུལ་ཡོད་མེད་ཡོངས་བཤེར་བྱས་ཏེ་ཞིབ་ཕྲའི་བྱ་ཐབས་འདོན་དགོས་ལ། ཞིང་དོན་གཞུང་ལས་ཁང་དང་འབྲོག་ལས་ཅུད་ཀྱིས་མ་ཡོ་གྲོང་ཚོ་གཉིས་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་འཛུགས་སྐྱོང་བྱ་རྒྱུར་གཞོགས་འདེགས་གང་ཐུབ་བྱ་དགོས།
ཞེས་འཁོད་འདུག དེ་ནི་འགོ་ལེགས་པོ་ཞིག་འཛུགས་ཐུབ་ན་རྒྱལ་ཁ་ཕྱེད་ཀ་ཐོབ་ཟིན་ཞེས་པ་ལྟར། ངེད་ལས་དོན་རུ་ཁག་ལ་རྫོང་དཔོན་གྱིས་བཅོལ་བའི་རེ་བ་ནན་པོ་ཞིག་ཡིན་ལ། འབྲེལ་ཡོད་ལས་ཁུངས་ཁག་ལ་རེ་བཅོལ་ཞུ་སྐབས་དང་། མང་ཚོགས་སྐུལ་སློང་གི་ལས་དོན་གང་ཞིག་སྒྲུབ་རུང་ངེད་ཚོའི་འཕྱར་རྒྱུའི་དར་དང་ངོམ་རྒྱུའི་སོ་དེ་ཡིན།
གསུམ།
ད་ཆ་ངེད་ལས་དོན་རུ་ཁག་སླེབས་ནས་དུས་ཚོད་ཟླ་བ་གཅིག་ཙམ་འདས་ཀྱང་། མང་ཚོགས་ཀྱི་ཚོགས་ཆེན་སྐོང་འཚོགས་བྱས་མེད་ལ། བྱེད་སྒོའི་དམིགས་ཚད་དང་བླང་བྱ་ཁག་ཀྱང་དྲིལ་སྒྲོག་བྱས་མེད། ཉིན་དེར། ཚོགས་བརྡ་ཆུ་ཚོད་བཅུ་པར་བཏང་རུང་ཆུ་ཚོད་བཅུ་གཅིག་དང་ཕྱེད་ཀ་ཡོལ་མཚམས་བརྒྱ་ཆའི་དྲུག་ཅུ་ཙམ་ལས་འཛོམས་མེད། ཚོགས་དོན་བརྒྱུད་བསྒྲགས་བྱེད་འགོ་ཚུགས་ནས་ཆུ་ཚོད་ཕྱེད་ཀ་ཙམ་ཡོལ་སྐབས། ཡུལ་མི་ཚོས་ཚོགས་དོན་ལ་ཡིད་འཇོག་མེད་པར་ཤབ་ཤུབ་ཏུ་གཏམ་གླེང་ཅི་རིགས་བྱེད་པ་དང་། ཁ་ཤས་སྒོར་ཐོན་ནས་རྒྱུན་རིང་ཕྱིར་མི་ཡོང་བ་དང་། ཕྲུ་གུས་ངུ་ཟིང་རྒྱག་པ། ཁ་ཤས་ཚོགས་ཁང་ནང་བསྡད་ཀྱང་ཕན་ཚུན་ཧབ་སྐད་རྒྱག་རེས་བྱེད་པ་སོགས་ཟང་ཟིང་གི་དབུས་རྒན་གྲས་རེ་གཉིས་དང་གྲོང་ལྷན་ཚོས་ནན་ཏན་ངང་ཉན་པ་ལས། གཞན་ཚོ་ནི་ཤོད་མཁན་དང་ཉན་མཁན་གཅིག་མཚུངས་ལྟ་བུར་འདུག ཧྲུའུ་ཅི་སྐལ་བཟང་ཟླ་བས། ་ཡེ། ཚང་མས་སྐད་ཅོར་མ་རྒྱག་ཨ། འཇམ་ཅག་གེར་ཉོན་ཨ། ཞེས་སྐད་ཤུགས་ཆེན་པོས་ཐེངས་མ་ཁ་ཤས་ལ་བཤད་ཀྱང་སྐར་མ་རེ་གཉིས་ཙམ་མ་འགོར་བར་སླར་ཡང་སྐད་ཅོར་གྱིས་ཁེངས་ཡོང་། ང་ནི་མང་ཚོགས་ཀྱི་ཚོགས་འདུ་ཆེ་རིགས་གཙོ་སྐྱོང་བྱེད་པ་ཐེངས་དང་པོ་ཡིན་པས་སེམས་པ་འཚབ་འཚུབ་ཏུ་གྱུར་མོད། གལ་ཏེ་ཚོགས་འདུའི་སྒྲིག་ལམ་ཡང་ནན་པོ་སྲུང་མ་ཐུབ་ན་ལོ་འཁོར་མའི་ལས་དོན་སྤེལ་རྒྱུར་དཀའ་ངལ་འཕྲད་སྲིད་སྙམ་བཞིན། ལག་ནང་གི་ཡིག་ཆ་སྒྲོག་ཙེའི་སྟེང་དུ་བཞག་སྟེ། སྨིན་མ་ཡར་ཙམ་བསྡུས་ནས་མིག་སྐོར་ཞིག་བརྒྱབ་པ་ན། ཡུལ་མི་ཚོས་གཅིག་གིས་གཅིག་ལ་དཔུང་པས་ཐུག་ཙམ་ཐུག་ཙམ་བྱས་ཏེ་ཁ་ཚུམས་ཞེས་པའི་བརྡ་བཏང་ཞིང་ཀུན་གྱིས་མིག་ཟུང་ངའི་སྟེང་དུ་ཧུར་རེར་ལྟ་བཞིན་འདུག སྐབས་དེར། ཡུལ་མི་རྣམ་པ། མ་གཞི་དེ་རིང་ང་ཚོ་ལས་དོན་རུ་ཁག་གིས་ཚོགས་འདུ་སྐོང་འཚོག་བྱས་པ་ཐེངས་དང་པོ་ཡིན། ངས་ཁ་མ་ཐུག་གོང་དུ་སྣ་ཐུག་པའི་སྐད་ཆ་ཤོད་འདོད་མེད་ལ་ཁྱེད་ཚོས་ཡང་ཉན་འདོད་ག་ནས་ཡོང་། འོན་ཀྱང་། ང་ཚོའི་ཚོགས་འདུ་འདི་ཚོགས་འདུ་ཞིག་དང་འདྲ་པོ་འདུག་གམ། གོང་དུ་ཧྲུའུ་ཅིས་ནན་བཤད་ཐེངས་ཁ་ཤས་བྱས་ཀྱང་། དེར་སྣང་བ་གཏོང་མི་དགོས་པ་གང་ཡིན། ཀྲི་པུའུ་ཧྲུའུ་ཅི་ནི་ཁྱེད་ཚོ་མི་རེ་ངོ་རེས་རང་གི་འདེམས་དམངས་དབང་ཆ་སྤྱད་དེ་བདམས་པ་མ་ཡིན་ནམ། གལ་ཏེ་གཞན་ལ་རེ་བ་བཅོལ་ནས་གྲོང་ཚོའི་འགན་འཁུར་དུ་བདམས་ན། དེའི་བཀའ་བཀོད་དང་ལེན་མི་ཞུ་བའི་རྒྱུ་མཚན་ཨེ་ཡོད། ཁོང་ནི་གྲོང་ཚོའི་ཏང་རྩ་འཛུགས་གཅིག་པུ་དེའི་འགན་འཁུར་མ་ཡིན་ནམ། ཚང་མ་ང་ལས་རྒན་པ་ཤ་སྟག་ཡིན་པས་སྒྲིག་ལམ་ཡོད་པ་གནང་རོགས། ཞེས་བཤད་པར་ཚང་མས་བདག་ལ་རྒྱུས་མངའ་མེད་པས་ཡིན་ནམ་ཡང་ན་སྐད་ཆ་དེ་དག་བློར་བབ་པ་ཡིན་ཆ་མ་འཚལ་རུང་ཕྲུ་གུས་སྐད་ཅོར་རེ་ཟུང་རྒྱག་པ་ཕུད། མང་ཆེ་བས་འཇམ་ཐིང་ཐིང་ངང་ཉན་སོང་།
ཕྱི་དྲོའི་ཚོགས་འདུ་ཆུ་ཚོད་གསུམ་པར་འཛོམ་རྒྱུ་བྱས་རུང་། ཆུ་ཚོད་བཞི་པ་ཡོལ་མཚམས་གྲོང་ལྷན་དང་རྒན་གྲས་ཁ་ཤས་ལས་སླེབས་མེད་རྐྱེན། ཚེ་རིང་?་རྗེས་གྲོང་གསེང་དུ་སྐད་འབོད་བྱ་བར་བསྐྱོད་པ་ན། གཞི་ནས་རེ་གཉིས་རེ་གཉིས་ཙམ་བྱས་ཏེ་ཆུ་ཚོད་བཞི་དང་ཕྱེད་ཀའི་ཐོག་འཛོམ་ཐུབ་ཙམ་བྱུང་། ཚོགས་ཐོག་ཏུ་རྫོང་དཔོན་གྱི་མཆན་འགོད་དགོངས་དོན་དང་། འདི་ལོའི་ལས་འགན་གསལ་བཤད་རོབ་ཙམ་བྱས་རྗེས། རོགས་རེས་མཉམ་གཉེར་གཉེར་སྐྱོང་བྱེད་ཕྱོགས་ཀྱི་སྐོར་གྲོས་བསྡུར་བྱས། མ་གཞི་དེ་སྔར་ཁྱིམ་དུད་རེ་རེ་བཞིན་སྐད་ཆ་འདྲི་སྐབས་ཚང་མས་ཐུན་མོང་གི་གཉེར་སྐྱོང་ཞིག་བྱུང་ན་དགོས་རྒྱུ་པགས་ལ་པགས་ཁུ་ད་ར་ཡིན་ཞེས་བཤད་རུང་། དངོས་སུ་ཚོགས་ཐོག་ཏུ་གྲོས་བསྡུར་བྱེད་སྐབས་དེ་ལྟར་མ་ཡིན་པར་མི་རེའི་ཁ་ནས་སྐད་ཆ་རེ་ཐོན་པ་སྟེ། ལ་ལས་བྱེད་ཐབས་དེ་ནི་འབྲོག་ལས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་ཐབས་ལམ་བཟང་པོ་ཞིག་ཡིན་པས་དོན་ཐོག་ཏུ་འཁྱོལ་ན་ཕན་འབྲས་བཟང་པོ་ཐོན་རྒྱུ་རེད་ཅེས་བརྗོད་པ་དང་། ལ་ལས་རྩྭ་ཐང་གཅིག་གྱུར་སྤྱོད་མི་བདེ་བ་དང་། འཇོ་ར་དཀར་ཆུ་མཉམ་དུ་གསོག་པ།བརྒྱབ་ན་དབྱར་གྱི་དཀར་ཆུ་ཟ་འཐུང་བྱ་དཀའ་བ། འབྲོག་ཟོག་ཐོན་རྫས་གཅིག་གྱུར་འཚོང་བར་འཕྲུལ་ཆས་གླས་ནས་འགྱངས་སར་སྐྱེལ་དགོས་སྟབས་ལག་ཏུ་བབ་དུས་ཁེ་གཙང་ཆེན་པོ་མེད་ལ། ཚོགས་ཆུང་ཁོངས་མིའི་དབར་མཐུན་སྒྲིལ་མེད་ན་དེ་བས་རྙོག་དྲ་ཡོང་ཟེར་བ། ལ་ལས་ལུང་པ་ཆུས་ཁྱེར་ན་?་ལེབ་སྐམ་པོར་སྡོད་མི་སྲིད་པས་ཁྱོན་ཡོངས་ཀྱི་ལམ་དེར་བསྐྱོད་རྒྱུ་ཡིན་ཟེར་བ། ལ་ལས་བྱ་སྔོན་མ་ཤི་བའི་དཔེ་ལ་ལྟོས། ཨ་ཕོས་མཆོང་སར་ར་ཕོས་མཆོང་མི་ཐུབ་པས་ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ་ཞེས་པ་སོགས་གླེང་ནས་ཕྱི་དྲོ་བར་ལུས།
ད་ཆ་ཁ་ཚ་དགོས་གཏུགས་སུ་བསྒྲུབ་དགོས་པ་ནི་ཚོགས་འདུའི་སྒྲིག་ལམ་ནན་པོ་ཞིག་དགོས། གལ་ཏེ་དེ་ལྟར་མ་བྱུང་ན་རྗེས་སུ་ཡང་དེ་རིང་དང་འདྲ་བར་ཚོགས་དོན་ཆོད་དཀའ་བས། ལས་དོན་ཚོགས་ཆུང་དང་གྲོང་ཚོའི་ཨུད་གཉིས་ཀྱིས་ཚོགས་ཞུགས་ལམ་ལུགས་ཀྱི་འཆར་ཟིན་ཞིག་ཞིབ་བསྡུར་བྱས་ཏེ་དམངས་ཀྱི་བསམ་འཆར་ལ་བསྟུན་ནས་ནང་དོན་རེ་ཟུང་བཅོས་ཏེ་ལག་ལེན་བསྟར་རྒྱུའི་གྲོས་ཐག་བཅད། འོན་ཀྱང་། བྱ་བ་མཐའ་དག་འགོ་འཛུགས་དུས་དཀའ་ཚེགས་ཆེ་ཟེར་བ་ཅིས་ཀྱང་བདེན། ཚོགས་ཞུགས་ལམ་ལུགས་ཁྱབ་བསྒྲགས་བྱས་ནས་ཚོགས་འདུ་ཐེངས་དང་པོ་འཚོགས་པའི་ཉིན་དེའི་སྔ་དྲོར་ཁ་བ་བབ་ཅིང་གྲང་རླུང་འུར་འུར་དུ་ལྡང་འོང་། ཚོགས་འདུར་ཡོང་མཁན་མི་གྲངས་ཉི་ཤུ་ཙམ་ལས་མེད་སྟབས་སྐབས་འཕྲལ་ཚོགས་དོན་བསྒྱུར་རྒྱུ་ལས་འོས་མེད། ཕྱི་ཉིན་ཆུ་ཚོད་བཅུ་པའི་གོང་དུ་ཐེམ་རེ་མི་རེ་མ་འབྱོར་ཚེ་ཚོགས་ཞུགས་ལམ་ལུགས་ལག་ལེན་བསྟར་རྒྱུ་ཡིན་ཞེས་ལན་བཏང་མོད། གལ་ཏེ་ཏང་ཀྲི་པུའུ་ཧྲུའུ་ཅི་དང་ཀྲུའུ་རེན་གཉིས་ཀ་སླེབས་མེད་རྐྱེན། ཁོང་གཉིས་པོས་གཞོགས་འདེགས་མ་བྱས་ཚེ་ཆད་པ་གཅོད་རྒྱུ་ལྟ་ཅི། རང་གི་ཁ་ལ་རང་གིས་སྦར་ལྕག་གཞུས་པ་མ་ཡིན་ནམ་སྙམ་ནས་བློ་ཐེ་ཚོམ་དུ་གྱུར།
