ལོ་ཟླའི་གོམ་འགྲོས་ཀྱི་ཁྲོད་དུ་མི་རྣམས་འཚར་ལོངས་ཡོང་གིན་ཡོད་ལ། ལོ་ཟླའི་གོམ་འགྲོས་ཀྱི་ཁྲོད་དུ་མི་རྣམས་རྒས་བཞིན་ཡོད། ནམ་དུས་ཀྱི་གོམ་འགྲོས་ཁྲོད་རྩེ་གདོང་ཞེས་པའི་ལུང་ཆུང་དེའི་ཁོར་ཡུག་ཀྱང་རིམ་གྱིས་འགྱུར་ཏེ། ཉེ་འགྱང་གང་རུང་ནས་དྲོད་འཇམ་དཔྱིད་རླུང་ཞིག་ཡང་ཡང་ལྡང་བ་དང་བསྟུན། དགུན་དུས་རི་སྲིབ་དང་གཙང་པོར་ཆགས་པའི་འཁྱགས་པ་དག་ཀྱང་རིམ་བཞིན་བཞུར་བ་མ་ཟད། ཉི་ཁུག་དང་ཆུ་འགྲམ་སོགས་ནས་རྩི་ཤིང་རྣམས་ཀྱི་མགོ་བོ་འབུར་འབུར་བྱེད།
དཔྱིད་རྨོད་གྲུབ་རྗེས། བཀྲ་རྒྱལ་དང་གྲོང་ཚོའི་ཕོ་གཞོན་དེ་དག་སླར་ཡང་ནག་ཆུར་ཡོང་འབབ་གསོག་པར་ཕྱིན། ལོ་གོང་མའི་ལུང་པའི་ཆ་རྒྱུས་དང་ལས་ཀའི་ཉམས་མྱོང་གི་རྐྱེན་པས་བཀྲ་རྒྱལ་གྱི་སེམས་པ་སྔར་དང་མི་འདྲ་བར་ལྷིང་པོར་སྣང་།
ནག་ཆུར་འབྱོར་རྗེས། བཀྲ་རྒྱལ་དང་ཕ་ཡུལ་གྱི་ཕོ་གཞོན་འགའ་དང་། དེ་མིན་གཙང་ཁུལ་སྟོད་ཕྱོགས་ནས་ཡིན་ཟེར་བའི་ཕོ་གཞོན་མོ་གཞོན་འགས་མཉམ་དུ་ཁྱིམ་ཚང་གཉིས་ཀྱི་སྡོད་ཁང་གསར་རྒྱག་གི་ཨར་ལས་འགན་ལེན་བྱས། གསར་རྒྱག་བྱ་རྒྱུའི་སྡོད་ཁང་དེ་གཉིས་པོའི་སྦྱིན་བདག་གི་རེ་བ་བཞིན། ས་སྦྱངས་ཏེ་གྱང་བརྩིགས་དགོས་པས་ཕ་ཡུལ་གྱི་སྡོད་ཁང་དང་མི་འདྲ། བཀྲ་རྒྱལ་གྱིས་དེ་སྔ་ཁང་པ་གྱང་གིས་བརྩིགས་སྲོལ་ཡོད་པ་གོ་ཐོས་ཙམ་ལས་དངོས་སུ་མཐོང་མ་མྱོང་ལ་ལས་མྱོང་ནི་དེ་བས་ཀྱང་མེད། ལས་རོགས་གཞན་རྣམས་དེ་སྔ་འདི་ཁུལ་དུ་ལས་ཡུན་རིང་ལ་ཉམས་མྱོང་ཆེ་བས་གྱང་གི་ཁང་པ་བརྩིགས་རྒྱུར་གོམས་ནས་ཡོད། གྱང་དཔོན་གྱིས་སྣེ་ཁྲིད་དང་?་བཟོ་དང་ཤིང་བཟོ་བ་སོགས་ཀྱིས་གཞོགས་འདེགས་འོག བཀྲ་རྒྱལ་ཡང་སྡོད་ཁང་གསར་རྒྱག་གི་ལས་ལ་བཞུགས། ཉིན་ཤས་རིང་གཞན་གྱིས་བསླབ་ཁྲིད་དང་རང་ཉིད་ཀྱིས་འབད་བརྩོན་འོག བཀྲ་རྒྱལ་རྒྱང་རྩིག་གི་ལས་ཀར་རིམ་པས་གོམས་ལོབས་སུ་གྱུར།
ལས་ཀའི་ནང་དུ་གཙང་ཁུལ་ལྷ་རྩེ་ནས་ཡིན་ཟེར་བའི་ན་གཞོན་བུ་མོ་གསུམ་ཡོད་པའི་ནང་། གཡང་ལགས་ཟེར་བའི་ལོ་ན་ཅུང་གཞོན་ལ་སྐྱེས་འབྲས་ཡག་པའི་བུ་མོ་ཞིག་ཡོད་པ་དེའི་གཟུགས་བྱད་དང་། སྐད་ཆ་ཤོད་སྟངས། གད་མོ་བགད་ཚུལ་སོགས་དེ་སྔ་བཀྲ་རྒྱལ་སློབ་འབྲིང་ལ་འགྲོ་དུས། ཁོ་རང་གིས་སེམས་གཏིང་ནས་དགའ་མྱོང་བའི་སློབ་གྲོགས་བདེ་སྐྱིད་དང་ཧ་ཅང་འདྲ། གཡང་ལགས་ཐོག་མར་མཐོང་དུས། བཀྲ་རྒྱལ་སེམས་ནང་བུ་མོ་འདི་གནས་གང་ཞིག་ཏུ་མཐོང་མྱོང་བའི་སྣང་བ་ཞིག་འཆར། བསམ་བློ་ཞིབ་པར་གཏོང་དུས། ད་གཟོད་སྐབས་ཤིག་རིང་བརྗེད་ངད་ལ་གྱུར་བའི་བདེ་སྐྱིད་ལྷང་ངེར་དྲན།
བདེ་སྐྱིད་ནི་ཁོ་རང་ལས་ལོ་རིམ་གཅིག་གིས་མཐོ་བའི་སློབ་གྲྭ་གཅིག་གི་སློབ་མ་ཞིག་ཡིན་ཞིང་། སློབ་གྲྭའི་ནང་སྐད་གྲགས་ཅུང་ཆེ་བའི་མཛེས་མ་ཞིག་ཀྱང་རེད། ཕྱི་ལུས་ཀྱི་རྣམ་པ་དང་། ནང་ཀུན་སྤྱོད་དང་གཤིས་ཀ དེ་བཞིན་སློབ་སྦྱོང་གི་སྦྱངས་འབྲས་སོགས་ལ་སློབ་གྲོགས་མི་ཉུང་བ་ཞིག་གི་ཡིད་ཀྱི་བརྟན་པ་རབ་ཏུ་འཕྲོག་ཅིང་། སློབ་ཕྲུག་བུ་མང་པོ་ཞིག་བདེ་སྐྱིད་ལ་སེམས་གཏིང་ནས་དགའ་མོས་ཆེ་ཡང་སློབ་གྲྭའི་སྒྲིག་སྲོལ་ལམ་ལུགས་ལ་སྐྲག་པའི་ཐོག རང་གཉའ་དམའ་བའི་བསམ་པས་དོན་དེ་སེམས་ལ་བསམས་པ་ཙམ་ལས་བརྗོད་ག་ལ་ནུས། འོན་ཀྱང་དཔའ་བློ་ཁོག་ཆེ་བའི་སློབ་ཕྲུག་ལ་ལས་ལྐོག་ལྐོག་སུད་སུད་དུ་སྨྲ་བའི་གཏམ་དང་། སྤྲིངས་པའི་ཡིག་ཆུང་གང་རུང་གི་ཐོག་ནས་མོ་ལ་བཅངས་པའི་བརྩེ་བ་དེ་མཚོན་ཐབས་བྱེད་ཅིང་། བཀྲ་རྒྱལ་ནི་དཔའ་བློ་ཁོག་ཆེ་བའི་སློབ་ཕྲུག་དེ་དག་གི་ནང་ནས་གཅིག་རེད།
བཀྲ་རྒྱལ་གྱིས་བདེ་སྐྱིད་ཐོག་མར་མཐོང་དུས། ཉིན་དེའི་ཞོགས་པའི་ལུས་སྦྱོང་སྐབས་སུ་རེད། ཞོགས་པ་དེར་སློབ་གྲྭ་ཡོངས་ཀྱི་འཛིན་གྲྭ་ཁག་སློབ་གྲྭའི་ལུས་རྩལ་ཐང་ཆེན་ཐོག་ལོ་རིམ་བཞིན་གྲལ་བསྟར་བསྒྲིགས་ཏེ་ཡོད་ཅིང་། སློབ་མ་རྣམས་རྒྱང་བསྒྲགས་ལས་གྲགས་པའི་ལུས་སྦྱོང་གི་དབྱངས་རྟ་དང་བསྟུན་ཏེ་ལུས་སྦྱོང་བྱེད་བཞིན་ཡོད། བཀྲ་རྒྱལ་གྱིས་ལུས་སྦྱོང་བྱེད་ཀྱིན་གཡས་ངོས་སུ་ལྟ་དུས། འཛིན་གྲྭ་ལྔ་པའི་རུ་བསྟར་གྱི་ཁྲོད་དུ་ཡིད་དུ་འོང་བའི་བུ་མོ་ཞིག་གིས་ལུས་པོ་ལྡེམ་འགྱུར་དང་བཅས་ལུས་སྦྱོང་བྱེད་ཚུལ་ནི། པད་མའི་ཚལ་དུ་བསིལ་བསིལ་རླུང་བུ་ལྡང་བ་དང་བསྟུན་མེ་ཏོག་པད་མ་དལ་བུར་གཡོ་བ་དང་མཚུངས།
ཕྲ་ལ་ལྡེམ་པའི་ལུས་པོ་དང་། མཛེས་ལ་དཀར་བའི་བཞིན་རས་དེས་བཀྲ་རྒྱལ་གྱི་ཡིད་དབང་རབ་ཏུ་འཕྲོག་པ་མ་ཟད་སྙིང་ཉེ་བའི་ཚོར་བ་ཞིག་སྦྱིན་ཞིང་། སེམས་ནང་རྒྱུན་པར་སློབ་གྲོགས་ཚོས་འཛིན་གྲྭ་ལྔ་པའི་ནང་བདེ་སྐྱིད་ཟེར་བའི་མཛེས་མ་ཞིག་ཡོད་ཟེར་བའི་བུ་མོ་དེ་ཕ་གི་མིན་ནམ་སྙམ་བཞིན། ལུས་སྦྱོང་བྱེད་འཕྲོར་རང་དབང་མེད་པར་རེ་ཞིག་བལྟ་བར་ཐལ། ཚུལ་དེ་ཁོའི་རྒྱབ་ཀྱི་སློབ་གྲོགས་ནོར་བུས་མཐོང་སྟེ"བཀྲ་རྒྱལ། རང་ལུས་སྦྱོང་མ་བྱས་པར་གང་དུ་ལྟ་གིན་ཡོད། རང་འདི་ལྟར་མིག་ལྡིར་ཏེ་མིའི་བུ་མོ་ལ་བལྟས་དྲགས་ན་མིག་རིལ་དོན་ཡོང་ང"ཟེར།
བཀྲ་རྒྱལ་གྱིས་འཛུམ་ཙམ་དང་བཅས་ཁོ་རང་གི་ཁ་ནོར་བུའི་རྣ་བའི་ཉེ་སར་སྦྱར་ཏེ་"བུ་མོ་ཕ་གི་ཁྱེད་ཚོས་རྒྱུན་དུ་སྨྲ་བའི་བདེ་སྐྱེད་ཟེར་བ་དེ་ཡིན་ནམ་"ཞེས་དྲིས། ནོར་བུས་ཡིན་ཚུལ་གྱིས་མགོ་བོ་ལྕོག་ལྕོག་བྱེད་བཞིན་མུ་མཐུད་ལུས་སྦྱོང་བྱས། དུས་དེ་ནས་བཟུང་བཀྲ་རྒྱལ་གྱིས་བདེ་སྐྱིད་ལ་སྣང་འཇོག་ཆེན་པོ་བྱེད་ཅིང་། དུས་ཚོད་དང་གོ་སྐབས་གང་ཡོང་སྤྱད་དེ་བདེ་སྐྱིད་ཀྱི་ཉེ་སར་བཅར་ཐབས་ཀྱང་བྱེད། དེ་ལྟར་བཀྲ་རྒྱལ་བདེ་སྐྱིད་ལ་དགའ་ནས་ཡུན་རིང་སོང་། ཡིན་ནའང་གཅིག་ནས་བདེ་སྐྱིད་ཁོ་རང་ལས་ལོ་རིམ་མཐོ་བ་དང་། གཉིས་ནས་དེང་སྐབས་ཁོའི་སྦྱངས་འབྲས་རིམ་པས་འཛིན་གྲྭ་ཡོངས་ཀྱི་མཇུག་གྲལ་དུ་ལུས་ཤིང་། ལྷག་པར་ཁོས་དུ་བ་འཐེན་པ་དང་གཞན་དང་རྒྱག་རེས་རྒྱག་པ་སོགས་རྐྱེན་བྱས་ཏེ་སློབ་གྲྭ་ནས་ཉེས་ཆད་ཐེངས་མང་བཅད་མྱོང་བས། རང་གི་སེམས་དོན་དེ་བདེ་སྐྱིད་ལ་སྨྲས་ཀྱང་མོས་ཁས་ལེན་ཨེ་ཡོང་། གལ་སྲིད་དོན་དེ་བདེ་སྐྱིད་ཀྱིས་ཁས་ལེན་མ་བྱས་པའི་ཐོག་སློབ་གྲོགས་གཞན་དང་། ལྷག་པར་དུ་དགེ་རྒན་ཚོས་ཤེས་ན་རང་གི་ངོ་བཟོ་ཆུ་ལ་བསྐྱུར་རྒྱུ་མ་ཟད། ཆད་པའང་ཕོག་སྲིད་སྙམ་སྟེ་སོམ་ཉིའི་ཁྲོད་དུ་ཡུན་རིང་ལུས།
དོན་དེ་ཁོའི་སེམས་ནད་ཆེན་པོ་ཞིག་ལ་འགྱུར་ཏེ་གནས་བཟོད་ཤིན་ཏུ་མི་བདེ་བས། བཀྲ་རྒྱལ་གྱིས་བློ་ཁོག་ཆེན་པོས་ཐག་གཅོད་ཅིག་བྱས་པ་ནི། བདེ་སྐྱིད་ལ་བཅངས་པའི་བརྩེ་དུང་མཚོན་པའི་འཕྲིན་ཡིག་སྤྲིངས་རྒྱུ་དེ་རེད། བདེ་སྐྱིད་ཀྱི་བློ་ལ་བབས་ཤིང་སེམས་འགུལ་ཐེབས་པའི་འཕྲིན་ཡིག་ཞིག་ཡོང་ཆེད། བཀྲ་རྒྱལ་གྱིས་བློ་རིག་ཡོངས་སུ་བསྒྲིམས་ཤིང་དུས་ཡུན་རིང་པོ་ཞིག་སྤྱད་དེ། རང་གི་ཀླད་པའི་ནང་ཡོད་པའི་མིང་ཚིག་སྙན་པ་གང་ཡོད་བེད་སྤྱོད་ཀྱི་ཐོག ཚིག་མཛོད་དང་སློབ་དེབ་སོགས་ཀྱི་ཐོག་ནས་ཉན་ན་རྣ་བར་སྙན་ཞིང་། བསམ་ན་ཡིད་ལ་འཇགས་པའི་ཚིག་མང་དག་ཅིག་བཤུས་ཏེ་ལྐོག་ཏུ་མཛའ་འཕྲིན་རིང་པོ་ཞིག་བྲིས་རྗེས། རང་དང་སྙིང་ཉེ་བའི་འཛིན་གྲྭ་ལྔ་པའི་སློབ་གྲོགས་ཞིག་བརྒྱུད་དེ་བདེ་སྐྱིད་ལ་སྤྲད། དོན་དེ་བདེ་སྐྱིད་ལ་དགའ་ནས་ཡོད་པའི་མོའི་འཛིན་གྲྭ་གཅིག་པའི་སློབ་གྲོགས་པ་དོན་གྱིས་ཤེས་རྗེས་ང་རྒྱལ་ཕྲག་དོག་གིས་སྐུལ་ཏེ། རེ་གཟའ་ཉི་མའི་དགོང་དྲོ་ཞིག་བཀྲ་རྒྱལ་སློབ་གྲྭར་ལོག་པའི་ལམ་བར་དུ་ལམ་སྒུག་བྱས། པ་དོན་ནི་བཀྲ་རྒྱལ་ལས་གཟུགས་སྟོབས་ཆེ་བ་མ་ཟད། ཁོས་ད་དུང་རོགས་སུ་གཟུགས་སྟོབས་ཆེ་བའི་སློབ་གྲོགས་གཞན་གཉིས་ཁྲིད་ནས་ཡོད།
ལམ་མདོ་དེར་ཕན་ཚུན་ངོ་ཕྲད་བྱུང་མ་ཐག པ་དོན་གྱི་ངོ་གདོང་ལ་ཁྲོ་ཉམས་དང་བཅས་བཀྲ་རྒྱལ་གྱི་བྲང་ཁ་ནས་བཟུང་ཞིང་ལམ་ཟུར་གྱི་ཁུག་ཀྱོག་ཞིག་ཏུ་ཁྲིད་དེ། ཁོང་ཁྲོས་དབུགས་ཀྱང་མནན་དཀའ་བའི་ངང"ཁོ་རེ་བཀྲ་རྒྱལ་ཕག་ལུད་ཁོ་རེ། ཉི་མ་དེ་རིང་ནས་བཟུང་ཁྱོད་ཀྱིས་བདེ་སྐྱིད་དང་འབྲེལ་བ་གཏན་ནས་བྱེད་མི་ཆོག གལ་ཏེ་ངས་བཤད་པ་བཞིན་རང་ཚོད་རང་གིས་མ་ཟིན་་ཚེ་རྙོག་དྲ་ཆེན་པོ་ཞིག་ཁྱོད་ཀྱི་མགོ་ཐོག་ཏུ་འབབ་རྒྱུ་རེད"ཟེར། "
བསམ་ཡུལ་ལས་འདས་པའི་དོན་དེ་འདྲ་ཞིག་འཕྲད་དུས། དང་ཐོག་བཀྲ་རྒྱལ་གྱི་སེམས་ནང་ངས་ཁོ་ལ་གནོད་པའི་ལས་ཀ་ནི་གང་ཡང་བྱེད་མ་མྱོང་། ཡང་ན་ངས་རང་གིས་མ་བསམས་བཞིན་དུ་ཁོ་ལ་ཕོག་ཐུག་འགྲོ་བའི་ལས་ཀ་འདྲ་བྱས་ཡོད་ན་ཐང་། དེ་མིན་ན་གཞན་གྱིས་ང་གཉིས་བར་ལ་དཀྲུགས་ཤིང་བརྒྱབ་པ་ཡིན་ཚོད་རེད་སྙམ་སྟེ། ཁོང་ཁྲོ་མནན་ཞིང་ངག་འཇམ་པོའི་སྒོ་ནས"པ་དོན། ཁྱེད་རང་གིས་གཏམ་ཅི་ཞིག་སྨྲ་གིན་ཡོད། ངས་ཁྱེད་རང་ལ་ཕོག་ཐུག་འགྲོ་བའི་གཏམ་ཞིག་སྨྲ་མྱོང་མེད་ལ། ཁྱོད་ལ་གནོད་པའི་བྱ་བ་ནི་དེ་བས་ཀྱང་བྱེད་མ་མྱོང་བས། དོན་མེད་དུ་ཁྱོད་ཀྱིས་ང་ལ་འདི་ལྟར་བྱེད་དགོས་དོན་ཅི་ཡིན"ཟེར།
གཏམ་དེ་པ་དོན་གྱི་རྣ་བར་མ་སོང་བར་སྣ་ཤུ་དང་བཅས"ཧེ། ཁྱོད་ཀྱིས་ངའི་མདུན་ལ་ལྐུགས་པའི་སྤྱང་ཇུས་དེ་བྱེད་དགོས་མ་རེད། མི་ཁྱོད་ཀྱི་སེམས་པར་ཁྱོད་རང་སྤྱང་པོ་དང་རྒོད་པོ་ཞིག་ཡོད་སེམས་ཀྱིན་འདུག་གམ། ཁྱོད་ཀྱིས་བདེ་སྐྱིད་ལ་འཕྲིན་ཡིག་བཏང་སྟེ་མོའི་བརྩེ་དུངས་ལ་མགོ་སྐོར་གཏོང་བ་དེ་ང་ཚོས་ཤེས་ཀྱི་མ་རེད་བསམ་བྱུང་ངམ། ཁོ་རེ་ཕག་ལུད་ཁོ་རེ། ཉི་མ་དེ་རིང་ནས་བཟུང་ཚ་ན་རོ་ཚོད་མ་ཟིན་ན་ཉ་ན་རོ་ཉོས་ཡོང"ཟེར།
པ་དོན་གྱི་གཏམ་ལ་ཉན་རྗེས། བཀྲ་རྒྱལ་གྱིས་ད་གཟོད་རང་ཉིད་ནས་བདེ་སྐྱིད་ལ་མཛའ་འཕྲིན་སྤྲིངས་པའི་དོན་དེ་པ་དོན་གྱིས་ཤེས་ཏེ་ཁོས་རང་ལ་མིག་སེར་བྱེད་ཀྱི་ཡོད་པ་ཤེས། བདེ་སྐྱིད་ལ་མཛའ་འཕྲིན་མ་འབྲི་གོང་། ནམ་རྒྱུན་པ་དོན་ནས་ཀྱང་བདེ་སྐྱིད་ལ་དགའ་མདོག་དང་བརྩེ་མདོག་བྱེད་ཚུལ་ཤེས་པ་ཙམ་ལས། ཡང་སྙིང་ཁོས་བདེ་སྐྱིད་ལ་ཇི་ལྟ་བུའི་བརྩེ་བ་ཞིག་བཅངས་ཡོད་མིན་མི་ཤེས་ལ། དེའི་ཐད་བསམ་གཞིག་བྱེད་ཁོམ་ཡང་གཏན་ནས་མ་བྱུང་། དེ་ཙམ་མ་ཟད་དེ་སྔ་བཀྲ་རྒྱལ་གྱི་སེམས་ནང་གལ་སིད་དོན་དེ་དགེ་རྒན་གྱིས་ཤེས་ན་རང་གི་མགོ་ཐོག་ཏུ་རྙོག་འདྲ་ཡོང་སྲིད། དེ་མ་གཏོགས་བདེ་སྐྱིད་ཀྱིས་དོན་དེ་ཁས་མ་ལེན་ན་སློབ་གྲོགས་གཞན་གྱིས་འཕྱ་དམོད་བྱེད་སྲིད་བསམ་པ་ལས། དེ་ལྟར་མོ་ལ་དགའ་སྟེ་ཡོད་པའི་སློབ་གྲོགས་གཞན་ཞིག་གིས་ཁུངས་ལུང་མེད་པའི་སྒོ་ནས། ཁོ་རང་ལ་བརྙས་བཅོས་དང་མཐོང་ཆུང་འདི་འདྲ་ཞིག་བྱེད་བསམ་པ་སྣང་བའི་ཡུལ་ལའང་འཆར་མྱོང་མེད་པའི་ཐོག སྔར་ནས་ད་བར་ཁོ་ལ་ཕག་ལུད་ཟེར་མཁན་ཞིག་བྱུང་མ་མྱོང་ལ། རང་གི་བྲང་ཁ་ནས་བཟུང་མཁན་ཞིག་དེ་བས་ཀྱང་ཡོད་མ་མྱོང་།
བདེ་སྐྱིད་དང་པ་དོན་གྱི་བར་ལ་ཤ་རུས་ཀྱི་འབྲེལ་བ་ཏིལ་འབྲུ་ཙམ་ཡང་མེད་པས། ཁོས་ང་ལ་ཉེན་བརྡ་བསྒྲགས་པའི་གནས་ལུགས་གང་ཡོད་དམ་བསམས་ཏེ། མ་གཞི་བཀྲ་རྒྱལ་གྱི་གཟུགས་སྟོབས་ཅུང་ཞན་ཡང་ཁོ་པ་གཤིས་ཀ་གྱོང་བའི་ཐོག་བླ་མེད་སྡར་མ་ཞིག་གཏན་ནས་མིན་པས། པ་དོན་གྱིས་ཁོང་ཁྲོ་ཆེན་པོས"ངས་བལྟས་ན་ཁྱོད་རང་ཕག་ལུད་རེད་འདུག མ་གཞི་ནས་ང་ལ་འདི་ལྟའི་གཏམ་ཞིག་སྨྲ་བའི་དབང་ཆ་ཁྱོད་ལ་སུ་ཞིག་གིས་སྤྲད་བྱུང་ངམ། ཁྱོད་མོའི་ཕ་ཡིན་ནམ་མ་ཡིན། ཡང་ན་སྤུན་མཆེད་ཡིན་ནམ་དགེ་རྒན་ཡིན། དེ་མིན་ན་རྩ་ཁྲིམས་ཀྱི་ཁས་ལེན་བྱེད་པའི་བཟའ་ཟླ་གང་ཞིག་ཡིན། ང་ཡང་སྐྱེས་པ་ཕོའི་མིང་ཐོགས་པའི་ཨ་མའི་བུ་ཞིག་ཡིན། ཁྱོད་ཀྱི་འཇིགས་སྣང་ལ་ང་གཏན་ནས་སྐྲག་མི་སྲིད། ངས་མུ་མཐུད་བདེ་སྐྱིད་དང་འབྲེལ་བ་བྱེད་རྒྱུ་མ་ཟད་ད་དུང་ཇེ་ཉེར་གཏོང་རྒྱུ་ཡིན། རྙོག་དྲ་ཆེན་པོ་སུའི་མགོ་ཐོག་ཏུ་འབབ་རྒྱུ་ཡིན་མིན་ད་ལྟ་བཤད་ཚོད་དཀའ"ཟེར་ནས་པ་དོན་ལ་འབུད་རྒྱག་ཅིག་བཏང་སྟེ་སོང་།