ཕྱི་ཉིན་ཆུ་ཚོད་བཅུ་པའི་གོང་ཚོགས་འདུར་སླེབས་རིམ་བཞིན་མིང་ཐོ་བཀོད་དེ་བཅུ་པ་ཏག་ཏག་ལ་མིང་ཐོ་འགོད་མཚམས་བཞག ཀྲུའུ་རེན་སྐར་མ་གསུམ་གྱིས་རྗེས་སུ་ལུས་འདུག ད་ནི་བཤད་ཟིན་པའི་སྐད་ཆ་གཞུ་སྟེང་གི་མདའ་མོ་ཡིན་པས་མི་འཕེན་པར་གཡོལ་ས་ག་ལ་ཡོད། ཐོག་མར་གྲོང་ཚོའི་ཨུ་གཉིས་ཀྱིས་ཁ་སང་ཚོགས་འདུར་ཞུགས་མ་ཐུབ་པའི་རྒྱུ་རྐྱེན་གང་ཡིན་གསལ་བཤད་གནང་རོགས་ཞུ་རྒྱུ་དང་། དེ་རྗེས་ཁ་སང་ཚོགས་འདུར་མ་སླེབས་པ་ཚང་མས་ཚོགས་ཞུགས་ལམ་ལུགས་ལག་ལེན་བསྟར་རོགས། ཞེས་བརྗོད་པ་ན། ཁ་སང་གནམ་གཤིས་གྲང་ངར་ཆེ་བས་ཚོགས་འདུར་ཞུགས་མཁན་ཡོད་རྒྱུ་མ་རེད་སྙམ་བྱུང་། ཕྱིར་འགྱངས་བྱས་ན་བཟང་སྙམ་ཡང་དུས་ཐོག་ཏུ་ལན་འཁྱོལ་མ་བྱུང་ཞེས་ཟེར། ?་རྗེ་བློ་གྲོས་ཀྱིས་ངས་ནི་ཁ་སང་ཕྱུགས་ཟོག་མགོ་གྲངས་བརྒྱ་ལྷག་ཙམ་ལ་འགོག་སྨན་བརྒྱབ་པ་ཡིན། དེ་དོན་དངོས་ཡིན་མིན་གྲོང་པ་ཁྱིམ་མཚེས་ཚོར་བཀའ་འདྲི་ཞུ་རོགས། གལ་སྲིད་ཁྱོད་ཚོས་ངེས་པར་དུ་ཚོགས་ཆད་བསྡུ་དགོས་ཟེར་ན། འོ་ཡ། ལས་དོན་རུ་ཁག་ཟེར་དང་མ་ཟེར་གང་ལྟར་ཁྱོད་ཚོ་ནི་དོན་དངོས་ལ་མི་ལྟ་མཁན་ཞིག་རེད། མ་གཞི་ལམ་ལུགས་མང་པོ་དེ་སྔོན་ཡང་བཟོས་མྱོང་མོད། དོན་ཐོག་ཏུ་འཁྱོལ་བ་ག་ཚོད་ཡོད་མེད་ཕར་བལྟས་ཚུར་གསལ་ཡིན། འོ་ཡ། མི་ང་ནི་ཚོགས་ཆད་སྤྲོད་ཐུབ་ས་མ་རེད། ཅེས་ངར་སྐད་དང་སྦྲགས་ཕྱག་རྒྱ་བྱེད་བཞིན་བཤད། སྐབས་དེར་སྤོ་བོ་རྒྱལ་པོས(ཁོང་ནི་མང་ཆེ་བས་བརྩི་བཀུར་བྱ་ཡུལ་གྱི་ལས་བྱེད་རྒན་གྲས་དང་ཏང་ཡོན་རྒན་གྲས་ཤིག་ཡིན)གྲོང་ཚོ་འདིའི་སྒྲིག་ལམ་ཞན་ཙམ་ཡོད་པ་བདེན། ང་ཚོར་གཞི་འཛིན་སའི་ལམ་ལུགས་ཤིག་མེད་ཚེ། ཚོགས་འདུ་འཚོགས་རིམ་བཞིན་རྩོད་པ་རྐྱང་རྐྱང་བརྒྱབ་ནས་དོན་ཐག་འདི་རེད་དེ་མ་རེད་ཀྱི་ཐག་ཆོད་ཀྱི་མེད། ད་བློ་མཐུན་ཚོ། ང་ཚོས་འདི་འདྲ་རྐྱང་རྐྱང་བྱས་ན་ཡོང་ས་རེད་དམ། སྒྲིག་ལམ་གང་དེ་ཐོག་མ་ནས་ནན་ཙམ་མ་བསྐྱངས་ན་རྗེས་སུ་དེ་ལས་འགལ་མཁན་ཡང་ཡང་ཐོན་ངེས་ལ་བརྩི་སྲུང་ཞུ་མཁན་ཡང་ཡོང་མི་སྲིད། ཚང་མས་བསམ་བློ་ཡག་པོ་གཏོང་རོགས་གནང་། ཞེས་བཤད་དེ་འགན་འཁུར་གཉིས་ལ་ལྟ་ཙམ་བྱས། དེ་གའི་མུར་ཚང་མའི་ངག་ཅུང་འཇམ་དུ་སོང་རུང་། གང་ལྟར་ཚང་མས་མ་སྤྲད་ན་ང་ཡང་སྤྲོད་དོན་མེད་ཅེས་པ་སོགས་ཡུད་ཙམ་རིང་ཏོ་ཅོར་གྱིས་ཁེངས། འདི་ནི་ཕལ་ཆེར་རང་གིས་བཙོས་པའི་ཆང་དེ་ཡིན་ཚོད་རེད། ད་ནི་མངར་སྐྱུར་ཅི་ཡིན་རུང་ཕོར་པའི་ནང་བླུགས་ཚར་བས་མི་འཐུང་བར་འགྲོ་ས་མེད། གལ་ཏེ་དེ་རིང་གི་ཚོགས་འགོ་ཡང་ལེགས་པོ་ཞིག་མ་འཁྱོངས་ན་རོགས་རེས་མཉམ་གཉེར་ལྟ་ཅི་རྒྱུན་ལྡན་གྱི་ལས་ཀ་ཙག་ཙིག་ཡང་སྒྲུབ་མི་ཐུབ་སྙམ་བཞིན་སེམས་འཚབ་སྐྱེ་ཡོང་མོད། སྒམ་ཚུགས་ཤིག་བསྟན་ནས། ལྷན་རྒྱས་ཅུང་ཟད་ཉོན་དང་། སྤྱི་ལ་ཁ་བ་བབ་ན་གུད་ལ་ཨ་ཆུ་ག་ནས་ཡོང་། ཁ་སང་ཡུལ་མི་ཉུང་ཤས་ཀྱིས་རང་འགུལ་ངང་སྒྲིག་བརྩི་ཁྲིམས་སྲུང་བྱས་ནས་རྩ་འཛུགས་ཀྱི་བཀོད་འདོམས་ལ་དང་ལེན་ཞུས་མོད། ཕལ་ཆེ་བ་དེ་ལྟར་མིན། མ་ཟད་དེ་རིང་གི་ཚོགས་ཆད་སྤྲོད་དང་མི་སྤྲོད་དེ་ཆད་པ་སྒོར་ཙག་ཅིག་སྤྲོད་དང་མི་སྤྲོད་ཀྱི་གནད་དོན་མ་ཡིན་པར་ལམ་ལུགས་ཤིག་དོན་འཁྱོལ་ཐུབ་དང་མ་ཐུབ་ཀྱི་གནད་དོན་རེད། སྔོན་མའི་ལམ་ལུགས་དོན་འཁྱོལ་བྱས་དང་མ་བྱས་ནི་ཤི་ཚར་བའི་རོ་ལ་གྲི་བཙུགས་པ་ལྟར་ཨ་ཚ་འབོད་མི་སྲིད་པས་བསྐྱར་ལོག་རྒྱག་རྒྱུ་མེད། ཁྱིམ་ཚང་སྒེར་གྱི་ལས་ཀར་བསྟུན་ནས་གྲོང་ཚོ་སྤྱི་ཡི་བྱ་བར་འགྱུར་ལྡོག་གཏོང་སྲོལ་སྔོན་མ་ཡོད་ཀྱི་མ་རེད་ལ་རྗེས་མ་ནས་ཀྱང་ཡོང་ཨེ་ཤེས། གལ་ཏེ་ང་ཚོས་ཚོགས་འདུ་ཡང་ལེགས་པོ་ཞིག་མ་འཁྱོངས་ན། ཞིབ་བསྡུར་བྱས་ཟིན་པའི་ལོ་འཁོར་གྱི་ལས་དོན་ཇི་ལྟར་བསྒྲུབ། རྫོང་དཔོན་གྱི་མཆན་འགོད་ལག་ལེན་གང་འདྲ་བསྟར། གལ་ཏེ་ལས་དོན་རུ་ཁག་ལ་བསམ་འཆར་ཡོད་ན……ཞེས་མུ་མཐུད་བཤད་སྐབས། ཀྲི་པུའུ་ཧྲུའུ་ཅི་སྐལ་བཟང་ཟླ་བས་ངའི་སྐད་ཆའི་མཇུག་ཕྲོགས་ཏེ། ད་བློ་མཐུན་དྲིན་ཅན་ཚོ། ཚིག་བརྒྱ་བཤད་ཀྱི་སྙིང་པོ་དོན་དང་། ཞོ་བརྒྱ་དཀྲོག་གི་སྙིང་པོ་མར། ཁ་སང་གནམ་གཤིས་གྲང་ངར་ཆེ་བས་ཚོགས་འདུར་ཞུགས་ཐུབ་མ་སོང་། དེར་བརྟེན། འདིར་རྒྱ་ཆེའི་ཧྲི་ཡོན་ལས་བྱེད་ཚང་མར་དགོངས་དྭངས། ཐུགས་བདེན་ཞུ། ལྷན་རྒྱས་ཚང་མས་རང་སྐྱོན་རང་བརྗོད་ངང་ཚོགས་ཆད་སྤྲོད་རོགས། སླད་རྗེས་མར་གོང་འོག་ཚང་མས་ལམ་ལུགས་འདི་ལག་ལེན་ནན་པོ་བསྟར་དགོས་ཞེས་བརྗོད། དེའི་མུར་ཀྲུའུ་རིན་ཉི་མ་འོད་ཟེར་གྱིས་ཀྱང་བློ་མཐུན་དྲིན་ཆེན་ཚོ། ད་ང་ཚོས་གླེང་དང་མ་གླེང་མི་འདུག གཅུན་མཁན་མེད་ན་ལང་ལ་ཤོར་འགྲོ། ཚང་མའི་བཀའ་མོལ་ལ་གོ་བ་གསལ་པོ་ལོན་སོང་། ངས་ཀྱང་ཁ་སང་དང་དེ་རིང་གཉིས་ཀྱི་ཚོགས་ཆད་སྤྲོད་རྒྱུ་ཡིན་ལ། ལྷན་རྒྱས་ཚོར་དགོངས་པ་མ་ཚོམ་ཞུ་རྒྱུ་ཡིན། འོན་ཀྱང་། ད་ནི་ང་ཚོ་སྔོན་ཆད་ལྟར་གྲོང་ཚོས་འདི་ནས་མར་གཅིག་ཤོད་སྐབས། དེར་ལན་ཨེ་ཐེབས་མི་ཐེབས་ལྟ་མཁན་གྱི་བློ་མཐུན་རེ་ཟུང་ཡོད་པ་ཁྱོད་ཚོ་ཡང་རང་ཚོད་ཡོད་པ་བྱེད་དགོས། ང་ཚོས་ལས་དོན་རུ་ཁག་ལ་ཕྱར་བ་གྲུ་འདེགས་བྱས་ཏེ་གོང་རིམ་གྱིས་བཅོལ་བའི་རེ་བ་ཆུད་ཟོས་སུ་གཏོང་མི་རུང་། ཞེས་བཤད་པ་ན་གཞན་ཚོས་ཀྱང་རིམ་བཞིན་ཚོགས་ཆད་སྤྲད། ཉིན་ཤས་འདས་རྗེས་?་རྗེ་བློ་གྲོས་ངེད་ཚོའི་སར་སླེབས་ནས། ཁ་སྔོན་ཚོགས་ཐོག་ཏུ་འོས་མེད་ཁ་རྩོད་བརྒྱབ་པ་ནོར་འདུག་ཅེས་ཟེར། དེ་ནས་བཟུང་ཚོགས་འདུ་འཚོགས་རིམ་བཞིན་ལམ་ལུགས་དེ་ཉིད་ཉིན་གཅིག་ལྟར་རྒྱུན་འཁྱོངས་བྱུང་བས་ས་ཐག་འགྱངས་པའི་མང་ཚོགས་ཁ་ཤས་ཞོགས་པའི་ཕྱུགས་ཆས་གྲུབ་རྗེས་གཞི་ནས་ཡོང་དགོས་ཀྱང་། གཏན་འཁེལ་བྱས་པའི་དུས་ཚོད་ནང་འཛོམ་ཐུབ་པ་དང་། ཚོགས་དོན་གང་ཞིག་ཡིན་རུང་བརྗོད་གཞི་དེ་གར་དམིགས་ནས་རང་རང་གི་བསམ་ཚུལ་གླེང་བ་ལས་ཕན་ཚུན་ཁ་རྩོད་རྒྱག་པའམ་དོན་དག་གཞན་ཞིག་ཞོར་དུ་དྲུད་ཡོང་བའི་དགོས་མེད་རྙོག་དྲ་སློང་མཁན་ཉུང་ནས་ཉུང་དུ་སོང་།
བཞི།
མ་གཞིར་རོགས་རེས་མཉམ་གཉེར་འཛུགས་རྒྱུར། ང་ཚོའི་ཅུད་ཀྲང་གི་མངགས་བྱ་ཡོད་ལ་རྫོང་དཔོན་གྱིས་ཀྱང་མཆན་འགོད་མཛུབ་སྟོན་གནང་ཡོད། འོན་ཀྱང་། སེམས་བསམ་པས་བར་སྣང་ལ་རྟ་རྒྱུག་འདོད་ཀྱང་། དོན་དམ་པས་སྦར་མཐིལ་ལ་སོ་མི་ཐེབས་ཞེས་པ་ལྟར། ཞིབ་ཕྲའི་འཁོར་རྒྱུག་བྱེད་ཚུལ་ལ་རྒྱུས་མངའ་ཞིབ་ཕྲ་མེད་ཅིང་། གྲོང་ཚོ་ཧྲིལ་པོར་ཐུན་མོང་གཉེར་སྐྱོང་གཅིག་རང་ཡོད་པ་ནི་ག་སྦྱར་རོགས་སྐྱོར་ཚན་པ་ས་གནས་མི་དམངས་སྨན་ཁང་གིས་མ་དངུལ་བཏང་བའི་ཚོང་ཁང་དེ་ཡིན། དེ་ཡང་དུས་ཚིགས་གསུམ་ཙམ་ཚོང་ཟོག་མ་འཐེན་པར་ཚོང་སྙིགས་ཕྲན་བུ་ལྷག་པ་རྣམས་ཁྱིམ་དུད་ལ་བགོས་རྗེས་མུ་མཐུད་གཉེར་སྐྱོང་བྱེད་རྩིས་མེད། ལྷག་པར་དུ་ལོ་དེའི་ལས་ཀའི་རྨང་གཞི་བརྟན་པོ་ཞིག་འདིང་ཐུབ་མིན་དེ་ཉུང་མཐར་ཡང་རྗེས་མའི་ལོ་གསུམ་གྱི་གྲུབ་འབྲས་བཟང་ངན་ལ་ཐད་ཀའི་འབྲེལ་བ་ཡོད་ཅེས་བཀའ་བགོས་ནན་པོ་བྱས་ཡོད་རྐྱེན་སྒ་ལ་བཅག་བཅག་དང་རབ་ལ་བལྟ་བལྟ་མ་བྱས་ན་ག་ལ་འགྲིག སྐབས་རེ་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་སྐབས་སེམས་ཆུང་ངང་གཞན་གྱི་ཉམས་མྱོང་སློབ་སྦྱོང་བྱས་ཏེ་རང་གི་འགྲོ་ལམ་ཞིག་འཚོལ་རྒྱུ་དེའང་ཐབས་ཤེས་ཟད་པའི་ཐབས་ཤེས་ལོས་ཡིན། ངེད་གྲོང་ལྷན་གསུམ་དང་ལྷན་དུ་ཤང་གི་རླངས་འཁོར་ལ་བསྡད་དེ་རྫོང་ཡོངས་ཀྱི་རོགས་རེས་མཉམ་གཉེར་གཉེར་སྐྱོང་བཟང་བའི་དཔེ་སྟོན་གྲོང་ཚོ། བ་ཚྭ་ཤང་གྲོང་ཚོ་བདུན་པ་སྟེ། མུ་ཏིག་གྲོང་ཚོར་བསྐྱོད། རྒྱལ་ཡོངས་ཀྱི་ངལ་རྩོལ་དཔེ་བཟང་བ། གྲོང་ཚོ་དེ་གའི་ཏང་ཀྲིའི་པུའུ་ཧྲུའུ་ཅི་ཞི་པའི་ས་ནས་ང་ཚོས་རོགས་རེས་མཉམ་གཉེར་ཞེས་པ་དེ་ཇི་ལྟ་བུ་ཞིག་གཉེར་དགོས་པ་གཞི་ནས་ཤེས་བྱུང་། དེ་ནི་ཆེད་ལས་མཉམ་ལས་དཔལ་འབྱོར(མཉམ་སྡེབ)ལྟར་རྩྭ་ཐང་དང་། ཕྱུགས་ཟོག