ཁོའི་གཏམ་དང་བྱ་སྤྱོད་ལ་པ་དོན་དེ་བས་ཁྲོས་ཏེ་དབུགས་རིང་ཞིག་བཏང་རྗེས"ཁོ་རེ་ཕག་ལུད་སྐྱག་ཟན་ཁྱོད། ངས་ཚོད་ཟིན་ཟེར་དུས་སྡུག་ཚོད་ཟིན་ན་དགའ་གི་རེད། དེ་མིན་ན་ངས་ཉི་མ་དེ་རིང་ཁྱོད་མི་ཡིན་དང་ཡང་ན་རོ་གང་ཡིན་ངོ་མི་ཤེས་པ་ཞིག་བཟོས་ཆོག"ཟེར་ནས་སླར་བཀྲ་རྒྱལ་གྱི་བྲང་ཁ་ནས་བཟུང་ཞིང་སྣ་གཉེར་བཏང་།
བཀྲ་རྒྱལ་ནི་ཁོང་ཁྲོས་རབ་ཏུ་བཟིར་ཏེ་ལུས་ཡོངས་འདར་སིག་སིག་དང་བཅས། ཁོ་རང་ལ་སྣ་གཉེར་གཏོང་བཞིན་པའི་པ་དོན་གྱི་ལག་མགོ་ནས་བཟུང་སྟེ་མཛུབ་མོར་སོ་ཤུགས་ཀྱིས་བཏབ། པ་དོན་ནི་ལག་ནས་ཁྲག་དམར་ལིང་ལིང་དུ་ཐོན་བཞིན་སྐད་ངན་ཚད་མེད་ཤོར། ཚུལ་དེ་ཁོའི་སློབ་གྲོགས་གཞན་དེ་གཉིས་ཀྱིས་མཐོང་རྗེས། གཅིག་གིས་བཀྲ་རྒྱལ་གྱི་སྐྲ་ནས་བཟུང་སྟེ་ལྟག་རྒྱབ་སུ་འཐེན་བཞིན་?ག་རྒྱག་ཞུས། གཞན་དེས་ས་ཐོག་ནས་ས་ཕག་མི་ཆུང་ཙམ་ཞིག་བླངས་ཏེ་བཀྲ་རྒྱལ་གྱི་ངོ་ལ་ཞུས་པས་ཁོའི་ངོ་གདོང་ཡང་ཁྲག་དམར་གྱིས་གང་།
འཇིགས་སྣང་སྐྱེ་དགོས་པའི་ངང་ཚུལ་དེ་རྒྱ་ལམ་དེ་བརྒྱུད་དེ་ཡར་འགྲོ་མར་འགྲོའི་ལམ་འགྲོ་བས་མཐོང་རྗེས། སྐྲག་སྣང་དང་སྐད་ངན་གྱི་ཁྲོད་དུ་ཕན་ཚུན་དབར་ལ་བཤོལ་འདེབས་བྱས་པས་ཕྱོགས་གཉིས་བར་གྱི་འཐབ་འཁྲུག་དེ་བཤོལ་ཐུབ་ཙམ་བྱུང་ཡང་། པ་དོན་གྱི་མཛུབ་མོ་ཆད་གྲབས་བྱས་འདུག་ཟེར་བ་དང་། བཀྲ་རྒྱལ་གྱི་ངོ་གདོང་ལའང་དྲག་ཏུ་མེད་པའི་རྨ་ཤུལ་འདི་ཐེངས་དེའི་འཁྲུག་རྩོད་ཀྱི་དན་རྟགས་ཀྱི་ཚུལ་དུ་ལུས།
སྐབས་དེ་དུས་བཀྲ་རྒྱལ་གྱིས་པ་དོན་གྱི་མདུན་དུ་འབྲུག་སྒྲ་ལྡིར་བ་ལྟ་བུའི་ཆེ་གཏམ་དེ་འདྲ་ཞིག་སྨྲས་ཀྱང་། དེ་ཉིན་གྱི་དོན་དེའི་རྐྱེན་པས་ཁོས་བདེ་སྐྱིད་དང་མུ་མཐུད་འབྲེལ་བ་བྱེད་མི་ནུས་པ་མ་ཟད། མི་རིང་བར་ཁོ་རང་མཐོ་རྒྱུགས་ཀྱི་ཚད་གཞི་མ་ལོན་པའི་ཁར། རྒྱུན་ལྡན་དུ་ཀུན་སྤྱོད་དང་སློབ་སྦྱོང་གི་སྦྱངས་འབྲས་ཞན་པའི་དབང་གིས། མུ་མཐུད་སློབ་གྲྭར་འགྲོ་བའི་སྐལ་བ་མ་བྱུང་བས། ཁོ་རང་གིས་བདེ་སྐྱིད་ལ་བཅངས་པའི་བརྩེ་དུང་དེའང་བསྙབ་ཏུ་མེད་པའི་མཁའ་མཐའི་མཇའ་ཚོན་ནམ། སད་ཀྱིས་བཅོམས་པའི་མེ་ཏོག་གི་ཚུལ་དུ་འགྱུར།
ད་རེས་གཡང་ལགས་དང་འཕྲད་པའི་ཉིན་དེ་ནས། བཀྲ་རྒྱལ་གྱི་བློ་སེམས་ཚང་མ་གཡང་ལགས་ཀྱི་ཕྱོགས་སུ་ཤོར། གཡང་ལགས་དང་མཉམ་དུ་ལས་ཀ་བྱེད་དུས་ཁོ་ལ་ཁག་པའི་སྣང་བ་ལྟ་ཅི། དཀའ་ཚེགས་ཆེ་བའི་ལས་ཀ་དེའང་བདེ་སྐྱིད་ཅིག་ཏུ་སྣང་། ཉིན་རེའི་ལས་ཀ་བྱེད་པའི་བརྒྱུད་རིམ་ནང་། བཀྲ་རྒྱལ་གྱིས་དོན་དག་ཡོད་མེད་ལ་མ་ལྟོས་པར་གཡང་ལགས་ཀྱི་འཁྲིས་སུ་བཅར་ཅི་ཐུབ་བྱེད་པ་མ་ཟད། དོན་དག་ཡོད་མེད་ལ་མ་ལྟོས་པར་སྐད་ཆ་སྣ་ཚོགས་བཙལ་ཏེ་མོ་དང་གཏམ་གླེང་བྱེད་རྒྱུར་དགའ་བ་དང་། གཡང་ལགས་ལ་ལས་ཀ་དང་འཚོ་བ་གང་ཅིའི་ཐད་ནས་རོགས་རམ་ག་ཡོང་བྱེད། དེ་ལྟའི་བརྒྱུད་རིམ་ནི་བཀྲ་རྒྱལ་གྱི་ངོ་ནས་བཤད་ན་ལོངས་སྤྱོད་ཆེན་པོ་ཞིག་སྟེ། ནམ་རྒྱུན་ཡིན་ན་ངལ་རྩོལ་གྱི་དཀའ་དུབ་ཁྲོད་འཁྱོལ་དཀའ་བའི་ཉི་མ་རེ་རེ་ཡང་ད་ཆ་གོ་མེད་ཚོར་མེད་ངང་རྒྱང་རིང་ལ་བཞུར་བའི་ཆུ་རྒྱུན་གྱི་ཚུལ་དུ་སྣང་།
གཡང་ལགས་ཀྱི་ཕ་མ་གཉིས་ནས་མོ་རང་མི་གཞན་གྱི་བག་མར་སྟེར་རྒྱུར་ཁས་ལེན་བྱས་ཟིན་སྟབས། དང་ཐོག་གཡང་ལགས་ཀྱིས་"ཁ་འཚེར་འཚེར་པགས་པའི་འཐེན་ཕྱོགས་"ཟེར་བའི་དཔེ་ལྟར། བཀྲ་རྒྱལ་ནས་མོ་རང་ལ་གཞན་ལ་མེད་པའི་ལྟ་རྟོག་རོགས་རམ་དེ་འདྲ་བྱེད་དུས། མིག་གིས་ལྟ་ཕྱོགས་དང་སྐད་ཆའི་ཤོད་ཕྱོགས་ཀྱིས་ཐུགས་རྗེ་བཀའ་འདྲིན་མཚོན་པ་ཙམ་ལས་ཁོ་ལ་སེམས་གཏིང་གི་བརྩེ་བ་ཞིག་འཆང་མི་ཕོད་ལ། མ་གཞི་བཀྲ་རྒྱལ་མིག་ལ་མཛེས་ཤིང་རང་སེམས་ལ་སོང་ཡང་དེ་ལྟའི་རྣམ་པ་ཞིག་ཕྱིར་མངོན་ཐབས་བྲལ། འོན་ཀྱང་བཀྲ་རྒྱལ་གྱི་གཡོ་ལྷད་མེད་པའི་དྲོ་སོབ་སོབ་ཀྱི་བརྩེ་བ་དེ་ཡུན་རིང་མྱོང་མཐར། གཡང་ལགས་སེམས་ཁམས་ཀྱི་དར་ཁ་རིམ་གྱིས་བཞུར་བ་དང་། བསམ་པའི་འགོག་སྲུང་གི་བར་ཐག་དེའང་རིམ་གྱིས་ཡལ་ཏེ། བཀྲ་རྒྱལ་ནི་མོ་རང་གི་འཚོ་བའི་རྒྱབ་རྟེན་ཙམ་མ་ཟད། བརྩེ་དུང་གི་པང་ཁ་དྲོན་མོ་ཞིག་ཏུ་བསམས་ཏེ་ལུས་དང་གྲིབ་མ་བཞིན་དུ་འགྲོགས་པར་བྱེད། དུས་དེ་ནས་བཟུང་གཡང་ལགས་ཀྱིས་ཀྱང་རང་འགུལ་ཐོག་བཀྲ་རྒྱལ་དང་བཅས་པའི་ལས་རོགས་ཚོའི་སྡོད་གནས་སུ་གཙང་སྦྲ་བྱེད་རོགས་བྱེད་པ་དང་། བཀྲ་རྒྱལ་གྱི་གྱོན་གོས་རྙིང་པ་དང་མལ་ཆས་སོགས་གཙང་མར་བཀྲུས་ནས་གྱོན་ཆོག་ཆོག་བྱེད།
བཀྲ་རྒྱལ་འདི་ལྟར་ཕོ་གཞོན་ཞིག་ཏུ་འཚར་ཏེ་ཡོད་ནའང་། ད་བར་བུད་མེད་ཅིག་ནས་འདི་ལྟ་བུའི་སེམས་ཁུར་བྱེད་མཁན་ཞིག་གཏན་ནས་བྱུང་མ་མྱོང་བས། བཀྲ་རྒྱལ་སེམས་འགུལ་ཚད་མེད་དང་བཅས་སྔར་བྱུང་མྱོང་མེད་པའི་བདེ་སྣང་དེ་ནི་རྨི་ལམ་ཞིག་དང་འདྲ་ལ། རྨི་ལམ་སྐྱིད་པོ་དེའི་ཁྲོད་ནས་གཏན་དུ་སད་རྒྱུ་མེད་ན་སྙམ།
རྒྱུན་ལྡན་མིན་པའི་བཀྲ་རྒྱལ་གྱི་བྱེད་ལུགས་བྱེད་སྟངས་མཐོང་དུས། ལས་རོགས་ཚོས་བཀྲ་རྒྱལ་གྱི་བསམ་ཚུལ་ཚང་མ་གསལ་པོར་རྟོགས་ཏེ། ལ་ལས་"བཀྲ་རྒྱལ། རྟ་ལ་མ་བཞོན་གོང་ལ་སྒ་ལ་ཅག་ཅག་བྱེད་ན་མ་གཏོགས། རྟ་ཕོར་གང་བྱུང་དུ་བཞོན་ན་རྟ་ཕོས་གཡུག་ཡོང་། རྟ་ཕོར་གཞོན་དུས་སྐྱིད་ཀྱང་གཡུགས་དུས་ན་པོ་ཡོད་པ་རེད་དའ་"ཟེར་ནས་དྲན་སྐུལ་དང་ཁ་ཏ་བསླབ་བྱ་བྱེད་པ་དང་། ཡང་ལ་ལས"བཀྲ་རྒྱལ། ད་ཆ་ཐག་རིང་གི་འབྲོག་ཐང་འདིར་ནམ་དུས་དཔྱིད་ཀ་ཤར་བས་མ་ཚད། ཁྱེད་རང་གི་ལུས་ཐོག་ལའང་དཔྱིད་ཀ་དངོས་སུ་ཤར་འདུག དཔྱིད་ཀ་ཤར་བས་ཁྱེད་རང་གི་དེ་སྔའི་དགུན་ཟླ་འདྲ་བའི་གྲང་ཤུར་ཤུར་གྱི་གཤིས་ཀ་དེའང་དཔྱིད་ཀྱི་མེ་ཏོག་ལྟར་འཇམ་པོར་གྱུར་འདུག"ཟེར་ནས་ཟུར་ཟའང་བྱེད།
དེ་དང་ཆབས་ཅིག་གཡང་ལགས་ཀྱི་ལས་རོགས་ཚོས་ཀྱང་བཀྲ་རྒྱལ་ལ"བཀྲ་རྒྱལ་ལགས། སྤང་སྟེང་མེ་ཏོག་མཛེས་ཀྱང་གང་བསམ་འཐུ་བ་མ་གནང་། མིག་ལ་མཛེས་པའི་མེ་ཏོག་མཛུབ་བརྡ་བརྒྱབ་ནས་ཡོད་པ་རེད"ཅེས་གོ་རྒྱུ་ཡོད་པའི་གཏམ་སྨྲ་མོད། ད་ཆ་བརྩེ་དུངས་ཀྱིས་བདུད་རྩིས་ཡོངས་སུ་མྱོས་པའི་བཀྲ་རྒྱལ་ནས། གཞན་གྱིས་སེམས་གཏམ་མཐའ་དག་རྣ་རྒྱབ་ཀྱི་རླུང་བུར་བསྐུར་ཏེ། མུ་མཐུད་མེ་ཏོག་ར་བའི་ནང་གི་ཕྱེ་ལེབ་བུང་བ་བཞིན་དུ་ཞིམ་མངར་བརྩེ་དུང་གི་སྦྲང་རྩི་ལོངས་སྤྱོད་ལ་བྲེལ།
དེ་ལྟར་ཐག་རིང་གི་བྱང་ཐང་འདིར། བཀྲ་རྒྱལ་ནས་སྔར་བྱུང་མྱོང་ལྟ་ཅི་བསམ་མྱོང་ཡང་མེད་པའི་ཞིམ་མངར་བདུད་རྩི་འདྲ་བའི་བརྩེ་དུངས་ཀྱི་གཏམ་རྒྱུད་དེའི་འགོ་བརྩམས། དེ་ལྟར་བརྩེ་དུང་གིས་རབ་ཏུ་མྱོས་པའི་ན་གཞོན་ཕོ་མོ་གཉིས་ཀྱི་ངོས་ནས་བཤད་ན། དུས་ཚོད་ནི་སེ་གོལ་ཏོག་པའི་ཚུལ་དུ་འདས་ཏེ། ད་གཟོད་སྟོན་གྱི་རླུང་བུ་ལྡང་མགོ་ཚུགས་ཤིང་། གཡང་དཀར་ལུག་དང་ནོར་གནག་འབྲི་གཡག་སོགས་ལ་ཤ་ཤེད་རྒྱས། སྤང་ཐང་རི་ཀླུང་ཀུན་གྱིས་ངུར་སྨྲིག་གོས་རྒྱན་བཀླུབས་པ་སོགས་ད་ནི་བྲེལ་འཚུབ་ཆེ་བའི་སྟོན་བསྡུའི་ཆེད་གང་མགྱོགས་ཕ་ཡུལ་ལ་ལོག་དགོས་སྟབས། ལས་རོགས་གཞན་ཚང་མས་ཕ་ཡུལ་དུ་ལོག་རྒྱུའི་གོང་གི་ཉིན་གྲངས་རེ་རེ་བཞིན་དུ་མཛུབ་མོས་བགྲང་སྟེ། སེམས་དགའ་ཞིང་ཡིད་སྤྲོ་བའི་ངང་རང་ཡུལ་ལ་ལོག་རྒྱུའི་སྟ་གོན་ལ་བྲེལ་མོད། བཀྲ་རྒྱལ་ནི་ཉི་མ་རེ་རེ་བྱས་ཏེ་ཕ་ཡུལ་ལ་ལོག་རྒྱུ་ཇེ་ཉེར་འགྲོ་བ་དང་བསྟུན་ཏེ་སེམས་ནང་དགའ་སྣང་ལྟ་ཅི། མི་འདོད་སྐྱོ་སྣང་གི་སྨུག་སྤྲིན་ཇེ་མཐུག་ནས་ཇེ་མཐུག་ཏུ་འགྲོ་བཞིན་ཡོད་ལ། གཡང་ལགས་ཀྱང་དེ་ལས་མ་འདས།
རེ་ཞིག་ལས་མཇུག་སྒྲིལ་ཏེ་རང་ཡུལ་དུ་ལོག་པའི་དུས་ལ་བབས། གཡང་ལགས་ཡང་མོའི་ལས་རོགས་རྣམས་དང་ལྷན་དུ་ཉིན་གཉིས་ཀྱི་སྔོན་ལ་ནག་ཆུ་ནས་ཁ་བྲལ་ཏེ་རང་ཡུལ་དུ་ལོག གཡང་ལགས་དང་ཁ་མ་བྲལ་གོང་གི་མཚན་མོ་དེར། བཀྲ་རྒྱལ་དང་གཡང་ལགས་གཉིས་སྡོད་གནས་ལས་བྲལ་ཏེ་མི་རིང་བའི་གཙང་འགྲམ་དུ་འཕྱམ་འཕྱམ་ལ་སོང་། ཁོ་གཉིས་གཙང་འགྲམ་དུ་ཡོང་ཐེངས་ད་རེས་དང་པོ་མིན་པས་འདི་ཁུལ་ལ་རྒྱུས་མངའ་ཆེ། བཀྲ་རྒྱལ་དང་གཡང་ལགས་གཉིས་པོས་ཕན་ཚུན་བར་ལ་དྲོ་སོབ་སོབ་ཀྱི་སེམས་གཏམ་མང་པོ་ཞིག བརྗོད་སོང་ལ། དེ་ལྟའི་དྲོད་ལམ་ལམ་གྱི་སྙིང་གཏམ་མང་པོ་བརྗོད་ཞོར། ལོ་རྗེས་མའི་དཔྱིད་ལས་གྲུབ་རྗེས་སླར་ནག་ཆུར་ཡོང་འབབ་གསོག་པར་ཡོང་དུས་མཉམ་དུ་འཛོམས་རྒྱུའི་དམ་བཅའ་ཁས་ལེན་ཡང་བྱས། དེ་ནས་ཁོ་གཉིས་གཅིག་གིས་གཅིག་ལ་འཐམས་ཏེ་བྲལ་མི་ཕོད་པའི་མཆི་མ་མང་པོ་བཏང་བ་དང་། ཕན་ཚུན་བར་ལ་མཆི་མ་འབྱིད་རོགས་བྱས་རྗེས་སླར་དམ་དུ་འཐམ་ཏེ། ཡུན་རིང་མ་དང་བྲལ་ཏེ་སྐོམ་ལ་གྱར་བའི་བེའུ་ཞིག་གིས་མའི་ནུ་མ་ཤུགས་ཀྱིས་འཇིབ་པའམ། ཕྱེ་ལེབ་དང་བུང་བས་མེ་ཏོག་གི་རོ་བཅུད་ལེན་པ་བཞིན་ཕན་ཚུན་གྱི་མཆུ་འདབ་སྟེང་དུ་ཡུན་རིང་རྩེན་མཐར། གནམ་ས་འབྲེལ་བ་ལྟར་ན་གཞོན་ཕོ་མོ་གཉིས་ཀྱི་ལང་ཚོའི་དཔལ་ཡོན་གཅིག་ཏུ་འབྲེལ་ཏེ་དགའ་བདེའི་དཔལ་ལའང་རོལ་སོང་།
ཁོ་གཉིས་ཁ་བྲལ་བའི་ཞོགས་པ་དེར། བཀྲ་རྒྱལ་གྱིས་གཡང་ལགས་ལ་སྐྱེལ་མ་བྱས་ཤིང་། ད་དུང་གཞན་གྱིས་མ་ཚོར་བའི་ཐོག་མོའི་ཨམ་ཕྲག་ནང་ཁོ་རང་གི་ལས་ཀའི་གླ་ཆ་ནས་མི་ཉུང་ཙམ་ཞིག་ཀྱང་བླུགས། གཡང་ལགས་ཀྱིས་ཀྱང་ཡུན་རིང་ནང་མཚན་མོ་སྣུམ་བཞུའི་འོད་མདངས་འོག སྟར་པ་རེ་རེ་བྱས་ཏེ་བསླས་པའི་བལ་གྱི་སྐེ་དཀྲིས་དཀར་པོ་རིང་པོ་དེ་བཀྲ་རྒྱལ་གྱི་མགུལ་ལ་གཡོག རླངས་འཁོར་འགུལ་ཏེ་རིམ་པས་མདུན་དུ་མྱུར་བ་དང་བསྟུན། ན་གཞོན་ཕོ་མོ་དེ་གཉིས་ཀྱི་མིག་མཐའ་སླར་ཡང་མཆི་མས་བརླན་ཏེ་རབ་རིབ་ལ་གྱུར།
གཡང་ལགས་དང་ཁ་བྲལ་རྗེས། བཀྲ་རྒྱལ་གྱི་སེམས་པ་སུ་ཞིག་གིས་བརྐུས་སོང་བ་ལྟར་སྟོང་པ་སྟོང་རྐྱང་ལ་གྱུར་ཏེ། བླ་གྱར་བའི་སྐྱེ་བོ་ཞིག་དང་འདྲ་བར་སྡོད་པའི་གནས་དང་བདེ་བའི་སྐབས་ཤིག་མེད་ལ། ཁོའི་སྙིང་ཁོང་རུས་པའི་གཏིང་རིམ་ནི་སྟོན་རླུང་ཡང་ཡང་ལྡང་བའི་བྱང་ཐང་འདི་བཞིན་དྲོད་སྣང་རིམ་གྱིས་ཡལ་ཞིང་། ཉིན་མཚན་ཀུན་དུ་མིག་ལམ་དུ་ཡང་ཡང་འཆར་བ་ནི་གཡང་ལགས་ཀྱི་ལུས་ཀྱི་ཉམས་འགྱུར་དང་། བཞིན་གྱི་འཛུམ་མདངས། དེ་བཞིན་ཁོ་གཉིས་མཉམ་དུ་ལས་ཤིང་མཉམ་དུ་འཚོ་བའི་ཉམས་སྣང་དེ་ལས་མ་འདས། དེ་དུས་གཡང་ལགས་ནས་ཁོ་རང་ལ་སྤྲད་པའི་འཇམ་ལ་རིང་བའི་སྐེ་དཀྲིས་དཀར་པོ་དེ། ཁོའི་ཡིད་ཀྱི་ཆགས་ས་དང་སེམས་ཀྱི་བརྟེན་ས་གཅིག་བུ་དེ་ཡིན་པས། ཁོས་ཞར་དང་ཞོར་ལ་སྐེ་དཀྲིས་དེ་བླངས་ཏེ་བྱིལ་བྱིལ་དང་བཅས་རང་གི་སྐེ་ལ་དཀྲི་བར་བྱེད་པས། དེ་སྔ་དཀར་ཞིང་གཙང་བའི་སྐེ་དཀྲིས་དེ་ད་ཆ་ནག་མོག་མོག་ལ་གྱུར་ཏེ་ཡོད།
དེ་སྔ་དུས་ཚོད་ནི་རང་གི་གམ་ནས་གོ་མེད་ཚོར་མེད་ངང་བར་མེད་མདུན་དུ་བཞུར་བའི་ཆུ་མོའི་རྒྱུན་བཞིན་འགྲོ་མགྱོགས་པའི་སྣང་བ་ཞིག་བྱིན་མོད། སེམས་ནང་རང་སེམས་སོང་བའི་མི་ཞིག་སྒུག་དུས། སྒུག་ཡུན་ཤིན་ཏུ་རིང་། དེ་ལྟའི་ངང་དུ་རང་སེམས་སོང་བའི་མི་དེ་སྒུག་རྒྱུ་དེ། དོན་དམ་དུ་བདེ་བ་མིན་པར་སེམས་ཀྱི་མནར་གཅོད་ཅིག་ཡིན་པ་བཀྲ་རྒྱལ་གྱིས་གཞི་ནས་ཤེས།
དེ་སྔ་བཀྲ་རྒྱལ་ཕ་ཡུལ་དུ་ཡོད་དུས། ཁྱིམ་ནང་སྡོད་འདོད་མེད་པར་ཕྱི་ལས་ལ་འགྲོ་རྒྱུར་ཤིན་དུ་དགའ་མོད། ད་ཐེངས་ནག་ཆུ་ནས་ཕ་ཡུལ་དུ་འབྱོར་རྗེས། ཁོ་ནི་མི་གཞན་ཞིག་ལ་གྱུར་བ་ལྟར་ཕྱི་ལ་འགྲོ་རྒྱུར་མི་དགའ་བར་རྟག་ཏུ་ཁྱིམ་ནང་འཛུལ་ནས་གཅིག་བུར་ཅི་ཞིག་ལ་མནོ་བསམ་གཏོང་བཞིན་སྡོད་རྒྱུར་དགའ་བ་མ་ཟད། ཆུང་དུས་སུ་མི་གཞན་གྱི་མདུན་དུ་ལབ་རྒྱུ་གླེང་རྒྱུར་དགའ་ཞིང་། རྒྱག་རེས་རྒོལ་རེས་ལའང་དེ་ལྟར་ཡིན་མོད། ད་ཆ་ཁོ་ནི་དེ་སྔའི་བཀྲ་རྒྱལ་དེ་མིན་པ་ལྟར་སྨྲ་བ་ཉུང་ལ་གཤིས་ཀའང་ཞི་འཇམ་ལ་འགྱུར་ནས་འདུག་ཟེར།
སྒུག་སྒུག་པའི་མཐར་སྟོན་ཟླ་ཕར་ལ་བསྐྱལ་ཞིང་དགུན་ཁ་ཚུར་ལ་བསུས་རྗེས། ཡུན་རིང་རེ་ཞིང་སྒུག་པའི་དཔྱིད་ཀ་དེ་རིམ་གྱིས་འཆར། དཔྱིད་དུས་རིམ་གྱིས་འཆར་བ་དང་བསྟུན་འགོག་ཐབས་མེད་པའི་སེམས་ཁོང་རུས་པའི་གཏིང་གི་དགའ་སྣང་དེའི་རྐྱེན་པས། བཀྲ་རྒྱལ་གྱི་བཞིན་གྱི་རྣམ་འགྱུར་དེའང་དཔྱིད་དུས་སྒེག་མོའི་ཉམས་འགྱུར་བཞིན་རབ་ཏུ་མཛེས།