ངལ་ནུས་བཅས་ཀྱིས་མ་རྐང་བཙུགས་ནས་ཁྱིམ་ཚང་ཆེན་པོ་ཞིག་གི་ཚུལ་དུ་གཉེར་སྐྱོང་བྱས་ཏེ་ལོ་མཇུག་ཏུ་མ་རྐང་གི་ཚད་གཞི་གཞིར་བཟུང་ཡོང་འབབ་བགོ་འགྲེམ་བྱེད་པའི་སྒྲིག་གཞི་དང་ཅུང་མི་འདྲ་བར། རྩྭ་ཐང་དང་། སྡོད་གནས། ངལ་རྩོལ་ནུས་ཤུགས། འབྲོག་ཟོག་ཐོན་རྫས་བཅས་ཕྱོགས་བཞི་པོ་དེ་དག་གཅིག་གྱུར་བཀོད་སྒྲིག་བྱེད་པ་ལས། རྩྭ་ཐང་དང་ཕྱུགས་ཟོག་གི་བདག་དབང་སྔར་བཞིན་ཁྱིམ་དུད་སྒེར་ལ་གནས་པའི་སྒྲིག་གཞི་ཞིག་ཡིན། དེ་ཡང་། རྩྭ་ཟ་ཆུ་འཐུང་བྱ་བདེ་བའི་དུད་ཁྱིམ་ཁ་ཤས་མཉམ་དུ་ཚོགས་ཆུང་རེ་བསྒྲིགས་ནས་དེའི་ཁོངས་ཀྱི་རྩྭ་ཐང་ལ་ང་དང་ཁྱོད་ཀྱི་དབྱེ་བ་མེད་པར་རྩྭ་རྒྱ་ཆེ་ཆུང་དང་ཕྱུགས་ཟོག་མང་ཉུང་དབར་ལུག་བསྒྱུར་མགོ་གྲངས་ལ་གཞིགས་ནས་རྩྭ་རིན་བསློགས་སྤྲོད་བྱས་རྗེས། སྤང་རི་སྤོས་ཤེལ་ཕྱུག་མོ། ཟལ་ཁྲ་ནོར་གྱི་གདན་ས། འཇག་རོལ་སྨན་རྩི་ཐིག་དྲུག འདོ་བ་རྟ་ཡི་གདན་ས། ན་གཞུང་མར་ཁུ་འཁྱིལ་འདྲ། གཡང་མོ་ལུག་གི་གདན་ས་ཞེས་པ་ལྟར་རྩྭ་ཐང་ཁྱིམ་དུད་སྒེར་ལ་འགན་འཁྲི་སྤྲོད་སྐབས་ནོར་ས་ཐོབ་མཁན་ལ་ལུག་ས་ཉུང་བ་དང་། ལུག་ས་འཐོབ་མཁན་ལ་ནོར་ས་ཉུང་བའི་དཀའ་ངལ་སེལ་ཐུབ་ཅིང་། ཕྱུགས་ཟོག་མགོ་གྲངས་ལ་བསྟུན་ནས་རྫི་བོའི་བབ་ཁྲལ་བཟོས་རྗེས་ངལ་ནུས་ལྷག་མ་ཞོར་ལས་འཚོལ་བདེ་ལ། བུ་ཕྲུག་སློབ་གྲྭ་ནས་འཐེན་མི་དགོས་པར་རྫི་གླ་སྤྲད་ན་འཐུས་པ། ལོ་རེའི་ཤ་པགས་དང་། བལ་སྤུ། མར་ཕྱུར་སོགས་ཀྱི་འབྲོག་ཟོག་ཐོན་རྫས་གཅིག་གྱུར་ངང་ས་གནས་དང་རྫོང་གི་ཁྲོམ་རྭར་བཙོངས་ནས་བར་ཁེ་ཟ་མཁན་ལ་སིལ་བཙོང་བརྒྱབ་པའི་ཟིན་འབབ་ལས་མཐོ་རུ་གཏོང་བ། ཞོར་དུ་ཐུན་མོང་གི་ཁེ་ལས་གཉེར་ནས་ཚོང་རྟགས་བཀོད་དེ་འབྲོག་ལས་ཚན་པས་གཏན་འཁེལ་བྱས་པའི་མཉམ་ལས་དཔལ་འབྱོར་སྒྲིག་གཞིའི་ཚད་གཞི་ལོན་ཚེ། རྒྱལ་ཁབ་ནས་རོགས་སྐྱོར་མ་དངུལ་སྒོར་ཁྲི་15-30བར་ཡོད་པའི་སྲོལ་རྒྱུན་གྱི་གནམ་བརྟེན་ཕྱུགས་འཚོའི་ཐོན་སྐྱེད་ཐབས་ལམ་བསྒྱུར་བཅོས་བྱ་བའི་ཐབས་ཤེས་ཤིག་རེད་འདུག
ང་ཚོ་ཕྱིར་འཁོར་རྗེས་ཁ་ཡོད་ལག་ཡོད་ཀྱི་ཕན་འབྲས་ཁག་མང་ཚོགས་དབུས་སུ་དྲིལ་བསྒྲགས་བྱེད་པ་དང་། རྫོང་འབྲོག་ལས་ཅུད་དང་ཤང་གི་འགོ་ཁྲིད། ཉམས་མྱོང་ཅན་གྱི་ལས་བྱེད་རྒན་གྲས་དང་། རྒན་རྒོན། གྲོང་ཚོའི་འགན་འཁུར་ཚོར་བཀའ་འདྲི་ཡང་ཡང་ཞུས་ཏེ་རྐྱང་ཚའི་དོན་དངོས་ལ་འཚམ་པའི་ལག་བསྟར་ཇུས་གཞི་ཞིག་གཏན་འཁེལ་བྱས་ཤིང་། དུས་རྒྱུན་གྱི་འགྲོ་འདུག་སྤྱོད་གསུམ་དང་། རྩྭ་ཐང་གི་གནས་བབ་ལ་གཞིགས་ནས་དུད་ཁྱིམ་ཕན་ཚུན་དབར་རང་མོས་ངང་ཚོགས་ཆུང་བསྒྲིགས། ངལ་ནུས་དང་། རྫི་རེས། འཇོ་ར། རྩྭ་རིན་སློག་སྤྲོད་སོགས་ཀྱི་ལམ་ལུགས་རོབ་ཙམ་ཞིག་བཟོས་རྗེས་ཁྱིམ་བདག་ཚོས་རྒྱུན་ལྡན་ཁ་དང་ལག་པ་ཇི་བཞིན་འཕྲད་སྲིད་པའི་བྱ་བ་ཆུང་ཚགས་ཀྱི་རིགས་མཐའ་དག་ཐག་གཅོད་ཇི་ལྟར་བྱ་དགོས་ལུགས་ཐད་ཕན་ཚུན་གྲོས་ཁ་ཡང་ཡང་བསྡུར་རྗེས། ཐོག་མའི་ཚོགས་ཆུང་དགུ་དང་ཟུར་དུ་ལུས་པའི་ཁྱིམ་དུད་གསུམ་ནས་རིམ་བཞིན་ཁྱིམ་དུད་དགུ་ནས་བཅུ་བཞི་བར་ཡོད་པའི་ཚོགས་ཆུང་ཁག་དྲུག་ལ་གཏན་འཁེལ་བ་དང་། སྤྱིའི་རྩ་འཛིན་གཅིག་དང་ཚོགས་ཆུང་མི་འདྲ་བ་རེར་རང་རང་གི་སྒྲིག་སྲོལ་ལམ་ལུགས་རེ་གྲུབ། དེ་དག་གྲོང་མི་ཡོངས་ཀྱིས་ལག་ལེན་བསྟར་ཐུབ་པའི་ཁས་ལེན་མོས་མཐུན་ཐོབ་རྗེས། གྲོང་ཚོའི་ཨུད་གཉིས་དང་། ཁྱིམ་དུད་སོ་སོའི་དབར་དབྱར་སྟོད་ནས་བཟུང་ཚོད་ལྟའི་འཁོར་རྒྱུག་བྱ་རྒྱུའི་དམིགས་ཚད་འགན་འཁྲི་བཞག
གཞན་ཡང་། ཉེ་བའི་ལོ་ཤས་ནང་རྒྱལ་ཁབ་ཀྱིས་དམའ་རྟེན་འཚོ་བའི་ཁ་གསབ་སྤྲོད་པ་དང་། དབུལ་པོའི་དུད་ཁྱིམ་ལ་དམིགས་བསལ་གྱི་ལྟ་རྟོག་ཡོད་རྐྱེན། གནའ་གཏམ་དུ་གྲོང་པ་རབ་གཅིག་བགོ་ན་འབྲིང་གཉིས་དང་། གྲོང་པ་འབྲིང་གཅིག་བགོས་ན་ཐ་གཉིས། ཐ་གཅིག་བགོས་ན་མུ་གེ་ཞེས་པའི་འཇིགས་སྐྲག་མི་དགོས་པར། གང་ལྟར་རྒྱལ་ཁབ་དྲིན་ཅན་གྱིས་མུ་གེར་འཆི་རུ་འཇུག་མི་སྲིད་སྙམ་པའི་གདེང་ཚོད་ཡོད་ཀྱང་སྲིད་མོད། ཁྱིམ་དུད་ཅིག་ལ་ཕ་མ་གཉིས་དང་ཕྲུ་གུ་བཞི་ཡོད་ཅིང་། རྒན་ཤོས་དབང་སྐྱོན་དང་། འབྲིང་བ་གཉིས་སློབ་ཆུང་ལོ་རིམ་དང་པོ་དང་གཉིས་པར་འགྲིམ་བཞིན་ཡོད་ལ། ཆུང་ཤོས་ཨ་མའི་འོ་ཐག་ཆོད་ཙམ་ཞིག་ཡིན། རྒྱུ་རྐྱེན་ནི་ཕུང་གསུམ་པ་ཞིག་བྱུང་བས་རེད། ཅེས་བརྗོད་དེ་ཕ་མ་དེ་གཉིས་མི་རེས་ཕྲུ་གུ་གཉིས་རེ་ཁྲིད་ནས་ཤ་ཁག་ཁག་དང་གྲི་སོ་སོར་སོང་། ཉིན་དེ་ནས་བཟུང་། ཨ་ཕ་མཉམ་དུ་ཡོད་མཁན་ཕྲུ་གུས་ཨ་མའི་བྱམས་སྐྱོང་མྱོང་མི་ཐུབ་པ་དང་། ཨ་མ་མཉམ་དུ་ཡོད་མཁན་ཕྲུ་གུས་ཨ་ཕའི་ཁ་ཏ་བསླབ་བྱ་ཐོབ་མི་ཐུབ་པར་གྱུར་སྟབས་ནར་སོན་རྗེས་ཁོ་ཚོའི་གཤིས་ཀ་རྩུབ་ཅིང་གཅུན་ཁག་ཙམ་ཡོང་རྒྱུའི་ཚོད་དཔག་བྱ་ཐུབ་ལ། ཁོང་ཕ་མ་གཉིས་ཀ་ཡང་ནང་གོ་གཅོད་མཁན་གྱིས་ཕྱི་གོ་མི་ཆོད་པ་དང་། ཕྱི་གོ་གཅོད་མཁན་གྱིས་ནང་གོ་མི་ཆོད་པའི་གནས་སུ་ལྷུང་། ཡང་ཕ་རྒན་ལོ་བདུན་ཅུ་ཙམ་དང་། མ་རྒན་ལོ་ལྔ་བཅུ་ལྷག་ཙམ་སླེབས་པའི་ཕ་མ་གཉིས་ལ་བུ་ཕྲུག་མིང་སྲིང་ལྔ་ཡོད་ཅིང་། རྒྱུན་དུ་ཕ་མ་བུ་ཕྲུག་དབར་ཕན་ཚུན་བཀུར་བསྟི་ཞབས་ཏོག་མི་སྒྲུབ་མཁན་ཞིག་མིན་རུང་། བུ་མོ་གཉིས་ལ་ཨ་ཕ་འདི་རེད་ཅེས་སྟོན་རྒྱུ་མེད་པའི་ནལ་བུ་གཉིས་རེ་ཡོད་པ་དང་། བུ་རྒན་པ་དེ་ནག་ཆུའི་ཤར་ཕྱོགས་སུ་གླ་པར་བསྐྱོད་ནས་ཕྱིར་འཁོར་རྗེས་གུད་དུ་ཐེམ་ཐོ་བཙུགས། ཕ་རྒན་དང་ཕྲུ་གུ་ཆུང་བ་གཉིས་ལ་ཐེམ་ཐོ་གཅིག ཨ་མ་དང་བུ་མོ་གཉིས་ལ་ཐེམ་ཐོ་གཅིག་བཅས་དུད་ཁྱིམ་གཅིག་ལ་ཐེམ་ཐོ་གསུམ་འདུག སྤྱིར་གནས་ཚུལ་འདིའི་རིགས་ཁྱིམ་ཚང་རེ་ཟུང་ལས་མེད་ཀྱང་། རྒྱལ་ཁབ་ཀྱིས་ཐེམ་གྲངས་བཞིན་རྣམ་གྲངས་དོན་འཁྱོལ་བྱེད་སྐབས་ཁོ་ཚོར་ཐོལ་བ་ཡོད་ལ། སྤྱི་པའི་ངལ་ནུས་དང་ལས་ཀ་སྒྲིག་འཛུགས་བྱེད་སྐབས་དེ་ལུགས་འཁྱོང་ཀྱི་མེད། དེའི་རིགས་མུ་མཐུད་རྒྱ་ཡན་དུ་མི་འགྲོ་བའི་ཆེད། གྲོང་གྲངས་འཕར་སྣོན་དང་དགོད་ཐོར་འགྲོ་རྒྱུར་ཚོད་འཛིན་དང་། འཚོ་བ་གཅིག་རུང་ཐེམ་ཐོ་གུད་དུ་བཙུགས་ནས་རྣམ་གྲངས་རག་ཐབས་བྱེད་རིགས་གཏན་འགོག་བྱ་རྒྱུའི་སྐོར་གྲོང་སྲོལ་དམངས་ཆིངས་ནང་ཁ་སྣོན་བརྒྱབ་པ་དང་སྦྲགས། སྤྱི་ནོར་བཀོལ་སྤྱོད་བྱེད་ཚུལ་དུས་ཐོག་ཏུ་ཁ་གསལ་ཡོངས་བསྒྲགས་བྱེད་མི་ཐུབ་པ་དང་། གྲོང་ཚོའི་ཨུ་གཉིས་ཀྱི་ལས་ཀའི་སྒྲིག་གཞི་འཐུས་སྒོ་ཚང་པོ་མེད་པ་སོགས་ཀྱི་རྐྱེན་པས་རྣམ་ཀུན་གྲོང་ཚོའི་ལས་ཀར་འགལ་རྐྱེན་ཆད་མེད་འཕྲད་སྟབས། དེ་དག་ཐག་གཅོད་བྱེད་ཕྱོགས་ཀྱི་གཞི་འཛིན་སའི་བྱེད་ཐབས་གྲོས་བསྡུར་ཡང་ཡང་བྱས་ནས་ནོར་དོན་དང་། ཚོགས་ཞུགས། གྲོང་དོན་སོགས་ཀྱི་སྒྲིག་སྲོལ་ལམ་ལུགས་ཁག་བརྒྱད་ལེགས་སྒྲིག་བྱས།
ད་ཆར་ཕྱིའི་སྒྲིག་གཞི་དང་ལམ་ལུགས་ཁག་རོབ་ཙམ་གྲུབ་ཟིན་ནའང་། ནང་གི་མིག་མཐོང་ལག་ཟིན་ཐུབ་པའི་ལས་དོན་འབའ་ཞིག་བསྒྲུབ་མ་ཐུབ་ཚེ། ཆར་མེད་འབྲུག་སྒྲ་ཇི་བཞིན་ཕན་འབྲས་བཟང་པོ་ཐོན་མི་ཐུབ་ལ། ཐུན་མོང་གི་ཞོར་གཏོགས་གཉེར་སྐྱོང་མེད་པར་འབྲོག་ལས་རྐྱང་པའི་རོགས་རེས་མཉམ་གཉེར་ནི་ཁེ་ཕན་ཆེ་བ་ཞིག་དེ་བས་མིན། ང་ཚོས་ལས་དོན་རུ་ཁག་གི་གྲོན་དངུལ་སྒོར་ཁྲི་བཅུ་གཅིག་ལས། དེ་སྔོན་འཐོར་ལ་ཉེ་བའི་ཚོང་ཁང་གི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་རྗེས་མུ་མཐུད་གཉེར་བ་དང་། ཚོགས་ཆུང་རེར་དབྱར་ཁ་འཇོ་ར་རྒྱག་ཡུལ་གྱི་རས་གུར་རེ་ཉོས། རྣམ་ཀུན་འཕྲུལ་རྟ་ཉམས་བཟོ་ཕྲན་ཙམ་བྱེད་ཤེས་མཁན་གྱི་?་རྗེ་དང་། དབང་འདུས་གཉིས་རྩལ་ནུས་སྦྱོང་བརྡར་འཛིན་གྲྭར་མངགས་རྗེས་འཕྲུལ་རྟའི་ཉམས་བཟོ་ཁང་གཅིག་བཙུགས་པ། མ་གནས་འཁོར་རྒྱུག་ཐུབ་ཙམ་གྱི་དམངས་ཕན་རྩམ་འཐག་ཁང་ཞིག་གཉེར་བ། ཆ་རྐྱེན་སྐྱོ་བའི་སྐལ་ཕུན་ཁ་ལོ་བའི་ཟབ་སྦྱོང་འཛིན་གྲྭར་མངགས་པ། ལས་དོན་རུ་ཁག་གི་འགྲིམ་འགྲུལ་ཁ་གསབ་ཡོད་ཚད་གྲོང་ཚོ་ཐུན་མོང་གིས་བེད་སྤྱོད་བྱས་པ་དང་། ད་དུང་རྒྱལ་གངས་རི་བོའི་འབྲོག་དམངས་ཨར་ལས་ཚད་ཡོད་ཀུང་སིའི་སྦྱིན་བདག་དོན་གྲུབ་ཚེ་རིང་ལགས་ཀྱིས་བྲོ་ཞིབ་དོ་པོ300(ཁྲོམ་རའི་ཐོག་གི་ཟིན་འབབ་སྒོར་ཁྲི2.7) ངེད་གྲོང་ཚོར་དབུལ་སྐྱོར་གནང་བས་ཁྱིམ་དུད་མ་ཆད་པར་བགོ་འགྲེམ་བྱས་པ་དང་། དེས་ཏང་ཡོན་རྒན་གྲས་དང་། ལས་བྱེད་རྒན་གྲས། ཟོག་བཅོས་སྨན་པ། མི་བཅོས་སྨན་པ། རྩྭ་ཤོག་གི་འགན་འཁུར། གྲོང་ཚོའི་ཨུད་གཉིས་ཀྱི་ཁོངས་མི་སོགས་རྒྱུན་དུ་ཐུན་མོང་གི་ལས་སྣེ་འཁུར་མཁན་ཚོར་དམིགས་བསལ་གྱི་འཚམས་འདྲི་ཞུས། གཞན་ཡང་ནད་གཞི་ཆེ་རིགས་མིན་རུང་། ཙག་ཙིག་ན་མཁན་རྒྱུན་ཆད་མེད་ཅིང་། སྨན་ཁང་ཆེ་ཁག་ཏུ་འགྲོ་མ་ཐུབ་པར་སྡུག་རུས་བྱེད་མཁན་ཉུང་ཉུང་མིན་པས་རྫོང་བོད་ལུགས་གསོ་རིག་སྨན་ཁང་གི་སྨན་པ་ཀརྨ་ཀུན་ཁྱབ་ལགས་ཀྱིས་ཉིན་གཉིས་རིང་གྲོང་མི་235ལ་རིན་མེད་སྨན་བཅོས་གནང་བ་སོགས་ཨ་བྲས་འཁྱོགས་ཚོད་སྤེན་མའི་མདའ་གཞུ་ལྟར་ཁ་ཡོད་ལག་ཡོད་ཀྱི་བྱ་བ་ཙག་ཙིག་རེ་ཟུང་བསྒྲུབ་རྒྱུར་བྲེལ།