བཀྲ་རྒྱལ་གྱི་ངོས་ན་བརྗོད་ན་ཞིང་ལས་ཐད་དེ་ཙམ་མི་བྱངས་མི་གོམས་མོད། དཔྱིད་ལས་སྔ་ཙམ་གྲུབ་ཚེ་ནག་ཆུར་མགྱོགས་ཙམ་ཐོན་ཐུབ་ཅིང་། སྔར་ལོ་དུས་ཆད་བྱས་པ་བཞིན་གཡང་ལགས་དང་སྔ་ཙམ་མཐུག་ཕྲད་ཡོང་རྒྱུ་ཡིན་སྟབས། དཔྱིད་དུས་དེར། ཁོའི་ཕ་མ་གཉིས་ནས་ཁོ་ལ་ལྕག་སྐུལ་གཏན་ནས་བྱེད་མི་དགོས་པར། བཀྲ་རྒྱལ་ནས་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ཁྱིམ་ནང་གི་ལུད་འདོན་རྒྱུ་དང་། ཞིང་ནང་སྐྱེལ་རྒྱུ། ས་ཞིང་རྨོ་འདེབས་སོགས་དཔྱིད་ལས་ཚང་མ་རང་འགུལ་ངང་བྱས་པས། ཕ་མ་གཉིས་ནས་བཀྲ་རྒྱལ་གྱི་སེམས་དོན་དང་དམིགས་ཡུལ་དངོས་མི་རྟོགས་པར། "ད་ཡིན་ན་ང་ཚོའི་བུ་བཀྲ་ཤིས་རྒྱལ་པོ་མི་མི་རྐྱང་ལ་འགྱུར་འདུག ཕྱི་ལ་ཕྱིན་ནས་ཡོང་འབབ་གསོག་ཐུབ་པ་མ་ཟད། ནང་ལ་ཡོད་དུས་ལྐུལ་ལྕག་གཏན་ནས་བྱེད་མི་དགོས་པར། ཞིང་ལས་ཚང་མ་བྱེད་ཀྱི་འདུག བུ་འདི་ལ་འགྱུར་བ་འདི་འདྲ་ཡོང་བསམ་པ་ཉལ་བའི་རྨི་ལམ་ལའང་མེད་"ཅེས་བསྟོད་ཅིང་དགའ་བའི་འཛུམ་མདངས་ཕྱུང་།
དཔྱིད་ལས་ཡོངས་སུ་གྲུབ་རྗེས། བཀྲ་རྒྱལ་དང་ཁོའི་ལས་རོགས་རྣམས་ཕ་ཡུལ་ལས་བྲལ་ཏེ་ཞོར་ལས་ལ་ཐོན། ནག་ཆུར་འབྱོར་རྗེས་གཡང་ལགས་དང་བཅས་པའི་ལས་རོགས་རྣམས་ད་དུང་སླེབ་མེད། བཀྲ་རྒྱལ་ནས་ཉིན་ལྟར་གཡང་ལགས་མགྱོགས་ཙམ་ཡོང་རྒྱུའི་རེ་སྒུག་བྱས། དེ་ལྟར་རེ་སྒུག་ངང་ཟླ་ཕྱེད་ཙམ་སོང་ཡང་སྔ་བཞིན་གཡང་ལགས་དང་བཅས་པའི་ལས་རོགས་ཚོའི་གྲིབ་གཟུགས་ཙམ་ཡང་རིག་རྒྱུ་མེད་པས། སྐབས་རེ་བཀྲ་རྒྱལ་གྱི་སེམས་ནང་འདི་ལོ་གཡང་ལགས་ཞོར་ལས་ལ་མི་ཡོང་བ་མིན་ནམ། ཡང་ན་ཁོ་རང་ལ་གཡོལ་ཆེད་ས་ཕྱོགས་གཞན་ལ་སོང་བ་ཨེ་ཡིན་སོགས་དོགས་གཞི་སྣ་ཚོགས་དང་། ཡང་སྐབས་སྐབས་ལ་དེ་འདྲ་ཡིན་མི་སྲིད། སྔར་ལོ་གཡང་ལགས་ང་གཉིས་ནས་འདི་ལོ་སླར་ཡང་འདི་གར་འཛོམ་རྒྱུའི་ཁ་ཆད་ཏན་ཏན་ཏིག་ཏིག་བྱས་ཤིང་། ང་གཉིས་བར་ལ་གཅོད་ཐབས་བྲལ་བའི་བརྩེ་དུང་དེ་འདྲ་ཞིག་ཀྱང་ཆགས་ཡོད་པས། ཏན་ཏན་ཡོང་གི་རེད། ད་ལྟ་མི་སླེབ་པ་ནི་ཕལ་ཆེར་གནས་ཚུལ་གཞན་གྱི་རྐྱེན་པས་དུས་འགྱངས་ཕྱི་བསྣུར་བྱེད་དགོས་བྱུང་བ་ཡིན་ཚོད་རེད་ཅེས་རང་གིས་རང་ལ་སེམས་གསོ་བྱེད་ཅིང་། དེ་ལྟའི་སེམས་གསོའི་འོག་དོགས་སྣང་དང་དངངས་འཚབ་ཀྱིས་མནར་བའི་ཁོའི་སེམས་ཁམས་ཀྱང་ཅུང་ལྷོད་ལ་བབས་འགྲོ།
དོགས་འཆར་དང་། སེམས་གསོ། རྫོགས་མཐའ་མེད་པའི་རེ་སྒུག་གི་ཁྲོད་དུ་སླར་ཡང་ཟླ་ཕྱེད་ཙམ་གྱི་དུས་ཚོད་རིམ་གྱིས་འདས། དེ་ལྟར་གཡང་ལགས་སྒུག་སྟེ་སྔ་ཕྱིར་ཟླ་བ་གཅིག་གི་དུས་ཡུན་འདས་ཏེ་སོང་། ད་གཟོད་བཀྲ་རྒྱལ་གྱི་སེམས་ནང་བཀྲ་མི་ཤིས་པའི་སྣང་བ་ཞིག་ངང་གིས་འཆར་ཏེ། གཡང་ལགས་དང་། ཡང་ན་མོའི་དེ་སྔའི་ལས་རོགས། དེ་མིན་མོ་དང་ཕ་ཡུལ་གཅིག་གི་མི་འདྲ་ཐུག་ཕྲད་ཡོང་ཆེད། བཀྲ་རྒྱལ་གྱིས་ལས་ཞོར་དུ་ས་ཕྱོགས་གང་སར་ཉན་ལྟ་བྱེད་པར་སོང་ཡང་། གཡང་ལགས་སྔར་བཞིན་མཐོང་རྒྱུ་མེད་པའི་ཁར། མོའི་ལས་རོགས་སམ་ཕ་ཡུལ་གཅིག་པའི་མི་གཅིག་ཀྱང་མ་ཐུག དེ་ལྟར་བཙལ་འཚོལ་གྱི་དུས་གཙང་ཁུལ་སྟོད་ཕྱོགས་ནས་ཡིན་ཟེར་བའི་ལས་མི་མི་ཉུང་ཙམ་འདུག་ཀྱང་། མོ་རང་གི་ཕ་ཡུལ་གཅིག་པ་མིན་འདུག་ལ་གཡང་ལགས་ངོ་ཤེས་པའམ་མོའི་གནས་ཚུལ་ཤེས་མཁན་དེ་བས་ཀྱང་མིན་འདུག་པས། བཀྲ་རྒྱལ་ཡིད་ཐང་ཆད་ཅིང་བློ་བློང་པོར་འགྱུར།
དུས་དེ་ནས་བཟུང་བཀྲ་རྒྱལ་གྱི་ལུས་སེམས་རིམ་གྱིས་ཉམས་ཤིང་། གཡང་ལགས་དྲན་པའི་སེམས་ཀྱིས་རབ་ཏུ་སྐུལ་ཏེ། བར་སྐབས་ཤིག་རིང་རྦད་དེ་བཅད་ཟིན་པའི་དུ་བ་དེ་སླར་ཡང་ཁ་ལ་ལེན་པ་མ་ཟད་འཐེན་ཤུགས་ཀྱང་ཇེ་ཆེར་སོང་། ཡིན་ནའང་སེམས་གཏིང་ནས་གཡང་ལགས་ལ་བཅངས་པའི་དྲན་སེམས་དེ་དབྱར་གྱི་མཚོ་མོ་རྒྱས་པ་བཞིན་དུ་འགོག་ཐབས་གཏན་ནས་མེད་པས། ཁོས་ལས་ཞོར་གྱི་གོ་སྐབས་གང་ཡོད་སྤྱད་དེ། མུ་མཐུད་གཡང་ལགས་ཀྱི་སྐོར་ཤེས་ཐབས་བྱས་ཀྱང་ཚང་མ་སྟོང་ཟད་དུ་ལྷུང་།
དུས་ཀྱི་གོམ་འགྲོས་དང་འགྲོགས་ཏེ་ཐག་རིང་གི་བྱང་ཐང་དེར་སླར་སྟོན་རླུང་བསིལ་མ་རིམ་གྱིས་ལྡང་བས། བཀྲ་རྒྱལ་ནས་སྟོང་སང་སང་གི་བསམ་པ་དང་བཅས་ཅ་དངོས་རྣམས་བསྡུ་གསོག་བརྒྱབ་སྟེ་ལས་རོགས་ཚོ་དང་མཉམ་དུ་རང་ཡུལ་ལ་མི་ལོག་ཀ་མེད་ལ་གྱུར།
ཕ་ཡུལ་ལ་འབྱོར་རྗེས་བཀྲ་རྒྱལ་སྟོན་ལས་ལ་བཞུགས་མོད། ལོ་གཅིག་རིང་གི་རེ་སྒུག་ཚང་མ་འཇའ་ཚོན་བཞིན་དུ་ཆ་མེད་ཡལ་སྟབས། ལས་ཀའི་སེམས་ཤུགས་དཔྱིད་ཀ་ལྟར་མེད་པ་མ་ཟད། སྐབས་སྐབས་སུ་ཁོ་རང་གཅིག་པོར་ཧོན་ཐོར་ཏེ་སྡོད་པ་དང་། དུས་དུས་ལ་ཆང་མང་པོ་བཏུངས་ཏེ་སེམས་མི་སྐྱིད་པའི་ཚུགས་ཀའང་སྟོན། ཕ་མ་གཉིས་ནས་བཀྲ་རྒྱལ་ལ་རྒྱུ་མཚན་དྲིས་དུས་ཁོས་མགོ་བོ་ཕྲེད་དུ་གཡུགས་པ་ལས་འདི་ཡིན་འདི་མིན་གྱི་ལན་ཅི་ཡང་མི་འདེབས་པས། ཕ་མ་གཉིས་སེམས་ཁྲལ་དང་སྔངས་འཚབ་ཀྱི་གནས་སུ་གྱར།
དེ་ལྟར་དུས་ཆད་ཏན་ཏན་བྱས་ཀྱང་གཡང་ལགས་དང་ཐུག་རྒྱུ་མེད་ལ། དུས་ཆད་རྩིས་མེད་དུ་གཏོང་དགོས་པའི་གནས་ལུགས་རྒྱུ་མཚན་ཙམ་ཡང་མ་རྟོགས་པ་དེ། བཀྲ་རྒྱལ་གྱི་ངོས་ནས་བཤད་ན་བཟོད་དཀའ་བའི་མནར་གཅོད་ཆེན་པོ་ཞིག་རེད། གཡང་ལགས་དང་ངོ་ཕྲད་ཀྱིས་དོར་ཐབས་མེད་པའི་ལྷད་མེད་བརྩེ་དུང་དེའི་རྒྱུན་སྐྱོང་རྒྱུ་དང་། དེ་འདྲ་མ་བྱུང་ཡང་གཡང་ལགས་ཀྱིས་དུས་ཆད་རྩིས་མེད་དུ་གཏོང་བའི་རྒྱུ་མཚན་ཤེས་རྟོགས་བྱ་ཆེད། བཀྲ་རྒྱལ་གྱིས་ཕ་མ་གཉིས་ལ་ཁོ་རང་གཞིས་རྩེ་བཀྲ་ཤིས་ལྷུན་པོ་སོགས་སུ་མཆོད་མཇལ་ལ་འགྲོ་རྒྱུའི་རེ་བ་ཞུས།
ཕ་མ་གཉིས་ཀྱི་སེམས་ནང་དེ་མི་ལེགས་པ་མིན་ཏེ། སྔར་དང་མི་འདྲ་བའི་བཀྲ་ཤིས་རྒྱལ་པོའི་བྱ་ལུགས་བྱེད་ལུགས་མང་པོ་ཞིག་ལ་བལྟས་ན། སེམས་ནང་སྔར་མེད་ཀྱི་འཁུར་བོ་གང་ཞིག་གི་རྐྱེན་པས་བུ་བཀྲ་ཤིས་རྒྱལ་པོ་སེམས་སྦྲིག་དོག་པོར་གྱུར་བ་ཡིན་ཚོད་འདུག་ན། ཡུལ་གཞན་དུ་གནས་མཇལ་ལམ་འཕྱམ་འཕྱམ་ལ་སོང་ཚེ་བགེགས་དང་བར་ཆད་སེལ་ཐུབ་པ་མ་ཟད། སེམས་བག་ཀྱང་ཡངས་སུ་འགྲོ་རྒྱུར་ཕན་པ་ཡོད་ཅིང་། ད་དུང་ཁོའི་ལས་རོགས་ཚོའི་གཏམ་ལ་ཉན་ན་ལོ་གོང་མར་ཁོ་རང་ལ་དགའ་བའི་བུ་མོ་ཞིག་ཐུག་ཀྱང་། འདི་ལོ་བུ་མོ་དེ་རིག་རྒྱུ་མེད་པས་བཀྲ་རྒྱལ་བློ་ཕམ་ཆེན་པོ་བྱེད་ཀྱི་འདུག་ཟེར་བས། ཁོ་ནི་མཆོད་མཇལ་ཁོ་ན་མིན་པར་བུ་མོ་དེ་འཚོལ་བར་འགྲོ་རྒྱུ་ཡིན་ཡང་སྲིད། དེང་སྐབས་བཀྲ་རྒྱལ་གྱི་གཅུང་མོ་གཉིས་སློབ་གྲྭར་སོང་བ་དང་། བཀྲ་རྒྱལ་ཡང་ཕྱི་ལ་ཞོར་ལས་ལ་འགྲོ་དགོས་པའི་ཐོག ང་གཉིས་ཕ་མ་གཉིས་ཀྱི་གཟུགས་གཞིའང་དེ་ཙམ་མི་ཐང་སྟབས་ཁྱིམ་དུ་ལས་རོགས་ཤིག་དགོས་ངེས་འདུག དེ་ལྟར་ཡུལ་ལུང་མང་པོ་སྐོར་ཏེ་མནའ་མ་ཞིག་འཚོལ་མི་དགོས་པར། བཀྲ་ཤིས་རྒྱལ་པོས་རང་གི་དགའ་བའི་བུ་མོ་ཞིག་ཁྲིད་རྒྱུ་ཡོད་ན་གཅིག་གོ་ཉིས་ཆོད་ལོས་ཡིན་བསམས་ཏེ་ཁོའི་རེ་བར་མོས་མཐུན་བྱས།
བཀྲ་རྒྱལ་ཕ་ཡུལ་ནས་?ག་ཐོན་གྱིས་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོར་གནས་མཇལ་ཞུས་ཤིང་། གསེར་ཟངས་ལས་གྲུབ་པའི་རྒྱལ་བ་བྱམས་པའི་སྐུ་མདུན་དུ་ལག་གི་ཐལ་མོ་སྦྱར་ཏེ། སྙིང་ནས་བརྩེ་བའི་དགའ་མ་གཡང་ལགས་དང་ངོ་ཕྲད་ཡོང་བ་མ་ཟད། སླད་ཕྱིན་མི་ཚེ་མཉམ་སྐྱེལ་ཡོང་རྒྱུའི་གསོལ་བ་སྨོན་ལམ་རྩེ་གཅིག་ཏུ་བཏབ་སྟེ་སྟོད་ཕྱོགས་ལྷ་རྩེའི་ཕྱོགས་སུ་ཐོན།
ལྷ་རྩེར་འབྱོར་རྗེས་གང་སར་བཙལ་འཚོལ་བྱས་ཀྱང་། དེ་སྔ་གཡང་ལགས་ལྷ་རྩེ་རྫོང་ཁོངས་ནས་ཡིན་ཚུལ་ཙམ་ལས། ཤང་དང་། གྲོང་ཚོ། དེ་བཞིན་ཁྱིམ་ཚང་དང་མོའི་ཕ་མ་སྤུན་མཆེད་སོགས་ཀྱི་མིང་ཞིག་ཀྱང་གསལ་པོ་དྲི་རྒྱུ་མ་བྱུང་བར་བརྟེན་འཚོལ་ཐབས་གཏན་ནས་མེད་པས། རེ་བ་ཆེན་པོའི་ངང་ལྷ་རྩེའི་ས་ཕྱོགས་འགའ་ཞིག་བསྐོར་རྗེས། བློ་ཕམ་དང་བཅས་རང་ཡུལ་དུ་ཕྱིར་མི་ལོག་ཀ་མེད་ལ་གྱུར།
རང་ཁྱིམ་ལ་འབྱོར་རྗེས། ཕ་མ་གཉིས་ཀྱི་རེ་བ་བཞིན་བཀྲ་རྒྱལ་གྱི་རང་གཤིས་ལ་འགྱུར་བ་གཏན་ནས་བྱུང་མེད་པ་མ་ཟད། བཀྲ་རྒྱལ་རིད་ཅིང་ངོ་མདོག་དེ་བས་ཀྱང་ནག་ཏུ་སོང་འདུག་པའི་ཁར། དེ་སྔ་དང་མི་འདྲ་བའི་སྣང་ཚུལ་གཞན་ཞིག་ཡོད་པ་ནི། ཉིན་ལྟར་ཞོགས་པ་བཀྲ་རྒྱལ་སྔ་པོར་ལངས་ཤིང་མཆོད་ཁང་ནང་དུ་འཛུལ་ཏེ། སྔར་ལོ་ཁོས་ལྷ་ས་ནས་ཉོས་པའི་མཆོད་ཀོང་ནང་གི་མཆོད་མེ་དེ་བཞིན་སྤོ་བོ་ལགས་དང་རྨོ་བོ་ལགས་ཀྱི་ཆེད་དུ་བཞེངས་པའི་ཞལ་ཐང་དེའི་མདུན་དུ་ཕུལ་རྗེས། ལག་གིས་ཐལ་མོ་སྦྱོར་བ་དང་མིག་བཙུམས་ཤིང་ཁ་མུག་མུག་ལ་གསོལ་བ་སྨོན་ལམ་ཡུན་རིང་འདེབས་པར་བྱེད།
ལོ་དེ་འདི་ལྟའི་ངང་ལ་འདས་ཏེ་གནམ་ལོ་གསར་དུ་ཚེས་སོང་། གནམ་ལོ་གསར་དུ་ཚེས་པ་དང་དུས་མཚུངས་སུ་གྲང་རླུང་ཞིག་ཀྱང་ཤུ་གླུ་དང་བཅས་ས་གཞི་མ་མའི་མངལ་དུ་ཡང་ཡང་ལྡང་ཞིང་། ཐོག་ཁའི་ལྷ་ཚུགས་སྟེང་དུ་གསར་དུ་བཙུགས་པའི་དར་ལྕོག་དག་ལྷབ་ལྷབ་ལ་གཡོ་བཞིན་འདུག་པ་དང་། གྲོང་ཚོའི་སྲང་ལམ་དང་དེ་བཞིན་གྲོང་ཚོ་དང་མི་རིང་བའི་ས་ཞིང་ཐོག་ཐལ་རྡུལ་ཞིག་རླུང་ཕྱོགས་དང་བསྟུན་ཏེ་འཚུབ་ཀྱིན་འདུག
སྐྱེ་བོ་གཞན་གྱི་ངོས་ནས་བརྗོད་ན། དུས་ཚོད་ནི་གཞུ་ལས་བྲལ་བའི་མདའ་མོ་བཞིན་དུ་སྐད་ཅིག་སྐད་ཅིག་གི་ཚུལ་དུ་འདས་ཀྱང་། བཀྲ་རྒྱལ་གྱི་སེམས་ནང་ཉི་མ་རེ་རེ་ཡང་དེ་ལྟར་མཐའ་མེད་རེ་སྒུག་གི་ངང་ལ་སྐྱེལ་དགོས་དུས། མུ་མཐའ་མེད་པའི་རེ་སྒུག་ནི་སེམས་ཁོང་དུ་ཟད་མཐའ་མེད་པའི་མནར་གཅོད་དྲག་པོ་ཞིག་ཡིན་པས། འཁྱོལ་དཀའ་བའི་ཉི་མ་རེ་རེ་ནི་འདི་ལྟར་ལོ་བཞིན་རིང་བའི་སྣང་བ་དང་བཅས། འདས་སུ་ཟིན་པའི་ལོ་དེ་རེ་སྒུག་དང་རེ་བ། བློ་ཕམ་དང་སེམས་སྡུག སླར་ཡང་རེ་བ་དང་རེ་སྒུག བློ་ཕམ་དང་སེམས་སྡུག་བཅས་ཀྱི་ཁྲོད་དུ་རིམ་བཞིན་འདས་ནས་སོང་།
གནམ་ལོ་གསར་བ་དང་བསྟུན། ཐག་རིང་གི་གྲོང་ཚོ་ཆུང་ཆུང་འདིའང་སྔར་མེད་འཁྲུག་ཆ་དོད་ཅིང་། མི་རྣམས་ལོ་གསར་གོང་གི་གད་ཕྱིས་གཙང་སྦྲ་དང་། ཁྱིམ་གྱི་གྱང་དང་ཀ་གདུང་སོགས་སུ་དཀར་རྟགས་སྒྲོན་པ། ལུག་མགོ་དང་། གྲོ་སོ་ཕྱེ་མར། སྡེར་ཁ་བསྒྲིགས་པ། ཤམ་བུ་དང་དར་ལྕོག་བཙུགས་པ་སོགས་ལོ་གསར་པའི་བཀྲ་ཤིས་རྟེན་འབྲེལ་གྱི་འདུ་ལོང་ཁྲོད་དུ་གནས།
ལོ་གསར་ཚེས་གསུམ་གྱི་ཞོགས་པར་ཁྱིམ་ཚང་སོ་སོས་ཞོགས་པ་སྔ་པོ་ནས་ལངས་ཏེ་སྟེང་ལྷ་གསོལ་ཞིང་། ཉིན་མོ་བཀྲ་རྒྱལ་དང་ཁོའི་ལས་རོགས་རྣམས་མཉམ་འཛོམས་ཀྱིས་གནམ་ལོ་གསར་པ་དགའ་གཏོང་བྱས། དེ་ཉིན་ནི་གནམ་ལོ་གསར་པ་བསུ་བའི་བཀྲ་ཤིས་དགའ་འཛོམས་ཀྱི་ཉིན་མོ་ཡིན་པས། བཀྲ་རྒྱལ་ཡང་ལས་རོགས་གཞན་དང་འདྲ་བར་ལུས་ལ་སྣམ་གོས་གསར་རྐྱང་ཆ་ཚང་དང་། རྐང་པར་ཀོ་ལྷམ། མགོ་བོར་ཞྭ་མོ་རྒྱ་སེ་སོགས་ཀྱིས་ལེགས་པས་སྔར་མེད་ཀྱི་ཕོ་ཉམས་ཤིག་མངོན་མོད། དེའི་ལྡོག་ཟླར་གྱུར་བ་ནི་ཁོའི་རྣམ་འགྱུར་ཏེ། བཀྲ་ཤིས་མཉམ་འཛོམས་ཀྱིས་གནམ་ལོ་གསར་པ་བསུ་བའི་རྟེན་འབྲེལ་མཚོན་ཆེད། ངོ་གདོང་ཐོག་བཙན་ཚུགས་ཀྱིས་འཛུམ་ཞིག་བསྡུས་ཀྱང་། ཁོའི་སེམས་ནང་གཞན་ལ་ཤོད་དུ་མེད་པའི་སེམས་ནད་ཆེན་པོ་ཞིག་ཡོད་པ་གསལ་པོར་མངོན་འོང་།
ཉིན་མོ་ཕོ་གཞོན་རྣམས་ཤོ་རྒྱན་ཆུང་ཆུང་བཙུགས་ཐོག་ཆང་ཁྲིམས་དང་བཅས་ཤོ་རྩེད་ལ་རོལ། དང་ཐོག་བཀྲ་རྒྱལ་ཡང་མཉམ་དུ་ཤོ་རྩེད་ལ་རོལ་མོད། ཉིན་གུང་ཞལ་ལག་གྲུབ་སྟེ་མཇལ་ཞུ(ཞལ་ལག་གྲུབ་རྗེས་ངེས་པར་ཞུ་དགོས་པའི་ཆང་སྐལ)ཞུས་རྗེས། ཤོ་རྩེད་རྩེ་འདོད་མི་འདུག་ཅེས་ཁོ་རང་གཅིག་པུར་ཆང་ཞབས་ཐག་བརྒྱབ་སྟེ་བསྡད་པས་རིང་པོར་མ་སོང་བར་ཁོ་ཡོངས་སུ་བཟི། བཀྲ་རྒྱལ་བཟི་དྲགས་པའི་དབང་གིས་དགོང་མོ་རང་ཁྱིམ་ལ་ལོག་དུས་གོམ་པ་སྤོ་རྒྱུ་ལྟ་ཅི་རྐང་པའང་འཛུགས་མི་ཐུབ། ཕོ་གཞོན་ཚོས་ལ་ལས་རེས་མོས་ཀྱིས་རྒྱབ་ཏུ་འཁུར། ལ་ལས་རྐང་པ་ལས་འདེགས་རོགས་དང་ལུས་པོ་ནས་སྐྱོར་རོགས་ཀྱིས་རང་ཁྱིམ་ལ་བསྐྱལ།