དགུན་ཁའི་གནམ་གཤིས་ཤིན་ཏུ་གྲང་བས་ང་ཚོ་ཞོགས་པ་ལངས་པ་ནས་དགོང་མོ་མ་ཉལ་བར་ལྕགས་ཐབ་ནང་དུ་རིལ་མའི་མེ་སྒོང་ཆད་མེད་སྦར་ནའང་། ཕྱི་རུ་འགྲོ་དུས་འཚེར་སྣང་སྐྱེས་ཡོང་མོད། རྫི་བོ་རྣམས་སྐྱི་བསེར་རླུང་བུ་ཇི་ལྟར་ལྡང་ཞིང་ཁ་བ་བུ་ཡུག་ཇི་ལྟར་འཚུབ་ནའང་མགོ་ཐུམ་ལུས་ཐུམ་བརྒྱབ་སྟེ་ཕྱུགས་ཟོག་གི་རྗེས་སུ་བསྐྱོད་དགོས། ལྷག་པར་དུ་དཔྱིད་ཟླ་གསུམ་གྱི་རིང་ནི་བྱང་གི་འབྲོག་པར་མཚོན་ན། ལྷོ་ཕྱོགས་ཀྱི་ཞིང་པ་དང་མི་འདྲ་བར་ས་ཆུ་འཁྱག་དྲོས་འཕྱི་ལ་གནམ་གཤིས་གྲང་ངར་ཆེ་བའི་ཐོག ཆུང་གསུམ་སྐྱེ་བསུའི་དུས་ཚིགས་ཏེ་རེའུ་ལུག་སྡེབ་ཁྲིད་རྒྱག་པའི་ཛ་དྲག་ཆེ་ཤོས་ཀྱི་ནམ་དུས་ཤིག་ཡིན། དེའི་རིང་ཕྱུགས་ཟོག་བདག་སྐྱོང་ཡག་པོ་མ་བྱུང་ཚེ། ཤི་གོད་མང་བ་དང་། རེའུ་ལུག་སྦྲེ་དང་སྤྱང་ཀི བྱ་གླག་སོགས་ཀྱིས་ཟ་ཉེན་ཆེན་པོ་ཡོད་ལ། ཕྱུགས་ཟོག་དར་རྒུད་ཅི་ཡོང་གི་འགག་རྩར་ཐུག་པའི་དུས་ཚིགས་ཤིག་ཡིན། ལོ་དེར་གོང་རིམ་ནས་སྤྲད་པའི་ཆེད་བཟོས་གནོད་འགོག་གེགས་སེལ་གྱི་གཟན་རྩྭ་དང་འབྲུ་རིགས་ཀྱི་སྟེང་། དོམ་ར་དགོན་པས་ཞལ་འདེབས་བརྒྱབ་པའི་རྩམ་པ་རྒྱ་མ548དང་། རི་དྷི་ལྷ་ཁང་གིས་ཞལ་འདེབས་གནང་བའི་མ་དངུལ་སྒོར1300ཚོགས་ཆུང་ཁག་ལ་བགོས་པ་དང་། རེའུ་ལུག་སྡེབ་ཁྲིད་རྒྱག་སྐབས། གཞིས་སྡོད་གྲོང་ལྷན་དང་། ཕྱུགས་ཟོག་སྨན་པ། མི་བཅོས་སྨན་པས་དགོས་ངེས་སྨན་རྫས་ཁྱེར་ཏེ་རླངས་འཁོར་ཐར་སར་རླངས་འཁོར་གཏོང་བ་དང་། རླངས་འཁོར་མི་ཐར་སར་རྐང་ཐང་དུ་ལམ་ཐག་སྤྱི་ལེ350ཙམ་གྱི་མཚེར་ས་རེ་རེ་བཞིན་སྐོར་སྐྱོད་དུ་སོང་ནས་ནད་པ47དང་། ཕྱུགས་ཟོག་མགོ་གྲངས68ལ་སྨན་བཅོས་བྱས་ཤིང་སྒོར1400ཙམ་ཟིན་པའི་སྨན་རྫས་བསྐྱལ། དེའི་ཞོར་དུ་ས་གནས་ས་ཐོག་ཏུ་ཆུང་གསུམ་གསོན་ཚད་དང་འཐུས་མི་སྐབས་བརྗེ་བའི་ཐོ་རིགས་ཁག་ཅིག་བླངས། རྐྱང་ཚའི་ཆུང་གསུམ་སྐྱེ་བསུའི་རྩྭ་ཐང་ནི་གཞིས་སྡོད་བྱ་ཡུལ་ནས་བྱང་ཕྱོགས་སུ་འགྱངས་སར་སྤྱི་ལེ60ཙམ་དང་། ཉེ་སར་སྤྱི་ལེ30ཙམ་གྱི་སར་ལུང་པ་རེར་དུད་ཁྱིམ་རེ་གཉིས་རེ་གཉིས་ཙམ་བྱས་ཏེ་ཁ་འཐོར་དུ་གནས་ཤིང་། ལ་ལས་ཁང་ཆུང་?ག་ཙམ་རེ་བརྩིགས་པ་དང་། ལ་ལས་སྦྲ་གུར་ཆུང་ཆུང་རེ་ཕུབ། ལམ་བར་དུ་བསྐྱལ་ལམ་ལ་ཞེས་པའི་རི་བོ་ཞིག་བརྒལ་དགོས། རི་ལམ་དེ་གྲོག་རོང་གཡང་གཟར་ཅན་ཞིག་མིན་རུང་གྱེན་ཐུར་གཟར་ཞིང་ལྟག་གུག་གསུམ་བཞི་བསྐོར་དགོས་པའི་འཕྲུལ་ཆས་འགྲོ་སྐྱོད་འཕེར་ཙམ་ཞིག་ལས་མེད། ལོ་གོང་མར་རུ་བ་སྐྱེལ་མཁན་ཐོ་ཕྲུག་གཅིག་རོང་ལ་ཤོར་ནས་མི་ཤི་རྐྱེན་ཆགས་མ་བྱུང་ཡང་ཐོ་ཕྲུག་ཕན་མེད་དུ་གྱུར་པ་ཐོས། ང་ཚོ་སྐྱོད་པའི་ཉིན་དེར་རི་སྟེང་དུ་ཁ་བ་ཆགས་སྟབས། འཁོར་ལོ་ཡང་ཡང་འདྲེད་ནས་སྐབས་རེར་གངས་བཤང་རྒྱག་པ་དང་། སྐབས་རེར་ཚང་མས་འཕུད་རྒྱག་རྒྱག་པ་སོགས་ཨ་ན་ཨུ་ཚུགས་བྱས་མཐར་ལ་མགོར་སླེབས་ཙམ་བྱུང་། དབྱར་ཁར་ལ་མགོ་དེ་ནས་བལྟས་ཚེ། བྱང་ངོས་ཕྱོགས་ཀྱི་འོ་རུ་མཚོ་ལྗང་ཐིང་ངེར་གནས་ཤིང་། དེའི་ཡར་ཐོད་ན་རྨོ་དཀར་རི་རྒྱུད་དུ་འབོད་པའི་རྩེ་མོ་གངས་དང་། སྐེད་པ་རྫ་ཡི་རི་བོ་མང་པོ་ཞིག་སྤྲིན་པའི་ཀློང་དུ་སྐབས་རེར་ཡིབ་ཅིང་སྐབས་རེར་གསལ་བ། དེའི་གཤམ་འོག་གི་རི་ལུང་ཐང་དུ་ནོར་ལུག་རྩྭ་ཆུར་ཅི་དགར་རོལ་བའི་སྣང་ཚུལ་གྱིས་མི་སེམས་ལ། བག་ཡངས་ཤིང་ཁོད་རྒྱ་ཆེ་ལ། གང་འདོད་ལྟར་ལྟ་ཆོག་པའི་སྣང་བ་ཞིག་འགོག་མེད་དུ་སྟེར་འོང་།
ལོ་དེའི་རྫོང་གི་འཐུས་མིའི་ཚོགས་ཆེན་ཐོག ངེད་གྲོང་ཚོའི་འཐུས་མི་དབྱངས་ཅན་གྱིས་རྫོང་དཔོན་ལ། བསྐྱལ་ལམ་ལའི་ལམ་ཉམས་བཟོ་དང་། ཚོང་རྫས་འདྲེན་བྱེད་རླངས་འཁོར་ཞིག་ཉོ་རྒྱུའི་སྙན་ཞུ་ཕུལ་བ་ན། རྫོང་དཔོན་གྱིས་ལམ་བཟོའི་མ་དངུལ་སྒོར་ཁྲི་ལྔ་སྤྲད་པ་དང་། རོགས་རེས་མཉམ་གཉེར་ཞིབ་བཤེར་རྩིས་ལེན་ཐུབ་རྗེས་ཟོག་སྐྱེལ་རླངས་འཁོར་ཞིག་སྤྲད་རྒྱུའི་ཞལ་བཞེས་ཐོབ། དེ་ནི་གཞན་དང་བསྡུར་ན་འཛུགས་སྐྲུན་གྱི་རྣམ་གྲངས་ཆུང་ཆུང་ཞིག་ལས་མིན་རུང་། སྒེར་ལ་འགན་གཙང་སྤྲོད་རོགས་ཟེར་མཁན་ཁ་ཤས་ལ་ཕྲད། འོན་ཀྱང་དབྱར་སྟོད་དུ་གྲོང་ཚོ་ཡོངས་ཀྱི་ངལ་ནུས་ལྷག་མ་ཚོས་ཆ་སྙོམས་མི་གྲངས་ལྔ་བཅུས་ཉིན་བཅུ་གསུམ་རིང་ཉམས་བཟོ་མཐིལ་ཕྱིན་པ་བྱས་མཐར་འགྲིམ་འགྲུལ་ཅུད་ཀྱི་ཞིབ་བཤེར་རྩིས་ལེན་ཐེངས་དང་པོར་རྩིས་སྤྲོད་ཐུབ་པ་དང་། མི་རེའི་ཉིན་གླ་སྒོར50ལས་མ་སྤྲད་ནའང་ཡོང་འབབ་སྒོར་ཁྲི3.4ཟིན་པར་མ་ཟད། ཕྱི་ལོའི་ཆར་དུས་ཡོལ་རྗེས་ཀྱི་ཉམས་བཟོའི་མ་དངུལ་སྒོར་ཁྲི1.6ལྷག་འདུག
སྤྱིར་འདིའི་ཁུལ་དུ་ལྷོ་ཕྱོགས་སམ་ནག་ཆུའི་ཤར་ཕྱོགས་ལྟར་སྒོ་ཟོག་ལ་སྔ་དགོང་ཟོག་ཆས་བཀོལ་བྱེད་ཟྭ་ཚོད་དང་། རི་རྩྭ་འཐུ་སྒྲུབ་བྱེད་མཁན་ཉུང་ལ། སྔ་དགོང་གི་དྲོ་བཅོས་ཡང་དེ་ཙམ་མེད་ཅིང་། གཞུང་གིས་བསྐྲུན་པའི་དྲོད་ཁང་ཕུད་ཕྱུགས་ར་ཕལ་ཆེ་བ་?་རིལ་རྐྱང་བརྩིགས་སམ་ལྕགས་དྲ་བསྐོར་བ་དང་། ཡང་ན་བྲག་ཁུག་ལ་གཏད་པ་ལས་ལྷས་ར་དྲོ་སོབ་སོབ་ཏུ་སྐོང་བ་ཆེས་ཉུང་། ཁྱིམ་ཚང་སོ་སོས་གཞིས་སྡོད་ཀྱི་ལྷས་རར་ཞིང་རྩྭ་བཏབ་པ་ཕུད། ཆེད་མངགས་ཞིང་ར་བསྐོང་ནས་འདེབས་མཁན་མེད། ལོ་དེར་ཚོགས་ཆུང་ཁག་དྲུག་གི་ངལ་ནུས་ལ་ཐུན་མོང་གི་ཞིང་ར་རྒྱ་ཁྱོན་མུའུ2.59ཟིན་པ་ཞིག་འགན་གཙང་སྤྲད་དེ་གསར་རྒྱག་བྱས། མ་གཞིར་བྱང་ཐང་གི་འབྲོག་པ་མང་ཆེ་བས་ཨར་ལས་དེ་ཙམ་མི་ནུས་སྟབས། སྤུས་ཚད་མི་ལོན་ཞེས་བདེ་སྡོད་ལས་གྲྭའི་ཁང་པ་དང་། དྲོད་ཁང་། ཕྱུགས་ར་སོགས་ཀྱི་རྣམ་གྲངས་ཕལ་ཆེ་བ་ལས་གྲྭའི་སྦྱིན་བདག་དང་ལྷོ་ནས་ཡོང་འབབ་འཚོལ་མཁན་ཚོར་འགན་གཙང་སྤྲོད་ཀྱི་ཡོད་མོད། ལོ་དེར་ཐོག་མའི་ས་ཕག་རྒྱག་པ་དང་། གྱང་རྩེག་པ། ས་རྒོད་སློག་པ། ཆུ་འདྲེན་པ། ལུད་གཏོར་བ། སོན་འདེབས་པ་སོགས་ཀྱི་བརྒྱུད་རིམ་མཐའ་དག་རེ་རེ་བཞིན་ཡུལ་མི་ཚོས་བསྐྲུན། དབྱར་ཁ་དམར་ཞག་ཚུགས་སྒང་དུ་ཐུན་མོང་ཞིང་རའི་ནང་། བཞི་ཆ་གསུམ་ཞིང་རྩྭ་བཏབ་པ་དང་། བཞི་ཆ་གཅིག་པད་ཚལ་ཆེ་ཆུང་གཉིས་དང་། ཞོག་ཁོག ལ་ཕུག ཉུང་མ་བཏབ། སྔོ་རོང་ཚོགས་ཆུང་གི་མ་ལག་བཞིའི་དྲོད་ཁང་གཅིག་ནང་པད་ཚལ་ཆེ་ཆུང་གཉིས་དང་། རྒྱ་ལ་ཕུག ཞོག་ཁོག་བཅས་བཏབ། རྐྱང་ཚ་ཚོགས་ཆུང་གིས་ཞིང་ར་རྒྱ་ཁྱོན་མུའུ་གཅིག་མ་ཟིན་ཙམ་ཞིག་གསར་སྐྲུན་བྱས་ཏེ་ཉུང་མ་དང་ཚལ་རེ་ཟུང་བཏབ།
ལོ་དེར་ཆར་ཆུ་ཞོད་པོ་བྱུང་བས་རིག་གནས་ཁང་གི་ཐོག་ཁང་གཅིག་མ་གཏོགས་ཚང་མའི་ཐོག་ཁ་ནས་ཐིགས་པ་འཛགས་ཏེ་ཉལ་ཆས་དང་སྒྲོག་ཙེ་སོགས་ཐིགས་ཆུས་སྦངས། དང་ཐོག་ཞོར་ལས་འཚོལ་མཁན་ལ་ཉམས་བཟོ་བྱེད་རོགས་ཞུས་ཀྱང་། ཁོ་ཚོས་ལས་གླ་སྒོར2000དགོས་ཟེར། དེས་ན་འགྱིག་ཤོག་ཉོས་ནས་ངལ་ནུས་ལྷག་མ་བརྒྱད་ཀྱིས་བྱེ་མ་རླངས་འཁོར་ཆུང་བ་དོ་དབོར་ཏེ་ཆུ་ཚོད་བཞིའི་རིང་བཀབ། མི་རེར་ཉིན་གླ་སྒོར་བརྒྱ་རེ་སྤྲོད་སྐབས་ལས་ཀ་ཉིན་ཕྱེད་ལས་མེད་ཀྱང་འདི་འདྲ་མང་དྲགས་པ་མིན་ནམ་ཞེས་ཟེར་མོད། གང་ལྟར་ཉིན་དེ་ནས་བཟུང་ལོ་ཧྲིལ་པོར་རིག་གནས་ཁང་གི་ཐོག་ཆུ་ལྷུང་མ་བྱུང་། དེ་ལྟར་ང་ཚོའི་སྣང་ངོར་འབྲོག་པས་ས་ལས་?་ལས་མི་འཇོན་ཞེས་པའི་རྒྱུ་རྐྱེན་གཞན་ཞིག་ཤེས་རྟོགས་བྱུང་བ་ནི། མ་བསླབས་མཁས་པ་གཅིག་ཀྱང་མེད། བསླབས་ནས་མ་ཤེས་ལྟས་ངན་ཡིན་ཞེས་པ་ལྟར། ཨར་སྐྲུན་བྱ་བ་ཆུང་རིགས་ནས་བཟུང་རྒྱུན་ཆད་མེད་པར་མང་ཙམ་ལས་རྒྱུ་བྱུང་ན། ཁོ་ཚོའི་ལག་རྩལ་ཡང་རིམ་བཞིན་བྱང་ཆུབ་པར་ཡོང་རྒྱུ་རེད་ལ། ཞིབ་བཤེར་རྩིས་ལེན་སྐབས་རྩིས་སྤྲོད་ཐུབ་ན་འགྲིག་སོང་སྙམ་པའི་འཕྲལ་སེལ་སླ་བཅོས་ཀྱི་འདུ་ཤེས་བཟུང་ནས་རྣམ་གྲངས་བསྐྲུན་པ་དང་། རྗེས་སུ་རང་ཉིད་ཀྱིས་སྤྱོད་རྒྱུ་ཡིན་པས་སྤུས་ཚད་གཙོ་བོ་ཡིན་སྙམ་པའི་འགན་སེམས་ཞིག་ཁྱེར་ནས་བསྐྲུན་པ་གཉིས་ཀྱི་དབར་ཐོག་མའི་ཀུན་སློང་དང་། བར་གྱི་བརྒྱུད་རིམ། མཐའ་མའི་མཇུག་འབྲས་བཅས་ལ་ཧེ་བག་ངེས་ཅན་ཡོད་པ་མངོན་སུམ་དུ་མཐོང་།
ལྔ།
ལོ་དེར་ཤང་མི་དམངས་སྲིད་གཞུང་གིས་ཡར་ཞུ་བྱས་པའི་དབུལ་སྐྱོར་རྣམ་གྲངས་སྐྱེ་འཕེལ་ནུས་པ་ཡོད་པའི་འབྲི87མཁོ་སྒྲུབ་བྱས་ཏེ་འབྲི་རེར་མ་རྩ་སྒོར3500བརྩིས་ནས་དབུལ་པོའི་དུད་ཁྱིམ་སུམ་ཅུས་ལོ་ལྔ་གསོ་ཚགས་བྱས་རྗེས་བརྒྱ་ཆ་ལྔ་བཅུ་ཕྱིར་སློག་དགོས་པ་ཞིག་འབྱོར། དེ་ཉིད་དོན་འཁྱོལ་བྱེད་ཕྱོགས་ཐད། བསམ་འཆར་མི་མཐུན་པ་རེ་ཟུང་བྱུང་། དེ་ཡང་ལ་ལས་དུད་ཁྱིམ30ལ་བགོ་འགྲེམ་བྱས་ཏེ་ལོ་ལྔའི་རྗེས་ཀྱི་བརྒྱ་ཆའི50སློག་སྤྲོད་བྱ་རྒྱུའི་གན་རྒྱ་བྲིས་ཚེ། རྩྭ་ཐང་གི་རྩོད་གཞི་མེད་ལ། བདག་གཉེར་དོ་དམ་བྱེད་ཕྱོགས་ཀྱི་རྙོག་དྲ་ཡང་མེད་ཅིང་། འགན་འཁྲི་ཡང་ཁྱིམ་དུད་སོ་སོར་བབ་ཡོད་པས་ལས་སླ་ཞིང་སྟབས་བདེ་བ་ཞིག་རེད་ཅེས་བརྗོད་པ་དང་། ལ་ལས་དབུལ་ཁྱིམ་ཕལ་ཆེ་བའི་རྩྭ་ཐང་རྒྱ་ཁྱོན་ཆེན་པོ་མེད་ཁར། དཀའ་སྤྱད་འབད་བརྩོན་བྱ་རྒྱུར་མི་མོས་པར་ནམ་ལངས་ནས་ཕྱུགས་ཟོག་གི་རྗེས་སུ་བསྐྱོད་རྒྱུར་དེ་བས་འཚེར་སྣང་བྱེད་ཀྱི་ཡོད། དེ་སྔར་
མ་མོའི་རྣམ་གྲངས་འདི་འདྲ་ཞིག་དོན་འཁྱོལ་བྱས་ཀྱང་ད་ཆ་ཕན་འབྲས་ལྟ་ཅི་མ་གནས་ཀྱང་རྩ་མེད་བཟོས་ཟིན་པའི་ཁྱིམ་དུད་ཁ་ཤས་ཡོད། ད་དུང་རྩྭ་ཕྱུགས་དོ་སྙོམས་(སྒོ་ཕྱུགས་བླང་དོར་བྱེད་ཤུགས་ཆེ་རུ་བཏང་ནས་རྩྭ་ཐང་གི་འབྱུང་ཁམས་སླར་གསོའི་སྲིད་ཇུས་ཤིག་སྟེ། ལོ་རེར་ཤང་ཁག་སོ་སོའི་རྩྭ་ཐང་རྒྱ་ཁྱོན་མི་འདྲ་བར་ཚད་གཞི་ཡང་མི་འདྲ་མོད། མ་ཡོ་ཁུལ་དུ་མུའུ་རེར་ཁ་གསབ་སྒོར1.5དང་། བཀག་རྩྭ་མུའུ་རེར་ཁ་གསབ་སྒོར6 དུད་ཁྱིམ་རེར་ཐོན་སྐྱེད་ཁ་གསབ་སྒོར500 རྩྭ་ཐང་ལྟ་སྐུལ་མི་སྣར་སྒོར5400སྤྲོད་ཀྱི་ཡོད)བྱས་ཚུན། རྩྭ་ཐང་གི་ཤོང་ཚད་མུའུ་རེར་མགོ་གྲངས35ལས་འགལ་ན་ལོ་གསུམ་གྱི་རྗེས་སུ་བླང་དོར་བྱ་དགོས། སྟབས་ཉེས་ན་དབུལ་གྲོལ་ཐུབ་རྒྱུ་ལྟ་ཅི། ཐ་ན་ལོ་ལྔའི་རྗེས་སུ་བརྒྱ་ཆའི་ལྔ་བཅུ་དེ་ཡང་འཇལ་ཐུབ་མིན་ཤོད་ཚོད་མི་ཐིག་ཅེས་ཟེར། ལ་ལས་གལ་ཏེ་རྣམ་གྲངས་དེ་ཉིད་རོགས་རེས་མཉམ་གཉེར་གྱི་ཞོར་གཏོགས་གཉེར་སྐྱོང་དབུལ་སྐྱོར་རྟེན་གཞི་ཞིག་འཛུགས་ཐུབ་ན། དེའི་ཕན་འབྲས་ནི་དབུལ་ཁྱིམ30ཁོ་ན་མ་ཡིན་པར་གྲོང་ཚོ་ཁྱོན་ཡོངས་ལ་ཁེབས་ཐུབ། རྗེས་སུ་དབུལ་སྐྱོར་འབྲོག་ར་ལྟེ་བར་བྱས་ནས་ཁྱོན་ཡོངས་ཀྱི་རྩྭ་ཐང་གཅིག་བསྡུས་ངང་བཀོལ་སྤྱོད་བྱེད་ཤུགས་ཆེ་རུ་བཏང་ཞིང་། ཕྱུགས་ཟོག་བདག་སྐྱོང་བྱ་འདོད་མེད་པ་ཚོས་མ་རྐང་འཇོག་ཡུལ་རྨང་གཞི་ཞིག་བྱུང་ན་གཞི་ཁྱོན་མཉམ་གཉེར་གཉེར་རྒྱུའི་མཐུན་རྐྱེན་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད་ཅེས་གླེང་།
དེ་ལྟར་ཐོག་མའི་སྙན་ཞུའི་ནང་ཕྱུགས་ཟོག་རེ་གཉིས་བཀོད་སྒྲིག་བྱས་པའི་ཁྱིམ་དུད་རེ་ཟུང་གིས་ཐུན་མོང་གི་འབྲོག་ར་གཉེར་ན་དཀའ་ངལ་ཆེན་པོ་ཡོད་ཚུལ་གླེང་ནས་དུད་ཁྱིམ་སྒེར་ལ་དོན་འཁྱོལ་ཡོང་རེ་བྱེད་མོད། མཐར་ཕྱུགས་ཟོག་གི་ན་གྲངས་དང་ཕོ་མོའི་བསྡུར་གྲངས་ཚད་གཞི་བཟོས་ཐོག དུས་བཞིའི་རྩྭ་ཐང་ཚོགས་ཆུང་དྲུག་གིས་རྩྭ་རིན་སློག་ནས་མཁོ་འདོན་བྱེད་པ་དང་། ཐོག་མའི་ལོ་གསུམ་རིང་། བླང་དོར་བྱ་རྒྱུའི་ཆེ་ཟོག་སུམ་ཅུ་ཙམ་ཞིག་རང་བྱུང་རྒྱགས་གསོ་བྱས་རྗེས་དེས་དབུལ་ཁྱིམ30ལ་ཆ་སྙོམས་ཕྱུགས་ཟོག་གཉིས་ནས་གསུམ་བར་གྱི་རིན་ཐང་ཟིན་པའི་དབུལ་སྐྱོར་བྱ་རྒྱུ་དང་། གཞན་རྣམས་སྐྱེ་འཕེལ་ནུས་པ་བཟང་བའི་མོ་ཕྱུགས་ཉོས་ཏེ་ཐུན་མོང་གི་འབྲོག་ར་ཞིག་གཉེར་རྒྱུར་གྲོས་ཁ་མཐུན། གྲོང་ཚོ་གཞན་ནས་ཟོག་གོང་ཁེ་ཙམ་བྱས་ཏེ་ཁྱུ་ཉོ་བྱ་རོགས་ཟེར་མཁན་བྱུང་ཡང་། རང་གྲོང་ཚོའི་འབྲི་གཡག་མང་བའི་དུད་ཁྱིམ་གྱི་རྩྭ་ཕྱུགས་དོ་སྙོམས་ཡོང་རྒྱུར་སྐུལ་མ་ཐེབས་པ་དང་། མ་དངུལ་ཕྱི་ཤོར་མེད་ལ། ཟོག་གོང་ཡང་ཁྲོམ་རྭའི་ཐོག་ལས་ཅུང་མཐོ་བ་ཟིན་པའི་འབྲི་གཡག87ཉོས་ནས་དབུལ་སྐྱོར་འབྲོག་ར་ཞིག་བཙུགས། དེའི་དོ་དམ་དང་ཕན་འབྲས་བགོ་འགྲེམ་བྱེད་ཕྱོགས་དང་། འཚོ་སྐྱོང་གི་སྒྲིག་སྲོལ་ཁག་འཐུས་ཚང་བཟོས་ནས་ཐེམ་གསར་གཡུང་དྲུང་གིས་འཚོ་སྐྱོང་བྱ་རྒྱུའི་ཁས་བླངས། སྔོན་དཔག་བྱས་ན་ཁོ་ཚང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི་གཉིས་ལྷག་ཙམ་ཟིན་ཐུབ།
དྲུག
ཕལ་ཆེར་སྡོད་གནས་ཁ་ཐོར་ཡ་ཐོར་ཡིན་ཞིང་ས་ཁུག་ལུང་ཁུག་ཡིན་པའི་དབང་གིས་མི་རབས་ནས་མི་རབས་བར་ཕྱུགས་ཟོག་ཁོ་ནའི་རྗེས་སུ་བསྐྱོད་དེ་འཚོ་བ་སྐྱེལ་བཞིན་ཡོང་བའི་གོམས་གཤིས་དང་འབྲེལ་བ་དམ་པོ་ཡོད་ཀྱང་སྲིད་མོད། 2005ལོར་རྫོང་ཡོངས་སུ་ས་གནས་དེ་གའི་བུ་ཕྲུག་སློབ་ཆེན་སློབ་མ23ལས་མེད། སྐབས་དེ་དུས་ཤང་དང་སློབ་གསོའི་ཚན་པས་སློབ་ཕྲུག་བསྡུ་རྒྱུའི་སྐུལ་སློང་ཡང་ཡང་རྒྱག་དགོས་པ་དང་། ཁྱིམ་བདག་མང་ཆེ་བས་རྫི་བོ་མེད། ཅེས་བུ་ཕྲུག་སློབ་གྲྭར་གཏོང་འདོད་བྱེད་ཀྱི་མེད་ལ། སློབ་ཕྲུག་ཁ་ཤས་དེ་རིང་ཡར་བསྡུས་ཀྱང་། ཉིན་གཉིས་གསུམ་ལས་མ་འདས་པར་ཕྱིར་ཁྱིམ་དུ་ལོག་འགྲོ་བའི་གནས་ཚུལ་ཡང་ཡང་ཐོན་གྱིན་ཡོད། ཉེ་བའི་ལོ་ཤས་རིང་སློབ་གསོར་དང་དོད་ཆེ་རུ་སོང་ནས་དུད་ཁྱིམ་རེ་ཟུང་གིས་སློབ་ཆུང་དུ་ཕྲུ་གུ་གཉིས་གསུམ་ཡོད་ཚེ་སློབ་ཕྲུག་ཉལ་ཁང་ནང་མ་བཞག་པར་ཤང་ཐོག་ཏུ་གནས་ཚང་འཚོལ་བའམ་ཡང་ན་ཟུར་དུ་ཁང་པ་གཡར་ནས་ཕྲུ་གུ་ལྟ་སྐྱོང་བྱེད་མཁན་མི་གཅིག་གཉིས་གཏན་སྡོད་བྱེད་པ་དང་། སློབ་གྲྭས་ལོ་རེའི་འགན་ལེན་གསུམ་གྱི་འབྲུ་རིགས་ཁྱིམ་ཚང་སྒེར་ལ་སྤྲོད་ཀྱི་ཡོད། དེ་ལྟར་ཕྲུ་གུ་དམའ་འབྲིང་མ་ཐོན་བར་འགན་བབ་སློབ་གསོའི་འོས་འགན་སོས་ཐབས་བྱེད་ཀྱི་ཡོད་མོད། བུ་ཕྲུག་གི་མདུན་ལམ་བསམས་ནས་མུ་མཐུད་རྒྱུན་སྐྱོང་མཁན་ཆེས་ཉུང་ཤས་ཡིན་ལ། དམའ་འབྲིང་ཐོན་རྗེས་རིག་གནས་ཆུ་ཚད་ཕྲན་ཙམ་ལོབས་ཀྱང་རྫི་བོར་འགྲོ་འདོད་མི་བྱེད་པ་དང་། ཕྱུགས་ཟོག་བདག་སྐྱོང་བྱ་རྒྱུར་མི་མོས་ལ། ལག་རྩལ་དང་ལག་ཤེས་གཞན་ཀྱང་བྱང་ཆུབ་པ་ཞིག་མ་ཤེས་སྟབས་སྤྱོད་ལམ་གཅུན་ཁག་པོ་འདུག