ཕ་མ་གཉིས་ཀྱིས་བཀྲ་རྒྱལ་བཟི་སྟེ་རོ་ལྟར་གྱུར་ནས་ཡོད་པ་མཐོང་དུས་ཤིན་ཏུ་མི་དགའ་བར་གྱུར། ཕ་མ་གཉིས་དང་གཅུང་མོ་གཉིས་བཅས་ནང་མི་བཞི་པོས་ཕ་རུབ་བུ་རུབ་ཀྱིས་ལ་ལས་སྟོད་ནས་བཏེགས། ལ་ལས་སྨད་ནས་བཀྱགས། ལ་ལས་གཡས་གཡོན་གཉིས་ནས་བསྐྱོར་ཏེ་མལ་སར་སྙལ་དུས། བཀྲ་རྒྱལ་ནས་འདས་ཟིན་པའི་སྤོ་བོ་ལགས་དང་རྨོ་བོ་ལགས། དེ་བཞིན་གཡང་ལགས་ཟེར་བའི་བུ་མོ་ཞིག་གི་མིང་ནས་མང་དུ་འབོད་དེ་བཟི་གཏམ་དང་ཆིག་ལབ་མང་པོ་ཞིག་རྒྱག་གི་འདུག་པས། ཁོའི་ཕ་མ་གཉིས་ནས་བཀྲ་རྒྱལ་ལ་སེམས་སྡུག་ཆེན་པོ་ཡོད་པ་རྟོགས་ཏེ། ཐོག་མའི་ཁོང་ཁྲོ་དེའང་རིམ་གྱིས་སྙིང་རྗེར་འགྱུར་བ་མ་ཟད། ཁོའི་ཆེད་དུ་སེམས་ཁྲལ་ཡང་མང་དུ་བྱེད།
དགུན་དགྲ་བོ་འདྲ་བའི་གྲང་ངར་གྱི་གནས་ལས་རིམ་གྱིས་གྲོལ་རྗེས། ཕ་མ་འདྲ་བའི་དཔྱིད་དུས་དེའང་ག་ལེར་འཆར་བ་དང་བསྟུན། ས་གཞི་ཆེན་པོའི་ཞིང་དུ་དཔྱིད་ཀྱི་བུ་མོས་ལང་ཚོའི་དཔལ་ཡོན་ངོམ་པར་བྱེད། དཔྱིད་དུས་དེར་བཀྲ་རྒྱལ་ནས་སྔར་ལོ་དང་འདྲ་བར་ཞོགས་སྔ་ལངས་དང་དགོང་ཕྱི་ཉལ་གྱིས་ལུད་འདོན་རྒྱུ་དང་། ཞིང་ནང་སྐྱེལ་འདྲེན། ས་ཞིང་རྨོ་འདེབས་སོགས་བྲེལ་འཚུབ་ཆེ་བའི་དཔྱིད་ལས་ནང་ཧུར་བརྩོན་གྱིས་བཞུགས། དཔྱིད་ལས་གྲུབ་ནས་མི་རིང་བར། བཀྲ་རྒྱལ་དང་ཁོའི་ལས་རོགས་རྣམས་འཆར་ཅན་བཞིན་?ག་ཆས་བསྒྲིགས་ཏེ་ནག་ཆུར་ཞོར་ལས་ཡོང་འབབ་གསོག་པར་ཐོན།
ནག་ཆུར་འབྱོར་རྗེས། ཐོག་མའི་ཉིན་ཤས་ནང་བཀྲ་རྒྱལ་གྱིས་ལས་རོགས་ཚོ་དང་མཉམ་དུ་ལས་ཀ་འཚོལ་ཞོར། རེ་བ་ཆེན་པོས་གཡང་ལགས་ཐུག་ཆེད་དམ་ཡང་ན་མོའི་སྐོར་གྱི་གནས་ཚུལ་འདྲ་ཤེས་རྟོགས་ཐུབ་ཆེད། ཡུལ་གཞན་ནས་འདི་ཁུལ་དུ་ཡོང་འབབ་གསོག་པར་ཡོང་བ་ཞིག་ཡིན་ཕྱིན་རེ་བ་ཆེན་པོའི་ངང་དེ་གར་སོང་སྟེ་བཙལ་འཚོལ་ལྟ་ཉན་བྱས་ཀྱང་། མི་ཚང་མས་མགོ་བོ་ཕྲེད་དུ་གཡུགས་ཏེ་མཐོང་མ་བྱུང་དང་ཆ་རྒྱུས་མེད་ཟེར། དེ་ལྟར་བཀྲ་རྒྱལ་གྱི་རེ་བ་ཚང་མ་རེ་རེ་བཞིན་དུ་སྟོང་ཟད་དུ་གྱུར་ཏེ་སླར་ཡང་བློ་ཕམ་གྱི་ཁྲོད་དུ་གནས།
དེ་ལྟར་བཀྲ་རྒྱལ་ཡིད་ཐང་ཆད་དེ་ཡོད་པའི་དུས། དེ་ཉིན་ཁོ་ཚོའི་ལས་ཡུལ་དུ་ཕོ་གཞོན་གཉིས་ལས་ཀ་འཚོལ་དུ་སླེབས། དེའི་ནང་ནས་ལོ་ཅུང་རྒན་པའི་ཕོ་གཞོན་དེ་བཀྲ་རྒྱལ་ནས་ངོ་ཐག་ཆོད། ཕོ་གཞོན་དེ་ནི་ལོ་གཉིས་ཀྱི་གོང་དུ་ཤན་རྩ་རྫོང་དུ་འབྲོག་པའི་སྡོད་ཁང་བརྒྱབ་དུས་མཉམ་དུ་ལས་ཀ་ལས་མྱོང་བའི་ཕོ་གཞོན་ཞིག་ཡིན་པ་མ་ཟད། དེ་དུས་ཁོ་ནི་གཡང་ལགས་དང་བཅས་མཉམ་དུ་ཡོང་བ་ཞིག་ཡིན་པས། བཀྲ་རྒྱལ་ནས་ཕོ་གཞོན་དེ་མཐོང་མ་ཐག་དགའ་སྣང་དང་རེ་བ་ཆེན་པོས་གཡང་ལགས་ཀྱི་སྐོར་མང་དུ་དྲིས། དང་ཐོག་ཕོ་གཞོན་དེས་དེའི་ཐད་ཀྱི་གནས་ཚུལ་མང་པོ་བཤད་འདོད་མེད་པའམ། ཁོའི་ལས་རོགས་ཕོ་གཞོན་དེའི་མདུན་དུ་དེ་དོན་མང་པོ་གླེང་མི་བདེ་བའི་ཚུགས་ཀ་བསྟན། བཀྲ་རྒྱལ་གྱིས་ཁོའི་སེམས་དོན་རྟོགས་ཏེ་ཚ་འདེད་བྱེད་ཐབས་མེད་པ་ཤེས་ནས་རེ་ཞིག་དེ་མུར་མི་འཇོག་ཀ་མེད་ལ་གྱར།
དགོང་དྲོ་དེར་ལས་མཚམས་བཅད་རྗེས། བཀྲ་རྒྱལ་གྱིས་ཆེད་དུ་ཕོ་གཞོན་དེ་གཅིག་བུ་སྐད་བཏང་སྟེ་གཡང་ལགས་ཀྱི་གནས་ཚུལ་འདྲི་དུས། ཕོ་གཞོན་དེས་སྨྲས་པར། ལོ་གཉིས་ཀྱི་གོང་གཡང་ལགས་འདི་ཁུལ་དུ་ཡོང་འབབ་གསོག་པར་མ་ཡོང་གོང་ནས་གཉེན་སྒྲིག་མ་བྱས་པ་མ་གཏོགས། མོའི་ཕ་མ་གཉིས་པོས་གཡང་ལགས་འབྱོར་རྒྱས་ཟེར་བའི་གྲོང་ཚོའི་ནང་གི་ཁྱིམ་ཚང་ཕྱུག་པོ་ཞིག་ཡོད་པ་དེའི་བུ་དོན་གྲུབ་ཅེས་པའི་མནའ་མར་སྦྱིན་རྒྱུར་ཁས་བླངས་ཟིན། ཁྱིམ་ཚང་དེ་ནི་གྲོང་ཚོ་དེ་ཙམ་མ་ཟད་ཤང་དེ་ཡོངས་ནས་བརྗོད་ཀྱང་ཕྱུག་པོའི་དུད་ཚང་གི་གྲས་སུ་གཏོགས་ཤིང་། ཁྱིམ་ཚང་དེར་དེང་དུས་ཚོང་གཉེར་ལ་མཁས་པའི་ཕ་བུ་དང་། འཐག་ལས་ལ་འཇོན་པའི་མ་དང་བུ་མོ་ཡོད་པ་མ་ཟད། མེས་པོས་བཞག་པའི་གསེར་དངུལ་ཟངས་ཆས་ལ་སོགས་པའི་རྙིང་ཆས་ཀྱང་མང་པོ་ཡོད་སྟབས། གཡང་ལགས་ཀྱི་ཕ་མ་གཉིས་ནས་རང་གི་བུ་མོ་སྔ་ས་ནས་ཁྱིམ་ཚང་དེའི་བུའི་མནའ་མར་སློང་རྒྱུར་ཁྱིས་སྐྱུགས་པར་སྒུག་པར་ལྟར་སྒུག་སྟེ་ཡོད་པས། ཁྱིམ་ཚང་དེས་བུ་མོ་མནའ་མར་སློང་མ་ཐག་རབ་ཏུ་དགའ་སྟེ་ཡོངས་སུ་མོས་མཐུན་དང་བཅས། ལོ་རྗེས་མའི་ལོ་གསར་སྐབས་གཉེན་སྒྲིག་མཛད་སྒོ་སྤེལ་རྒྱུར་གཏན་འཁེལ་བྱས།
ལོ་དེར་གཡང་ལགས་དང་ང་ཚོ་ནག་ཆུ་ནས་ཕ་ཡུལ་དུ་འབྱོར་རྗེས། ཁ་ལ་སྒོ་ལྕགས་མེད་པའི་ལས་རོགས་སུ་ཞིག་གིས་གཡང་ལགས་དང་ཁྱེད་རང་སྐོར་གྱི་གསང་གཏམ་ཕྱི་ལ་བཀྲམས་པའམ། ཡང་ན་ཁོ་ཚང་ངམ་གཡང་ལགས་ལ་ཞེ་སྡང་ཕྲག་དོག་ཆེ་བའི་མི་སུ་ཞིག་གིས་གཡང་ལགས་ཁྱིམ་ཚང་ཆེན་པོ་དེ་འདྲ་ཞིག་གི་མནའ་མར་འགྱུར་བར་མིག་ཚ་བ་ཅི་ཡིན་མི་ཤེས་པར། གང་ལྟར་གཡང་ལགས་ནག་ཆུར་ཡོང་འབབ་གསོག་རིང་། ཕ་ཡུལ་རྣམ་གླིང་ནས་ཡིན་པའི་ཕོ་གཞོན་ཞིག་དང་འབྲེལ་འདྲིས་ཤིན་ཏུ་ཟབ་པ་མ་ཟད། ཚུལ་མིན་གྱི་བྱ་བའང་བྱུང་ཚུལ་གྱི་གཏམ་ཞིག་གྲོང་ཚོའི་ནང་གང་སར་ཁྱབ། གཏམ་དེ་གཡང་ལགས་ཀྱི་ཕ་མ་དང་དགའ་ཉེ་སྤུན་མཆེད་ཚོའི་རྣ་བར་ལྷུང་རྗེས། མོའི་ཕ་མ་སྤུན་མཆེད་ཚོས་གཡང་ལགས་ལ་གནས་ཚུལ་དེ་ངོ་མ་ཡིན་མིན་གྱི་གཏམ་སྣ་ཚོགས་དྲིས་པ་མ་ཟད། "ཕ་མའི་རྐང་འདྲེན་དང་། མེས་པོའི་ཞབས་འདྲེན"ཟེར་ནས་གཤེ་གཤེ་མང་དག་ཞིག་བཏང་། གཡང་ལགས་མནའ་མར་སློང་མཁན་འབྱོར་རྒྱས་ཟེར་བའི་ཁྱིམ་ཚང་དེའི་ཕ་མ་གཉིས་ཀྱིས་གནས་ཚུལ་དེ་ཤེས་རྗེས། ཆེད་དུ་གཡང་ལགས་ཀྱི་ཕ་མ་གཉིས་བཙལ་ཏེ་རྣ་ལ་མི་སྙན་ཞིང་སྙིང་ལ་ཕོག་ཆེ་བའི་གཏམ་མང་པོ་ཞིག་སྨྲ་བར་བྱེད་མོད། གཡང་ལགས་དང་ཕོ་གཞོན་དེའི་བར་ཚུལ་མིན་གྱི་བྱ་བ་བྱུང་མིན་ར་སྤྲོད་བྱེད་ཐབས་མེད་པས། དོན་དེ་རེ་ཞིག་དེ་ལྟའི་ཚུལ་དུ་མི་འཇོག་ཀ་མེད་ལ་གྱུར།
དོན་དེ་ཡང་སྙིང་སུ་ཞིག་གིས་གྲོང་ཚོའི་ནང་བསྒྲགས་མིན་ཐད། ལས་རོགས་ཚོའི་བར་ལ་བཤད་ཚུལ་མི་འདྲ་བ་སྣ་ཚོགས་བྱུང་ཐོག ཕན་ཚུན་བར་ལ་ཁ་རྩོད་དང་བཅས་ར་སྤྲོད་ཐེངས་མང་བྱེད་གོས་བྱུང་བས། ལས་རོགས་ཕན་ཚུན་བར་ལ་འགལ་ཟླ་འཁོན་འགྲས་ཆེན་པོ་བྱུང་སྟེ། སྔར་འཆམ་མཐུན་ཆེ་བའི་ཁྱིམ་ཚང་མི་ཉུང་བ་ཞིག་དོན་རྐྱེན་དེའི་རྐྱེན་པས་རྣམ་རྟོག་དགྲ་རུ་ལངས་ཏེ་ཁ་ལབ་ལྟ་ཅི། འཁོན་འགྲས་ཆེན་པོས་ཕན་ཚུན་ཐུག་དུས་མིག་ལོག་ལྟ་བར་བྱེད། དེ་ནས་བཟུང་དེ་སྔའི་ལས་རོགས་རྣམས་ཀྱང་ཁ་འཐོར་རྒུ་འཐོར་ལ་སོང་།