སྟབས་ཉེས་ན་འཁྱམ་རྒྱུར་གོམས་ནས་མདོ་མེད་ཅིག་ཏུ་གྱུར་འགྲོ་ཞེས་བདེན་ཅོག་ཅོག་ངང་གླེང་གི་ཡོད། གནས་བབ་དེ་རིགས་གཞིས་རྩེ་དང་ལྷ་ས་སོགས་ལ་བསྡུར་ན་ཞེ་སྨྲེང་དགོས་པ་ཞིག་སྟེ། གཞིས་རྩེའི་རྒྱུད་དུ་གྲོང་ཚོ་གཅིག་གི་ནང་སློབ་ཆེན་ཐོན་པ་སུམ་ཅུ་བཞི་བཅུ་ཡོད་པར་གྲགས་ཤིང་། ཉེ་བའི་ལོ་ཤས་རིང་གསར་དུ་ལས་བགོ་བརྒྱབ་པའི་སློབ་ཆེན་སློབ་མ་ཕལ་ཆེ་བ་ཡང་ས་ཆ་གཞན་གྱི་ཤ་སྟག་ཡིན། ངེད་རྐྱང་ཚ་གྲོང་ཚོར་སློབ་གྲྭ་ཆེན་མོ་ཐོན་པའམ་འགྲིམ་བཞིན་པའི་སློབ་ཕྲུག་གཅིག་ཀྱང་མེད་ལ། མཐོ་རིམ་སློབ་འབྲིང་དུ་འགྲིམ་པའི་བུ་ཕྲུག་ཀྱང་གཉིས་ལས་མེད། དེའི་ནང་གཅིག་ནི་གུང་གསེང་སྐབས་ནལ་བུ་འཁོར་ནས་ཁྱིམ་དུ་ལུས་པ་དང་ཅིག་ཤོས་ནི་ལས་རིགས་སློབ་གྲྭ་ཐོན་པ་ཞིག་ཡིན། ལོ་དེར་དམའ་འབྲིང་ཐོན་པའི་སློབ་མ་བརྒྱད་ཀྱི་ནང་མཐོ་འབྲིང་ལ་ཡིག་རྒྱུགས་འཕྲོད་པ་དྲུག་ཡོད། ལས་དོན་རུ་ཁག་གིས་ཁོ་ཚོའི་ཁྱིམ་བདག་ལ་གོ་བསྐོན་བློ་འགུག་བྱས་ཏེ་མཐོ་འབྲིང་དུ་བསྐྱོད་རྒྱུའི་ཨུ་ཚུགས་མཐར་སྐྱེལ་བྱས་རུང་། གཉིས་ཀྱིས་རྩ་བ་ནས་ཁས་མ་བླངས་པ་དང་། བཞི་རྫོང་མཁར་སླེབས་རྗེས་ལྷ་ས་དང་གཞིས་རྩེར་འགྲོ་མཁན་རླངས་འཁོར་མི་འདུག་ཅེས་ཕྱིར་སླེབས། ལམ་སེང་ཁོ་ཚོའི་སློབ་བསྡུའི་ཚན་པར་ས་ཐག་འགྱངས་པས་འབྱོར་ཐོ་འགོད་པའི་དུས་ཚོད་ཉིན་གཉིས་འགྱང་རོགས་ཞུས་ཏེ། ཚེ་རིང་?་རྗེས་སློབ་མ་རེར་རོགས་དངུལ་སྒོར300སྤྲད་དེ་འཕྲུལ་འཁོར་གླས་ནས་ཁོ་ཚོའི་སློབ་གྲྭ་བར་དུ་བསྐྱེལ། ཕྱིས་སུ་གྲོང་སྲོལ་དམངས་ཆིངས་ནང་ཐུན་མོང་གཉེར་སྐྱོང་གི་ཡོང་འབབ་ལས་མཐོ་འབྲིང་དུ་འགྲོ་མཁན་སློབ་མ་རེར་ལོ་རེར་སྒོར300དང་། སློབ་ཆེན་འགྲིམ་མཁན་སློབ་མ་རེར་ལོ་རེར་སྒོར500ཡི་རོགས་རམ་བྱ་རྒྱུའི་ནང་དོན་ཞིག་ཀྱང་ཁ་སྣོན་བརྒྱབ། འོན་ཀྱང་རྗེས་སུ་ཕྲུ་གུ་དེ་དག་ལས་གཅིག་ནི་ཁྱིམ་དུ་ཐོ་ཕྲུག་ཉོ་དགོས་པས་སློབ་གྲྭའི་འགྲོ་གྲོན་གཏོང་བྱེད་མེད་ཅེས་ཕྱིར་འཐེན་བྱས་པ་དང་། གཞན་གཅིག་གིས་རོགས་པ་མེད་ན་ང་གཅིག་པུ་མི་འགྲོ་ཞེས་ཕྱིར་འཐེན་བྱས་པ་ཐོས་བྱུང་ལ། གཞན་གཉིས་ཀྱང་རྒྱུ་རྐྱེན་ཅི་ཡང་མ་ཤེས་རུང་གང་ལྟར་མཐོ་རྒྱུགས་གཏོང་མཁན་གཅིག་ཀྱང་བྱུང་མི་འདུག
བདུན།
ལོ་ཧྲིལ་པོའི་དུས་ཚོད་ནི་ལྷུང་ལྷུང་དུ་བཞུར་བའི་དལ་འགྲོ་དང་འདྲ་བར་ཧ་གོ་འདི་གོ་མེད་པར་རྐང་འོག་ལག་འོག་ནས་ཤོར། ད་ཆར་དབྱར་ཕ་མ་འདྲ་བ་དེ་ཕར་ལ་སོང་ཞིང་། སྟོན་མར་ཁུ་འདྲ་བ་དེ་ཚུར་ལ་སླེབས། འཛིན་མའི་ལུས་སུ་སྔོ་ལྗང་གི་དབྱར་ལྭ་ཕུད་དེ་གསེར་མདོག་བཀྲ་བའི་སྟོན་ལྭ་ཞིག་རིམ་གྱིས་བཀླུབས་ཤིང་། གནམ་གཤིས་ཀྱང་གྲང་ངར་ཅུང་ཟད་སླེབས། ལོ་དེར་རྫོང་འབྲོག་ལས་ཅུད་དང་། ཤང་མི་དམངས་སྲིད་གཞུང་གིས་སྔ་རྗེས་སུ་ལས་དོན་ཚོགས་ཆུང་ཐེངས་གསུམ་མངགས་ནས་རོགས་རེས་མཉམ་གཉེར་གྱི་སྒྲིག་འཛུགས་ཀྱི་ཐོག་མའི་ཞིབ་བཤེར་དང་། བར་གྱི་ཞིབ་བཤེར། མཐའ་མཇུག་ཞིབ་བཤེར་བཅས་གོམ་པ་རེ་རེ་བཞིན་ཚད་བསྡུར་དཔྱད་དཔོག་བྱས་རྗེས་ཁ་སྣོན་བཟོ་བཅོས་རྒྱག་དགོས་པ་རྣམས་དུས་ཐོག་ཏུ་ཡོ་བསྲང་བྱུང་བས་ལོ་མཇུག་ཏུ་རྫོང་ཡོངས་ཀྱི་ལོ་དེ་གའི་གསར་དུ་གསོ་སྤེལ་བྱས་པའི་ཆེད་ལས་མཉམ་ལས་དཔལ་འབྱོར་གྱི་སྒྲིག་འཛུགས་གཉིས་ཀྱི་ཡ་གྱལ་དུ་གྱུར་ཞིང་། ས་གནས་སྲིད་འཛིན་ཀུང་ཧྲུའུ་ལ་སྲིད་ཇུས་རང་བཞིན་གྱི་རོགས་སྐྱོར་མ་དངུལ་ལེན་རྒྱུའི་སྙན་ཞུ་ཕུལ་ཟིན་པའི་བརྡ་ལན་འབྱོར།
ཞིང་རའི་ནང་ལུད་ཚན་ཆུང་བའི་སར་སྐྱེ་ཚད་ཞན་པ་དང་། ལུད་མང་བའི་སར་རྩ་བ་མཐུག་ལ་ལོ་མ་སྟུག་པོ་ཞིག་སྐྱེས་འདུག ཉུང་མའི་?ག་པོ་སྟར་ཀ་ཙམ་མམ་ཕྲུ་གུའི་ཁུ་ཚུར་ཙམ་ལས་ཆགས་མེད་པ་དང་། ཞོག་ཁོག་?ག་པོ་ཆགས་ཐུབ་མེད་ལ། པད་ཚལ་ཡང་ཟ་རུང་བ་ཞིག་མེད། ཉིན་དེར་ཚོགས་ཆུང་སོ་སོའི་ངལ་ནུས་ཚོས་ལག་ཏུ་ཁྲོམ་ནས་ཉོས་པའི་ཟོར་བ། ཁ་ལྕགས་སྲབ་ཅིང་ཡང་ལ། ཟོ་ཁ་སོག་ལེའི་ཁ་དང་འདྲ་བའི་ཧྲལ་ཧྲལ་ཅན་འགའ་ཁྱེར་ཏེ། སྔ་དྲོར་ཐུན་མོང་གི་ཞིང་རྩྭ་བརྔས་པ་དང་། ཕྱི་དྲོར་རང་རང་གི་ཕྱུགས་རའི་ཞིང་རྩྭ་རྣམས་བསྡུས། རྩྭ་བརྔ་སྐབས་ཁོ་ཚོའི་ངག་ལས། རྩྭ་དབྱར་རྩྭ་ཞག་གསུམ་མགྲོན་པོ་རེད། ཆུ་དབྱར་ཆུ་དེ་ལ་དེ་འཁོར་རེད། །རྩྭ་འཇག་མ་ཨ་མའི་ཨོ་ལོ་རེད། །ཨོ་ལོ་ཁ་ལ་མ་ཉན་ན། །འདན་ལྕག་ཞར་དང་ཞོར་ལ་རེད། །རྒྱ་ཟོར་གུག་ཙམ་གུག་ཙམ་རེད། །རྩྭ་འཇག་མ་ལྡེམ་ཙམ་ལྡེམ་ཙམ་རེད། །ཅེས་པའི་རྩྭ་གླུ་ལེན་བཞིན་པའི་སྣང་ཚུལ་མཐོང་སྐབས། ང་རང་ལོ་དེའི་བལ་འབྲེག་སྐབས་ཕྱིར་བསྐྱོད་པར་བློ་ཕམ་ཅུང་ཟད་སྐྱེས། གོ་ཐོས་ལྟར་ན་བལ་འབྲེག་པའི་རྣམ་པ་ནི་འདི་ལས་འཁྲུག་ཆ་དོད་ཅིང་གོ་རིམ་དང་ཆོ་ག་སོགས་མང་ལ། ཚིག་ཚོ་ལ་གདངས་སྙན་པའི་བལ་གླུ་དག་ལག་གི་ལས་ཀའི་སྟངས་སྟབས་ཉམས་འགྱུར་དང་བསྟུན་ནས་ངག་ལས་གྱེར་བའི་ངང་ཚུལ་མཐོང་ཐུབ་ལ། དེའི་བརྒྱུད་རིམ་ཧྲིལ་པོ་ཇི་ལྟ་བུ་ཞིག་ཡིན་མིན་མིག་མཐོང་ལག་ཟིན་ཡོང་ཐུབ་སྙམ། སྐབས་དེར་ཧྲུའུ་ཅི་སྐལ་བཟང་ཟླ་བར་མི་དམངས་ལག་མང་གིས་ཐུ་རུབ་དཔུང་རུབ་བྱས་ནས་ངལ་རྩོལ་བྱ་བའི་རྣམ་པ་འདི་དག་ཤིན་ཏུ་མི་ལེགས་སམ། རྒྱུན་ལྡན་བལ་འབྲེག་སྐབས་དང་། ཚྭ་ལེན་པར་འགྲོ་དུས་ཡང་?ག་ཁ་སྒྲིལ་ལུགས་འདི་ལྟར་མིན་ནམ་ཞེས་དྲིས་པ་ན། ཁོང་གིས་དེང་སང་སྤྱི་ཚོགས་ཡར་རྒྱས་སོང་སྟབས་མི་རྣམས་ཕྱུགས་འཚོ་རྒྱུ་གཅིག་པུ་མ་གཏོགས་ངལ་རྩོལ་མང་པོ་བྱ་མི་དགོས་པས་སྔོན་མ་དང་བསྡུར་ཐབས་མེད། འོན་ཀྱང་ད་ལོར་ཞིང་ར་རྒྱག་པ་དང་། ལམ་བཟོ་བ། ཚོགས་འཛོམ་པ་སོགས་མཉམ་དུ་ལས་ཀ་མང་པོ་བྱས་རྐྱེན་མི་དང་མིའི་དབར་གྱི་འབྲེལ་བ་ཕན་ཚུན་ཟབ་ཏུ་སོང་བའི་ངང་ཚུལ་ཞིག་ངང་གིས་མངོན་གྱི་འདུག་ལ། གྲོང་ཚོའི་བཀོད་འདོམས་ལ་ཡང་མངོན་གསལ་དོད་པོས་ཉན་ཤུགས་ཆེ་རུ་ཕྱིན་འདུག་ཅེས་གསུངས།
ལོ་མཇུག་ཏུ་ཐོན་རྫས་ཁག་གཅིག་ཏུ་བསྡུས་པ་དང་། ཚོང་རྫས་ལེན་ཞོར་དུ་ནག་ཆུའི་ཁྲོམ་རར་བཙོངས་པས། ར་ཁུལ་རྒྱ་མར་སྒོར135(ཡུལ་གོང་སྒོར70-120བར)དང་པགས་པ་རེར་སྒོར70(ཡུལ་གོང་སྒོར50-60བར) ཤ་རྒྱ་མར་སྒོར18(ཡུལ་གོང་སྒོར15-17བར) བལ་རྒྱ་མར་སྒོར4.25(ཡུལ་གོང་སྒོར3.5-4བར)ཟིན་ཡོད་པས་ནག་ཆུ་ས་གནས་ཀྱི་ཁྲོམ་རའི་ཆ་སྙོམས་གོང་ཚད་ལས་ཅུང་མཐོ་ཙམ་ཟིན། ཚོང་ཁང་གི་ཚོང་སྒྱུར་བྱེད་ཚད་སྒོར་ཁྲི15ཟིན་པ་དང་ཁེ་གཙང་སྒོར་ཁྲི3འདུག ད་དུང་རྫོང་མི་རིགས་ཆོས་དོན་ཅུད་ཀྱིས་རྐྱང་ཚ་གྲོང་ཚོར་སྒོར་ཁྲི40(རང་གྲབས་ངལ་ནུས་སྒོར་ཁྲི5)ཟིན་པའི་མཐའ་མཚམས་གྲངས་ཉུང་མི་རིགས་འཕེལ་རྒྱས་གཏོང་བའི་འབྲི་གཡག་གི་དུས་ཐུང་རྒྱགས་གསོའི་རྟེན་གཞིའི་འཛུགས་སྐྲུན་རྣམ་གྲངས་ཤིག་སྲིད་གཞུང་གཞུང་ལས་གྲོས་ཚོགས་ཀྱིས་ཆོག་མཆན་སྤྲད་པའི་ཡིག་ཆ་འབྱོར་བ་ནི་གཡང་རྩེའི་སྟེང་གི་ཡས་སྒྲོན་ལྟར་ཡག་ཐོག་ཡག་བརྩེགས་ཡོང་བའི་སྔ་ལྟས་ལོས་ཀྱང་ཡིན།
རྟ་རྒྱུག་དུས་ཆེན་ནི་འབྲོག་ཁུལ་དུ་སྔ་མོ་ནས་དར་བའི་སྲོལ་རྒྱུན་གྱི་ཚོང་འདུས་ལྟ་བུ་ཞིག་ཡིན་མོད། སྟོན་ཁའི་རྟ་རྒྱུག་ནི་དུས་ཚོད་ཅུང་འཕྱིས་དྲགས་པ་ཡིན། འོན་ཀྱང་ཚང་མས་རྟེན་འབྲེལ་མ་འཕྱུགས་པ་ཞིག་བྱ་དགོས་བརྗོད་དེ། སྤྲས་ལུས་ལ་གཟབ་འཆོར་ལེགས་པར་སྤྲས་ནས་གཅིག་ལས་གཅིག་མཛེས་ཤིང་། གཅིག་ལས་གཅིག་མཚར་བ་དང་། བཞིན་རས་ལས་དགའ་བའི་འཛུམ་དང་། སྤྲོ་བའི་རྣམ་པས་ཁེངས་བཞིན་དུ་དགའ་སྐྱིད་ལྡན་པའི་དུས་སྟོན་རན་ཚོད་གཅིག་ཚུགས། དེ་ཡང་། གྲོང་ཚོ་གནས་ཡུལ་གྱི་ཤར་གྱི་ཐང་སྟོང་སྟེ། རྐྱང་ཚའི་གནའ་ཤུལ་མདུན་ངོས་ན་སྦྲ་གུར་བཞི་བཅུ་ཙམ་དུས་གཅིག་ལ་ཕུབ་ཅིང་། གུར་གྱི་གྲལ་མགོ་དེར་རི་དྷི་ལྷ་ཁང་གི་བླ་གྲྭའི་དབུ་གུར་ཕུབ་པ་དང་། སྒེར་སྤྱིའི་ཚོང་ཁང་དང་ཇ་ཁང་རྣམས་ཤར་ཕྱོགས་ནས་གྲལ་སྟར་བསྒྲིགས། དཀྱིལ་སྟོད་དེར་འབྲོག་ཟོག་ཐོན་རྫས་འགྲེམ་ཚོང་ཁང་ཞེས་སྒོ་བྱང་བཀལ་བའི་གུར་གཅིག་གི་ནང་། རང་བྱུང་རྒྱགས་གསོ་བྱས་པའི་འབྲི་ཤ་ཤ་ཁོག་གཅིག་དང་། སྔོ་རོང་དྲོད་ཁང་ནང་ནས་བཀོག་པའི་པད་ཚལ་དང་། ཞོག་ཁོག ཐུ་ལུ། དེ་བཞིན་མང་ཚོགས་ཚོས་བཏགས་པའི་སྐྱེས་ཕོ་མོའི་སྐེ་རགས་དང་། འུར་?། སླེའུ་སོགས་བཀྲམ། དེའི་མཐའ་འཁོར་དུ་གྲོང་མི་འདུག་སའི་སྒེར་གྱི་གུར་རྣམས་གྲལ་འགྲིག་པོས་ཕུབ། དཀྱིལ་དབུས་སུ་ཀྲུའུ་ཞི་སྟེགས་བུའི་ལ་ཐོད་ན་རས་དམར་པོའི་སྟེང་དུ་ཚོས་གཞི་སེར་པོས"རྐྱང་ཚ་གྲོང་ཚོའི་རོགས་རེས་མཉམ་གཉེར་དངོས་སུ་གཉེར་སྐྱོང་བྱེད་འགོ་ཚུགས་པའི་མཛད་སྒོ་དང་རྟ་རྒྱུག་རིག་རྩལ་དུས་ཆེན"ཞེས་བོད་རྒྱ་ཡིག་རིགས་གཉིས་འཁོད། ཀྲུའུ་ཞི་སྟེགས་བུའི་དཀྱིལ་དབུས་སུ་རྫོང་དཔོན་སྐུ་གཞོན་བུ་གྲོ་ཡུ་བཞུགས་ཤིང་། དེའི་གཡས་གཡོན་དུ་ཤང་གི་ཏང་ཨུད་ཧྲུའུ་ཅི་དང་། ཤང་ཀྲང་། སྤུན་ཟླའི་གྲོང་ཚོའི་འགན་འཁུར། རྫོང་ལས་ཁུངས་འགའ་ཞིག་གི་འགན་འཁུར་སོགས་སྐུ་མགྲོན20ཙམ་འཁོད། རྒྱལ་སྤྱིའི་གླུ་དབྱངས་ཁྲོད་དུས་ཆེན་འགོ་ཚུགས་ཀྱི་མཛད་སྒོ་ཁག་འདི་ལྟར་གཉེར་བ་སྟེ། ལོ་ཆུང་བྱིས་པ་དང་། ཚོགས་ཆུང་ཁག་དྲུག གྲོང་ཚོའི་ལས་ཞོར་འཁྲབ་སྟོན་རུ་ཁག བགྲེས་སོང་རུ་སྟར་བཅས་ཀྱིས་ཀྲུའུ་ཞི་སྟེགས་བུའི་མདུན་ངོས་ནས་དལ་བུ་དལ་བུས་བསྐྱོད་པ་དང་། རྔམ་བརྗིད་ལྡན་པའི་རྒྱལ་གླུ་གཏོང་བཞིན་རྒྱལ་དར་བསྒྲེངས། དེ་རྗེས་རྫོང་དཔོན་གྱིས་གཙོས་པའི་དབུ་ཁྲིད་ཚོས་ཤིས་ཚིག་སྒྲོན་ཞིང་། གྲོང་ཚོའི་ཀྲུའུ་རེན་ཉི་མ་འོད་ཟེར་གྱིས་ལོ་ཧྲིལ་པོའི་ལས་དོན་སྒྲུབ་ཚུལ་ལ་ཕྱོགས་བསྡོམས་རགས་བསྡུས་ཤིག་བྱས་པ་དང་། རྗེས་མའི་ལས་ཀ་སྔར་བས་ལེགས་པར་བསྒྲུབ་རྒྱུའི་ཆོད་སེམས་བཞག དུས་མཚུངས་གྲོང་ཚོའི་ལས་ཞོར་འཁྲབ་སྟོན་རུ་ཁག་གིས་རང་རྩོམ་རང་འཁྲབ་ཀྱི་ཞབས་བྲོ་འཁྲབ་པ་དང་། རྫོང་རིག་རྩལ་འཁྲབ་སྟོན་རུ་ཁག་གིས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་འཁྲབ་སྟོན་བྱས་པ་ནས་འགོ་ཚུགས་ཏེ། དུས་ཡུན་ཉིན་ལྔའི་རིང་། གཡས་གཡོན་སྤུན་ཟླའི་གྲོང་ཚོའི་རྟ་རྣམས་རང་མོས་ངང་རྒྱུག་གྲལ་དུ་བཅུག་ནས་རྒྱུགས་ཆེན་དང་། འགྲོས་ཆེན། རྒྱུག་ཆུང་། འགྲོས་ཆུང་སོགས་ཀྱི་རྟ་རྩེད་རྩེས་པ་དང་། ཚོགས་ཆུང་ཁག་དྲུག་གི་བུ་དང་བུ་མོའི་དབར་དང་། གཡས་གཡོན་གྲོང་ཚོ་ཕན་ཚུན་དབར་ལ་ཐག་འཐེན་འགྲན་བསྡུར་བྱེད་པ། ཤེད་?་འགྱོགས་པ། གླུ་ལ་ཡེ་ལེན་རེས་བྱེད་པ། དགོང་མོ་ནང་མ་ཁང་དུ་སྐད་སྒམ་ནང་ནས་ནག་ཆུའི་སྒོར་གཞས་བཏང་རྗེས་ལོ་ཆུང་གཞོན་ནུ་ཚོས་དར་སོ་ཆེ་བའི་ཞབས་བྲོ་སྟེ་དེའི་སྒྲ་དབྱངས་ཀྱི་འགྲོས་དང་བསྟུན་ནས་ལིང་ལིང་འཁྱུག་འཁྱུག་ངང་འཁྲབ་པ་སོགས་ཀྱི་དགའ་སྟོན་ལ་རོལ། ལྟད་མོ་ལྟ་བ་ཡང་རྐྱང་ཚ་གཅིག་པུའི་མང་ཚོགས་མ་ཡིན་པར་གཡས་གཡོན་གྱི་གྲོང་ཚོ་དང་། ཉེ་འཁོར་ཤང་གི་མང་ཚོགས་སོགས་མང་དུ་མཆིས།
བརྒྱད།
དེ་ལྟར་ལོ་གཅིག་གི་རིང་། རྫོང་དང་ཤང་། མི་རིགས་ཆོས་དོན་ཅུད། སྤྱི་ཚོགས་ཐོག་གི་སེམས་རྩ་འཁོལ་བའི་མི་སྣ་ཚོའི་ཐུགས་ཁུར་རོགས་རམ་དང་གཡས་གཞོགས་གཡོན་འདེགས། གྲོང་ཚོའི་ཏང་ཡོན་རྒན་གྲས་དང་། ལས་བྱེད་རྒན་གྲས། ཨུ་གཉིས། ལྷག་དོན་རྒྱ་ཆེའི་མང་ཚོགས་ཡོངས་ཀྱིས་རྟ་བརྒྱ་གོམ་པ་གཅིག་དང་། མི་བརྒྱ་སེམས་པ་གཅིག་ལྟར་དཀའ་སྤྱད་འབད་བརྩོན་བྱས་མཐར། བརྒྱ་ཐམ་པའི་གྲལ་འགོར་མ་སླེབས་ཀྱང་སྟོང་ཐམ་པའི་གྲལ་ཞུགས་སུ་མ་ལུས་ཙམ་ཞིག་སྟེ། ལོ་མཇུག་དཔྱད་དཔོག་སྐབས་ས་གནས་རིམ་པའི་སྔོན་ཐོན་སྡེ་ཚན་དང་། ལྗོངས་རིམ་པའི་སྔོན་ཐོན་མི་སྒེར་གཅིག ས་གནས་རིམ་པའི་སྔོན་ཐོན་མི་སྒེར་གཉིས་ཀྱི་མཚན་སྙན་ཐོབ།
ངེད་ལས་དོན་རུ་ཁག་ལ་མ་གཞི་གོང་ནས་གནང་བའི་འབུད་ཤིང་མཁོ་སྒྲུབ་བྱེད་ཆེད་ཀྱི་གྲོན་དངུལ་དང་སྣུམ་རིན་ཡོད་སྟབས། གྲོང་ཚོ་ཐུན་མོང་གིས་དེ་དག་སྤྱད་ནས་ལོ་གཅིག་གི་འབུད་ཤིང་དང་། ཤ་མར་སོགས་ཀྱི་མཁོ་ཆས་འདང་ངེས་ཞེས་པ་མཁོ་འདོན་བྱས་ཡོད་རུང་། ད་དུང་མང་ཚོགས་ཕལ་ཆེ་བས་འདི་ཁྱེད་ཚོའི་ཇ་བཟོ་བྱེད་ཡིན། འདི་ཁྱེད་ཚོའི་ཐུག་པ་སྐོལ་བྱེད་ཡིན། འདི་ཁྱེད་ཚོའི་ལོ་སྐལ་ཡིན་ཞེས་མར་དང་ཤ ཞོ། འོ་མ། ལུག་མགོ ལྕེ་སོགས་ཁྱེར་ནས་ཡང་ཡང་ཡོང་གི་ཡོད། གལ་ཏེ་ང་ཚོས་དེ་དག་མ་བླངས་ཚེ། ཁྱེད་ཚོས་རྣམ་འགྱུར་སྟོན་གྱི་འདུག་ཅེས་མི་མོས་པ་གནང་གི་འདུག གལ་ཏེ་ཁོང་ཚོའི་ཁྱིམ་དུ་ཕར་བསྐྱོད་ན་ཉིན་དེར་སྐུ་མགྲོན་གལ་ཆེན་ཞིག་ཕེབས་པ་ལྟར་གང་དགའ་གང་དྲག་གིས་སྣེ་ལེན་བྱེད་ཅིང་། ང་ཚོས་ཀྱང་ཁྱིམ་ཚང་ནང་དུ་མི་ཤི་རྐྱེན་ཆགས་བྱུང་བ་དང་། གྲོང་པ་ཕན་ཚུན་འཆམ་ལ་མ་འཆམ་བྱུང་བ་སོགས་ཀྱི་རྒྱུན་ལྡན་འཚོ་བའི་ནང་ཕྲད་པའི་དཀའ་ངལ་རྣམས་སེལ་རོགས་དང་། མཐུན་རྐྱེན་གང་ཐུབ་སྦྱོར་གྱི་ཡོད་ལ། ཁྱིམ་ཚང་རེར་སྟོང་མིན་ཙམ་དུ་ས་སྐྱ་ལེགས་བཤད་རེ་དང་། ཁ་ཆེ་ཕ་ལུའི་དེབ་རེ་ཉོས།
ངེད་ཚོ་ཡང་ཉིན་ལྟར་རིག་གནས་ཁང་གི་ཁང་པ་མགོ་ལ་གྱོན་ནས་མ་བསྡད་པར། དོན་དག་ཡོད་ཀྱང་མེད་ཀྱང་། ལས་བྱེད་རྒན་གྲས་དང་། ཏང་ཡོན་རྒན་གྲས། དེ་བཞིན་གྲོང་ལྷན་ཚོའི་ཁྱིམ་དུ་བསྐྱོད་དེ་ལས་ཀའི་བྱེད་ཕྱོགས་སྐོར་བཀའ་འདྲི་ཞུ་ཡི་ཡོད། ཁོང་ཚོ་ལྷན་དུ་བཀའ་མོལ་ཅི་རིགས་གླེང་ནས་བསྡད་ན། མང་ཚོགས་ཀྱི་བསམ་ཚུལ་གང་འདྲ་ཡོད་མེད་དང་། གོམ་སྟབས་རྗེས་མར་ཡིད་གཟབ་དང་དོགས་ཟོན་བྱ་དགོས་པའི་གནད་དོན་གང་ཡིན་དུས་ཐོག་ཏུ་ཤེས་རྟོགས་ཐུབ་ཀྱི་འདུག དེའི་ཞོར་དུ་སྔོན་ཆད་གོ་མྱོང་ཐོས་མྱོང་མེད་པའི་གཏམ་རྒྱུད་དང་། དམིགས་བསལ་ཆེ་བའི་འཚོ་བའི་གོམས་གཤིས། དོན་གྱིས་ཕྱུག་པའི་གཏམ་དཔེ་སོགས་མང་པོ་ཞིག་ཤེས་ཐུབ། ལོ་དེར་བྱང་འབྲོག་གི་ལ་གླུ་དང་། ཚྭ་གླུ། བལ་གླུ། གཏམ་རྒྱུད་སོགས་ཁྱུང་བཀྲས་?ར་གཙོ་བོར་བྱས་པའི་མང་ཚོགས་ཤེས་རྒྱ་ཅན་ཚོའི་ངག་ལས་བསྡུ་རུབ་བྱས་ཏེ་ཕྱིས་སུ《ཤན་རྩའི་དམངས་ཁྲོད་རིག་གནས་དཔེ་ཚོགས》(ཁག་དང་པོ)པར་སྐྲུན་བྱེད་སྐབས《འབྲོག་གླུ་ན་ཆུང་སྙན་དབྱངས》ཀྱི་རྒྱུ་ཆ་ཕལ་ཆེ་བ་ལོ་དེར་བསྡུས་པ་དང་། ཐོས་པ་བརྒྱ་ལས་མཐོང་བ་གཅིག་དགའ་ཞེས་པ་ལྟར། སྔོན་ཆད་གཞན་ཚོས་བཤད་པའི་བྱང་གི་འབྲོག་པ་ནི་ས་སྟོང་ལུང་སྟོང་དུ་རི་དྭགས་ལྟར་གྱི་འཚོ་བ་སྐྱེལ་མཁན་ཞིག་ཡིན་ཞེས་པ་དེ་ལྟར་རྩ་བ་ནས་མིན་པར། ཁོང་ཚོས་གསར་གཏོད་གནང་བའི་སྐྱས་སྤོས་ཀྱི་ཤེས་རིག་ནི་གཏིང་ཟབ་ཅིང་སྣ་མང་ཕུན་སུམ་ཚོགས་ལ། ཆེས་རིན་ཐང་བྲལ་བའི་འབྱུང་འཕྲོད་ཀྱི་འཚོ་ཐབས་ཤ་སྟག་ཡིན་པའི་ངེས་ཤེས་རྙེད་བྱུང་ལ། དོ་ཟླ་བྲལ་བའི་ཁོང་ཚོའི་ངག་ཐོག་གི་རིག་གནས་ལ་དམིགས་བསལ་གྱི་དགའ་ཞེན་ནམ་དད་གུས་ཀྱི་བསམ་བློ་ཞིག་ངང་གིས་སྐྱེས་ཡོང་།