ལོ་དེའི་ལོ་གསར་གྱི་དུས་སུ་སྔ་ས་ནས་གཏན་འཁེལ་ཟིན་པ་བཞིན་གཡང་ལགས་འབྱོར་རྒྱས་ཚང་གི་བུའི་མནའ་མར་བླངས་ཏེ་གཉེན་སྒྲིག་རྟེན་འབྲེལ་བྱས་པ་མ་ཟད། དུས་དེ་ནས་བཟུང་འབྱོར་རྒྱས་ཚང་གི་ཁྱིམ་མི་ཚོའི་ཤུགས་ཆེའི་བཀག་འགོག་དང་གནོན་ཤུགས་འོག གཡང་ལགས་ཕ་ཡུལ་དུ་ལས་ཀ་ཙག་ཙིག་ཁོ་ན་མ་གཏོགས་ཕྱི་ལ་ཡོང་འབབ་གསོག་པར་འགྲོ་རྒྱུའི་སྐལ་བ་དང་ཡོངས་སུ་བྲལ། མ་ཟད་གཡང་ལགས་ཁྱིམ་ཚང་དེའི་མནའ་མར་བསུས་ཏེ་ལོ་ཕྱེད་ལྷག་ཙམ་ལས་མ་སོང་བར་ཕྲུ་གུ་བུ་ཞིག་བཙས་པས། དེ་སྔ་ར་སྤྲོད་དཀའ་བའི་དོན་དག་མང་པོ་ཞིག་ད་གཟོད་དགུན་ཆུ་ཆད་པའི་གྲམ་?་བཞིན་མི་རྣམས་ཀྱི་མིག་ལམ་དུ་གསལ་ལྷང་ངེར་བུད་པས། གྲོང་ཚོའི་ནང་སླར་ཡང་འུར་ཆ་ཆེན་པོ་ཞིག་ལངས་སོང་། འུར་ཆ་ཆེན་པོ་དེ་དང་བསྟུན་ཏེ་ཕྱོགས་གཉིས་པོའི་ཕ་མ་སྤུན་མཆེད་དང་། ལྷག་པར་དུ་གཡང་ལགས་ཀྱི་མག་པ་དོན་གྲུབ་གྲོང་ཚོའི་མི་རྣམ་ཀྱི་མདུན་དུ་ངོ་གདོང་སྟོན་དཀའ་བའི་གནས་སུ་ལྷུང་། དེའི་རྐྱེན་པས་ད་ཆ་གཡང་ལགས་ཁྱིམ་ཚང་དེའི་ནང་མནའ་མ་ཡིན་ཡང་གཡོག་མོའི་མཐོང་ཡང་མེད་པ་མ་ཟད། མོའི་སྒྱུག་པོ་སྒྱུག་མོའི་རྫོགས་རྒྱུ་མེད་པའི་གཤེ་གཤེ་དང་། ཟླ་བོའི་ངན་སྨྲས་དང་ཉེས་རྡུང་འོག་གཡང་ལགས་ཉིན་ལྟར་མིག་ཆུ་དང་བཅས་ཡ་ང་བའི་ཚུལ་དུ་འདུག་ཟེར།
ཕོ་གཞོན་དེའི་གཏམ་དེ་དག་ཐོས་རྗེས། བཀྲ་རྒྱལ་ནི་སྔར་མེད་སེམས་སྡུག་དང་བཅས་ཁོའི་ཆེས་མཐའ་མའི་རེ་བ་ཕྲན་བུ་དེའང་སད་ཀྱིས་འཁྱེར་བའི་མེ་ཏོག་བཞིན་རྨེག་མེད་ལ་བཅོམས་པས། ཕོ་གཞོན་དེས་བཤད་རྒྱུའི་དོན་རྣམས་ཚང་མ་བཤད་ཟིན་ནའང་བཀྲ་རྒྱལ་ནི་ཕུ་ཤོར་བའི་སྒང་བུ་ཞིག་དང་འདྲ་བར་རང་སོར་འགུལ་མེད་ཚོར་མེད་ངང་དུ་གནས། ཕོ་གཞོན་དེས་བཀྲ་རྒྱལ་གྱི་ཚུལ་དེ་མཐོང་རྗེས་ཁོ་ལ་ཅི་ཞིག་བཤད་དགོས་པའང་མི་ཤེས་པས། ཁོས་བཀྲ་རྒྱལ་ལ་བལྟས་ཏེ་དབུགས་རིང་ཞིག་འཐེན་རྗེས་ཡར་ལ་ལངས་ཏེ། སེམས་གསོའི་ཚུལ་དུ་བཀྲ་རྒྱལ་གྱི་དཔུང་པར་ཅག་ཅག་འགའ་བྱས་རྗེས་རང་གནས་སུ་ལོག
དེ་ཉིན་ནས་བཟུང་བཀྲ་རྒྱལ་དེ་བས་ཀྱང་བློ་སེམས་མི་བདེ་བའི་ཐོག སེམས་ནང་སྔར་མེད་ཀྱི་སྡུག་བསྔལ་ཞིག་གིས་མནན་ཏེ། མིག་ལམ་དུ་ཉིན་ལྟར་དཀའ་སྡུག་དང་ཉེས་རྡུང་འོག་མཆི་མ་ལྷུང་ལྷུང་འབབ་པའི་གཡང་ལགས་ཀྱི་རྣམ་པ་ཞིག་འཆར་ནས། དེ་མ་ཉིད་དུ་གཡང་ལགས་ཀྱི་གམ་དུ་སླེབ་ན་ཅི་མ་རུང་བསམས་ཏེ་བློ་སེམས་ལས་ཀའི་ཐོག་ཏུ་གནས་པར་དཀའ།
མི་རིང་བར་དོན་དེ་བཀྲ་རྒྱལ་གྱི་ལས་རོགས་ཚང་མས་ཤེས་རྗེས། ལ་ལས་ཁོ་ལ་སེམས་གསོ་བྱེད་པ་དང་། འགའ་རེས་ཟུར་ཟ་འཕྱ་དམོད་ཀྱང་བྱེད། དགའ་བའི་སེམས་གསོ་དང་སྡུག་པའི་འཕྱ་དམོད་གང་ཞིག་ཡིན་ནའང་། ད་ཆ་བཀྲ་རྒྱལ་གྱི་ངོས་ནས་བཤད་ན་ཚང་མ་ཕོག་ཐུག་དང་མནར་གཅོད་ཆེན་པོ་ཞིག་ཡིན་པས། དེའི་ཐད་ཀྱི་གནས་ཚུལ་གླེང་རིམ་བཞིན་བཀྲ་རྒྱལ་གྱི་སེམས་པ་གྲང་རྐྱང་ལ་གྱུར་བའི་སྣང་བ་ཁོ་ན་ལས་མ་འདས།
དུས་དེ་ནས་བཟུང་བཀྲ་རྒྱལ་གྱིས་སྦྱིན་བདག་གི་ས་ནས་ལས་ཀའི་གླ་ཆ་སྔ་བསྣུར་དུ་བླངས་ཏེ་གཞན་གྱི་ས་ནས་འཕྲུལ་རྟ་རྙིང་པ་ཞིག་ཉོས། ལས་མཚམས་བཅད་རྗེས་དང་སྐབས་རེ་གནམ་གཤིས་སོགས་ཀྱི་རྐྱེན་པས་ལས་མེད་ངལ་གསོའི་སྐབས་སུ། ཁོས་འཕྲུལ་རྟ་རྙིང་པ་དེར་བཞོན་ཏེ་ལས་ཡུལ་ནས་དེ་ཙམ་མི་རིང་བའི་གྲོང་བརྡལ་དེའི་ཆང་ཁང་ནང་དུ་ཆང་རག་གྲོགས་སུ་བརྟེན་ནས་སེམས་སྡུག་སེལ་ཐབས་བྱེད་ཅིང་། གྲོང་རྡལ་གྱི་ཆང་ཁང་ནས་ལས་ཡུལ་དུ་ལོག་རིམ་བཞིན་ར་མ་བཟི་བའི་དུས་ཧ་ལམ་མེད། བརྡབས་སྐྱོན་ཐེངས་མང་བྱུང་བའི་དབང་གིས་ད་ཆ་ཁོ་རང་གི་ལུས་གང་སར་རྨ་ཤུལ་ཆེ་ཆུང་སྣ་ཚོགས་ཀྱི་ཐོག ཁོའི་འཕྲུལ་རྟ་རྙིང་པ་དེའང་རྩི་བུད་ཅིང་ལྕགས་གཟེར་མི་ཉུང་བ་ཞིག་བོར་བརླགས་སུ་སོང་སྟབས་གང་སར་ལྕགས་སྐུད་ཀྱིས་བསྡམས་ཏེ། ཁོ་རང་མིན་ན་མི་གཞན་གྱི་ངོས་ནས་བཤད་ན་ཞོན་ཐབས་མི་འདུག་ལ་བཞོན་ཀྱང་ག་ལ་ནུས།
ལས་རོགས་ཚོའི་སེམས་ནང་ད་ནི་བཀྲ་རྒྱལ་ལ་ཁ་ཏ་བསླབ་བྱ་ཡག་པོ་ཞིག་མ་བྱས་ཚེ་ཕ་ཡུལ་ལ་ལོག་དུས་ཁོ་ལ་ཡོང་འབབ་ལྟ་ཅི། བཀྲ་རྒྱལ་གྱི་རོ་ཙམ་ལས་སྟོན་རྒྱུ་མི་ཡོང་བ་འདུག་བསམས་ཏེ། ལས་རོགས་ཚང་མས་གོ་སྐབས་ཡོད་རིམ་བཞིན་དུ་སྐབས་རེ་མང་པོ་མཉམ་དུ་དང་། སྐབས་རེ་མི་སྒེར་སོ་སོས་བཀྲ་རྒྱལ་ཟུར་ལ་ཁྲིད་དེ་ཁ་ཏ་བསླབ་བྱ་བྱེད་པ་མ་ཟད། བཀྲ་རྒྱལ་གྲོང་རྡལ་ནང་དུ་ཆང་རག་འཐུང་བར་འགྲོ་རྩིས་བྱེད་དུས། གོ་བསྐོན་སློབ་གསོ་དང་བཅས་བཀག་འགོག་དང་བཤོལ་འདེབས་གང་ཡོང་བྱེད། ཡིན་ནའང"མཁྲིས་ནད་ཅན་གྱིས་གངས་རི་སེར་པོར་མཐོང"ཟེར་བའི་དཔེ་བཞིན། བཀྲ་རྒྱལ་གྱིས་ལས་རོགས་ཚོའི་བཟང་པོའི་བསླབ་བྱ་ངན་པའི་གཏམ་ལ་གོ་བའི་དབང་གིས། ཕོ་བའི་སྨན་ལ་མ་སོང་བར་མཆིན་པའི་དུག་ལ་གྱུར་བའི་དཔེ་ལྟར། ཁོས་ལས་རོགས་ཚོའི་ཁ་ཏ་བསླབ་བྱ་དང་ལེན་བྱེད་རྒྱུ་ལྟ་ཅི། ལས་རོགས་ཇུས་མེད་ཇུས་དཀྲིས་ཀྱིས་རང་ཉིད་ལ་འཕྱ་དམོད་ཟུར་ཟ་ཙམ་མ་ཟད་གཅུན་འདོམ་ཡང་བྱེད་ཀྱི་འདུག་བསམས་ཏེ། ཆང་རག་མེད་པར་སྐམ་དུས་སུ་ཁ་ལན་སློག་པ་དང་ར་བཟི་རྗེས་སྐྱུར་འགོང་ཤོད་ཀྱང་བྱེད་པས། ལས་རོགས་ཚོས་བཀྲ་རྒྱལ་ནི་ལེགས་ཉེས་མི་ཤེས་པ་སྟེ། བོང་བུ་བསླངས་པའི་དགའ་ཚོར་མེད་པར། མཇུག་མ་ཕུད་པའི་ཡ་ལ་ཟེར་བའི་དཔེ་རུ་མཐོང་སྟེ། བཀྲ་རྒྱལ་དང་ལས་རོགས་ཚོའི་བར་གྱི་འབྲེལ་བ་དེའང་ཇེ་ཞན་ཇེ་སྡུག་ལ་སོང་།
མི་རིང་བར་བཀྲ་རྒྱལ་གྱིས་ལས་རོགས་ཚང་མ་ཧ་ལས་ཧང་སངས་དགོས་པའི་བྱ་བ་ཞིག་བྱས་སོང་བ་ནི། ལས་རོགས་ཚོས་བཀག་ཀྱང་མི་ཁོག་པར་ཁོས་ལས་རོགས་ཚོ་དང་བྲལ་ཏེ། ཡ་ང་བའི་འཕྲུལ་རྟ་རྙིང་པ་དེའི་སྟེང་མལ་གོས་དང་བཟའ་བཅའ་ལྷག་མ་རྣམས་བཀལ་ནས་ཁོ་རང་གཅིག་བུར་གནས་གཞན་ལ་ལས་ཀ་འཚོལ་དུ་སོང་།
(མུ་འགོད)