འོན་ཀྱང་། ལོ་གཅིག་གི་བྱ་བ་མཐའ་དག་ཤང་ཤང་དུ་འབབ་པའི་ཆུ་མོ་ཇི་བཞིན་ལམ་ལྷོངས་བྱུང་བ་ཞིག་ཡེ་ནས་མིན་པར་བྱ་དཀའ་བྱེད་གཏད་དམ་དགོད་བྲོ་བའི་གནས་ཚུལ་ཡང་མི་ཉུང་བ་ཞིག་ལྷགས། དཔེར་ན། ལོ་མཇུག་ཏུ་སླེབས་སྐབས་འཕྲུལ་རྟའི་ཉམས་བཟོ་ཁང་ལ་ཡོང་འབབ་ཡོང་རྒྱུ་ལྟ་ཅི་མ་རྩ་ཡང་སྒེར་ལ་ལྷུང་བ་དང་། ཐེམ་ཐོ་ལེགས་སྒྲིག་གི་ལས་སྣེ་མ་འཁྱོངས་པ། འགལ་ཟླ་རྩོད་གཞིའི་བར་འདུམ་བྱེད་སྐབས་ཕྱོགས་གཉིས་པོའི་སེམས་ནང་ཞེ་ནད་འཁོན་འཛིན་སེལ་བའི་གོ་བསྐོན་བློ་འགུག་བྱ་རྒྱུར་བརྩོན་པ་ལས་ཆད་པ་གཅོད་རྒྱུར་དང་དོད་མ་བྱས་རུང་། ཕྱོགས་གཉིས་ཀའི་བློ་རུ་འབབ་ཐུབ་པའི་ཐག་གཅོད་ལེགས་པོ་ཡོང་གི་མེད་ལ། ཕྲུ་གུ་བཞི་ཡོད་པའི་ཕ་མ་དེ་གཉིས་གཉེན་སྒྲིག་སླར་གསོའི་བྱ་རྒྱུའི་འབད་འཐབ་བྱས་རུང་ངལ་བ་འབྲས་མེད་དུ་གྱུར། ད་དུང་ཉིན་ཞིག་ཚེ་དབང་གིས་མ་གནས་སྒོར་ཁྲི་གཅིག་ལྷག་ཟིན་པའི་ཉི་གློག་གི་རྣམ་གྲངས་དེ་རིན་རྒྱལ་ལ་སྒོར3800རེ་བའི་འཕྲུལ་རྟ་ཁ་བབ་ཅིག་གི་སྟེང་སྒོར་ལྔ་བརྒྱ་བླངས་ནས་བཙོངས་འདུག མ་གཞི་གཉིས་ཀ་ཕོ་ཧྲེང་གི་དུད་ཁྱིམ་ཞིག་ཡིན་རུང་། གལ་ཏེ་རྣམ་གྲངས་འཚོང་བའི་གནས་ཚུལ་རིགས་ཐོན་ཚེ་ཁྱིམ་དུད་དེ་གའི་རྣམ་གྲངས་གཞུང་བཞེས་གཏོང་དགོས་རྒྱུའི་གཏན་འབེབས་སྔ་ས་ནས་ཁྱབ་བསྒྲགས་བྱས་ཡོད། ང་ཚོས་ཁོ་གཉིས་ཀྱི་ཚོང་སློག་ཏུ་བཅུག་ནས་ཉི་གློག་གནས་སྐབས་རིག་གནས་ཁང་དུ་ཉར། འོན་ཀྱང་ཚེ་དབང་ནི་དེ་སྔ་ཤོ་བག་རྒྱན་རྩེད་ལ་གཡེངས་ནས་ཁྱིམ་གཞིས་ཐོར་བའི་ཕོ་ཧྲེང་ཞིག་ཡིན། ལོ་གཅིག་རིང་ནག་ཆུའི་ཤར་ཕྱོགས་ལ་གླ་པར་སོང་ནས་ཕྱིར་འཁོར་རྗེས་ཕ་མ་སྤུན་མཆེད་ཡོད་ཀྱང་། ཆགས་ས་བརྟེན་ས་དེ་འདི་རེད་མེད་པ་ལྟར་ཡོད། ཁོང་གི་འཛུལ་སའི་ཁང་པ་ཡང་མེད་པས་གློག་ལས་འཕྲུལ་རྟ་ཞིག་མཁོ་གནད་ཆེ་ཞེས་ཟེར། ཉིན་ཤས་སོང་རྗེས་གློག་དེར་སྐྱོན་ཡོད་མེད་ལྟ་དགོས་ཞེས་ཕྱིར་ཁྱེར། དགོང་མོ་ཚེ་དབང་ནི་སང་ཉིན་སྦྲ་ཆེན་རྫོང་དུ་གླ་པར་འགྲོ་རྩིས་ཡོད་པས་ཉི་གློག་བཙན་གྲགས་ལ་ལོ་གཉིས་གཡར་རྒྱུ་བྱས་སོང་ཞེས་པའི་གཏམ་ཞིག་ཐོས། དེ་མུར་ཚེ་དབང་བཙལ་ནས་ང་ཚོར་མགོ་སྐོར་གཏོང་རྩིས་བྱས་ན་ཉི་གློག་ཤང་ལ་སྐྱེལ་རྒྱུ་ཡིན་ཞེས་དྲག་ཤུལ་བྱས་པ་དང་། དོན་དངོས་ཐོག་གློག་སྐུད་གཅིག་མ་ཚང་བས་ཕྱིར་མ་སྐྱེལ་བ་མ་གཏོགས། སྦྲ་ཆེན་དུ་སོང་ནས་ཉི་གློག་གཞན་ལ་སྤྲོད་རྒྱུའི་གནས་ཚུལ་དེ་ལྟར་ཡེ་ནས་མེད་ཅེས་པ་ཐོས་རྗེས། ད་གཟོད་རང་གིས་བྱུང་རིམ་ལ་དབྱེ་ཞིབ་མ་བྱས་པར་མ་ཉེས་ཁ་གཡོགས་བྱས་པར་ངོས་ལེན་ཞུ་དགོས་བྱུང་།
ཡང་ང་ཚོ་དེ་གར་འབྱོར་ནས་ཡུན་རིང་མ་སོང་བའི་ཉིན་ཞིག རྣམ་ཀུན་ངེད་ཚོའི་སར་ལས་ཀ་ཙག་ཙིག་བྱ་རྒྱུར་རོགས་རམ་བྱེད་མཁན་གྱི་གཞོན་པ་ཞིག་ཡོད། སྐད་གྲགས་ཆེ་བའི་མཛེས་མ་རྨ་ཆུང་ཞེས་པ་ཁོང་ངེད་གྲོང་ཚོར་ཡོད་པ་སྔ་ས་ནས་ཐོས་རུང་དོན་དངོས་ཐོག་གང་འདྲ་ཞིག་ཡོད་མེད་རྒྱུས་མེད། ཉིན་དེར་སྣང་མེད་ངང་ཁོང་ལ་རྨ་ཆུང་ཟེར་ན་སུ་ཡིན་ནམ་ཞེས་དྲིས། ཁོང་གིས་འཛུམ་ཙམ་འཛུམ་ཙམ་བྱས་རྗེས། རྒན་ལགས་རྨ་ཆུང་ཟེར་ན་ངའི་ཨ་མ་རེད། ཅེས་ལན་བཏབ་པར་ངས་འདྲི་ཉེས་ཤོར་སོང་སྙམ་ནས་སྣང་དོགས་མི་བདེ་བར་གྱུར། དོན་དངོས་ཐོག རྨ་ཆུང་ཞེས་འབོད་པའི་བུད་མེད་དེ་ནི། མཆོར་མོ་རྒས་པའི་ཡ་ཐོད། །ད་དུང་མཆོར་མོ་རབ་གཅིག །ཅེས་པ་ལྟར་དྲུག་ཅུ་གདན་ལ་བཏིངས་ཟིན་རུང་། རྒྱབ་ནས་བལྟས་ན་ད་དུང་ཡང་སྨན་ཤར་ལྟ་བུའི་ལྡེམ་འགྲོས་ལྡན་པ་ཞིག་མཐོང་། རྗེས་སུ་ཕན་ཚུན་རྒྱུས་མངའ་ལོན་རྗེས་ཁོང་ཚོའི་ཁྱིམ་དུ་སྦག་ཆེན་རྒྱག་པར་ཐེངས་མ་རེ་ཟུང་འགྲོ་ཡི་ཡོད་པས་སྐབས་དེར་སྦག་ཆེན་རྩེ་སྟངས་ཀྱི་མན་ངག་ཅིག་ཀྱང་ཤེས་པ་སྟེ། ཁྱི་ཕག་ཏོག་གསུམ་འདོན་སུ་སྔ། །སྤང་ཅོག་དྲུག་གསུམ་རྒྱག་སུ་སྔ། །ས་བརྒྱད་ཡ་དང་མེ་བདུན་ཆ། །གནམ་དགུ་མེད་ན་བསྲེ་སྦག་ཡིན། །ཞེས་སོ། གཞོན་པ་དེའི་མིང་ལ་ཚེ་དབང་ཆུང་བ་ཞེས་རྗོད་ཅིང་། ཉིན་ཞིག་ལས་དོན་རུ་ཁག་ངེད་ཚང་དུ་ངེས་པར་ཡོང་དགོས་ཞེས་འབོད་པར་སླེབས། ཁོང་ཚོའི་ཁྱིམ་དུ་འབྱོར་རྗེས་སྒྲོག་ཙེའི་སྟེང་འཐུང་བྱའི་རིགས་ཁ་ཤས་བསྒྲིགས་པ་དང་། མོག་མོག་རླངས་པ་འཚུབ་འཚུབ་ཐབ་ནས་ཕབ་སྟེ་ངེད་ཚོར་འདྲེན་བཞིན། དེ་རིང་ང་ཚོ་འདི་གར་ལྷོད་ལྷོད་ཀྱིས་འདུག་དགོས་ཞེས་བརྗོད། ཕྲན་ཙམ་འདས་རྗེས་ཁོང་གི་བུ་བགྲེས་པ་རྒྱལ་མཚན་གྱི་སྦག་སྦག་སྒོ་ཁར་འབྱོར། རྨ་ཆུང་གིས་ད་སླེབས་སོང་ཞེས་ལམ་སེང་སྒོར་ཐོན་པ་དང་དོ་ཁྲིའི་སྟེང་གི་ཅ་དངོས་རྣམས་འབེབས་རོགས་བྱས། རྒྱལ་མཚན་ནི་ཉིན་དེར་གཟབ་མཆོར་ལེགས་པར་སྤྲས་ཏེ་སྐེ་ལ་ཁ་གཏགས་ཤིག་གྱོན་ཞིང་། སྦག་སྦག་གི་ཕྱི་འཕོངས་སུ་ཡང་སྐེ་ལ་ཁ་བཏགས་གཡོགས་པའི་བུད་མེད་ཅིག་བསྐྱོན་འདུག ད་གཟོད་གཞི་ནས་ཚེ་དབང་ཆུང་བར་བག་མ་བསུས་པ་ཧ་གོ་བྱུང་བས་ང་ཚོས་སྔོན་ལ་རྟེན་འབྲེལ་མཚོན་བྱེད་ཀྱི་ཁ་གཏགས་ལེན་པར་འགྲོ་རྒྱུ་དྲན།
དེ་ལྟར། ལྷག་བསམ་ཟོལ་མེད་ཀྱི་སེམས་འདུན་མཚོན་པའི་དར་དཀར་དང་། བཀྲ་ཤིས་སྨོན་ཚིག་གི་ཁ་གཡང་ཁྲོད་ལོ་ཧྲིལ་པོའི་ལས་དོན་ཁག་ལ་རྫོགས་ཚིག་བཀོད་ནས་སེམས་རྩ་འཁོལ་ཞིང་གཤིས་རྒྱུད་བཟང་བའི་རྐྱང་ཚའི་མང་ཚོགས་དང་། ལས་རོགས་གཉིས་ལ་ཞལ་གྱེས་ཞུས་ཏེ། རྫོང་གི་ནུབ་ངོས་སུ་ཡོད་པའི་བཞའ་འགོ་ཤང་གི་སྦལ་ཚང་གྲོང་ཚོར་?ག་སྣེ་བསྒྱུར།
ལོ་ངོ་དྲུག་ཙམ་འདས་པའི་ཁ་སང་། ཀྲུའུ་རེན་ཉི་མ་འོད་ཟེར་ལ་ཁ་པར་བཏང་ནས་རྐྱང་ཚའི་གནས་བབ་གང་འདྲ་ཞིག་ཡོད་མེད་རྒྱུས་མངའ་བྱས་པ་ན། ཁོང་གིས་ངེད་ཚོ་བརྗེས་པའི་ཕྱི་ལོ་དེར་རྒྱགས་གསོའི་རྟེན་གཞི་འཛུགས་སྐྲུན་རྣམ་གྲངས་ཀྱི་སྒོར་ཁྲི35དང་། རོགས་རེས་མཉམ་གཉེར་གྱི་སྲིད་ཇུས་རང་བཞིན་ཁ་གསབ་སྒོར་ཁྲི15དོན་འཁྱོལ་བྱུང་བ་དང་། ད་ཆ་རོགས་རེས་མཉམ་གཉེར་སྔར་རྒྱུན་བཞིན་འཁོར་རྒྱུག་བྱེད་ཅིང་། ཚོགས་ཆུང་ཁག་ལ་ཡང་རང་རང་གི་གཉེར་སྐྱོང་མི་འདྲ་བ་རེ་ཡོད། ལོ་ངོ་ལྔ་ཙམ་གྱི་རིང་། ཐུན་མོང་གི་ཚལ་ཁང་ཆེ་གྲས་གཉིས་ཕུད་རྣམ་གྲངས་ཆེ་རིགས་མ་སླེབས་ཀྱང་། ཚལ་ཁང་དེ་གཉིས་ནང་སྔོ་ཚལ་འདེབས་འཛུགས་བྱེད་བཞིན་ཡོད། གང་ལྟར་རྒྱལ་ཁབ་དྲིན་ཅན་གྱི་རྒྱབ་སྐྱོར་དང་ལོ་རེའི་ལས་དོན་རུ་ཁག་གི་ཞིབ་ཕྲའི་སྣེ་ཁྲིད་འོག གྲོང་ཚོ་ཁྱོན་ཡོངས་ཀྱི་ལས་དོན་ཁག་ཡར་རྒྱས་ཆེན་པོ་སོང་ཞིང་། འབྲོག་རའི་ཁེ་གཙང་ལས་འབྲི་གཡག་ཁྱོན28ཁྱིམ་དུད་སྒེར་ལ་དབུལ་སྐྱོར་བྱས་ཟིན་པ་དང་། དོ་དམ་བྱེད་ཐབས་སྔོན་མ་ལྟར་མིན་རུང་ད་དུང་འབྲི་གཡག50ལྷག་ཙམ་ཡོད་ལ། གྲོང་ཚོར་ཟོག་འདྲེན་རླངས་འཁོར་ཆེ་གྲས་ཤིག་གསར་དུ་ཉོས་པ་དང་། སྤྱི་དངུལ་སྒོར་ཁྲི་དྲུག་ཅུ་ལྷག་ཙམ་ཡོད་པས་འདི་ལོ་ས་རྐོ་?་སློག་བྱེད་ཆེད་ཀྱི་ཨར་ལས་འཕྲུལ་འཁོར་ཆེ་རིགས་དེ་འདྲ་ཞིག་ཉོ་རྩིས་ཡོད། ཚོང་ཁང་ཡོང་འབབ་ཕོན་ཆེན་མེད་ལ་མ་རྩ་ཡང་མ་བརྡིབས་པར་རྒྱུན་མཁོའི་ཟས་རིགས་དང་ཅ་ལག་ཙག་ཙིག་རྣམས་འཁོར་རྒྱུག་རན་ཚོད་ཅིག་བྱེད་བཞིན་ཡོད། ཞིང་ར་གསར་རྒྱག་ཆེ་བ་མེད་ཀྱང་སྔར་བཞིན་འདེབས་ཀྱི་ཡོད། ད་ལོ་ངེད་གྲོང་ཚོར་སློབ་གྲྭ་ཆེན་མོ་བ་གཅིག་དང་མཐོ་འབྲིང་ཐོན་ནས་ཡིག་རྒྱུགས་གཏོང་མཁན་གཉིས། མཐོ་འབྲིང་དུ་འགྲིམ་བཞིན་པ་ཁ་ཤས་ཡོད་ཅེས་གསུངས་བྱུང་།
ཁོང་གིས་གསུངས་པའི་བཀའ་མོལ་དེ་དག་ཐོས་རྗེས། ངའི་སེམས་པ་ཡུད་ཙམ་རིང་ལྷིང་ལ་འཇགས་ཐབས་མེད་པའི་དགའ་སྣང་ཞིག་སྐྱེས། རེད་ལགས། དེ་ནི་ཉེ་བའི་ལོ་ཤས་རིང་། གོང་རིམ་གྱི་མཁས་མཛངས་ལྡན་པའི་འཐབ་ཇུས་བཀོད་སྒྲིག་འོག དཀའ་ངལ་དུ་མ་ཁྱད་དུ་བསད་དེ། མང་ཚོགས་དང་ལྷན་དུ་མཉམ་བཟའ་མཉམ་འདུག་གིས་འབད་བརྩོན་ལྷོད་མེད་གནང་ཞིང་། ཐ་ན་རང་ཉིད་ཀྱི་རིན་བྲལ་ཚེ་སྲོག་ཀྱང་གཞི་རིམ་གྱི་འཐབ་ས་མདུན་མར་འབུལ་མཁན་ལས་བྱེད་པ་ཁྲི་མ་འབུམ་གྱིས་ཆེས་སྤྱིར་བཏང་གི་ལས་གནས་ཐོག་ཕུལ་བའི་སྤྱིར་བཏང་མ་ཡིན་པའི་ལེགས་སྐྱེས་ཤིག་ཡིན་ལ། རྐྱང་ཚ་དང་རྐྱང་ཚ་འདྲ་བའི་གཞི་རིམ་གྱི་གྲོང་སྡེ་ཡོད་ཚད་རྒྱལ་ཡོངས་དང་གོམ་པ་མཉམ་བགྲོད་ངང་ཐུན་མོང་ཡར་རྒྱས་ཀྱི་ཕྱོགས་སུ་སྐྱོད་བཞིན་པའི་གོམ་སྒྲ་ཞིག་ཀྱང་ལོས་ཡིན།
རྩོམ་སྒྲིག་འགན་འཁུར་བ། བསྟན་པ་ཡར་རྒྱས།