སྲོག་བླུ་བ།

ཇ་ལོ། (སྐྱེ་རྒུ) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 12-14


        ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཚོང་པ་མང་པོ་ཞིག་གིས་ཉེ་བའི་ལོ་འགའ་ཡི་རིང་ལ་ཡང་ཚོང་ལས་གསར་པ་ཞིག་རྙེད་འདུག་པ་དེ་ནི་ཆུ་ནང་གི་ཉ་དང་འབུ་ཕྲན་མང་པོ་བཟུང་སྟེ།  ཚོང་ར་ནས་འཚོང་བཞིན་འདུག  བོད་མི་ཚོས་རྒྱུན་དུ་ཚོང་ར་དེ་ལས་ཉ་དང་འབུ་ཕྲན་སོགས་ཀྱི་སྲོག་བླུས་ཏེ་ཆུའི་ནང་དུ་གཏོང་བཞིན་འདུག

        ཉིན་ཞིག  ཨ་ཁུ་ཚེ་རིང་གིས་ཀྱང་ཚོང་ར་ནས་ཉ་འགའ་བླུས་ཏེ་ཉེ་འགྲམ་ཆུའི་ནང་དུ་གཏོང་གྲབས་བྱེད་དུས།  གྲྭ་པ་ཞིག་གིས"ཨ་ཁུ།  ཁྱེད་ཀྱིས་ཉ་འདི་དག་ད་ལྟ་ཆུ་ནང་དུ་བཏང་ན་ཡང་།  སང་ཉིན་ཁོ་ཚོས་སླར་ཡང་བཟུང་ཏེ་འདི་ནས་བཙོང་ངེས་རེད།  དེ་ལས་རང་ཁྱིམ་གྱི་ཁྲོན་པའི་ནང་དུ་གསོས་ན་མི་ལེགས་སམ"ཟེར་བས།  ཁོས་ཀྱང་བདེན་པ་སྙམ་ནས་རང་ཁྱིམ་གྱི་ཁྲོན་པའི་ནང་དུ་བཏང་།  དེ་ནས་ཁོ་རང་ཡིད་ཚིམ་པའི་སྒོས་ལུག་ཤ་རྐང་ཡ་ཞིག་ཁྱེར་ཡོང་ནས་ཉ་ལ་སྟེར་རྩིས་བྱས།  ཆུང་མས"ཨ།  ཚེ་རིང་།  ད་སྐབས་ང་ཚོ་མི་ལ་ཤ་བཟའ་རྒྱུ་དེ་འདྲ་མེད་དུས།  ཉ་ལ་དེ་ཙམ་སྟེར་རྒྱུ་ག་ལ་ཡོད།"ཅེས་མ་རངས་པར་བཤད།  ཚེ་རིང་ཅུང་ཁྲོས་ནས་ཟེར་རྒྱུར"འོ་ན།  འདྲེ་མོ་ཁྱོད་ཀྱིས་ཉ་འདི་ཚོ་ལྟོགས་ནས་འཆི་རུ་འཇུག་རྒྱུ་ཡིན་ནམ"སྐབས་དེར།  སྤྱང་གྲུང་ལྡན་པའི་བུ་ཆུང་ཉི་མས"ཨ་ཕ།  ཨ་མ།  དེ་འདྲའི་སེམས་ཁྲལ་བྱེད་དགོས་དོན་ཅི་ཡོད།  ད་ཅི་ཚོང་རའི་ནང་དུ་ཉ་འབུ་མང་པོ་བཙོང་རྒྱུ་ཡོད་པ་མ་ཡིན་ནམ"ཟེར་བས།  ཨ་ཁུ་ཚེ་རིང་གི་གདོང་ལ་སླར་ཡང་འཛུམ་མདངས་ཤིག་ཤར་ནས།  "རེད།  རེད།  ངའི་བུ་འདི་རིག་པ་གྲུང་པ་ལ་ལྟོས་དང"ཟེར་བཞིན།  བུ་ཆུང་ཉི་མ་ཉ་འབུ་ཉོ་བར་བཏང་།  ཡུད་ཙམ་འགོར་རྗེས།  ཉི་མས"ད་ལྟ་ཚོང་ར་ན་ཉ་འབུ་བཙོང་རྒྱུ་མི་འདུག"ཟེར་ནས་ཚུར་སླེབས་འདུག  ཨ་ཁུ་ཚེ་རིང་གིས་མགོ་བོ་བཏེགས་ཏེ་གནམ་ལ་ལྟ་བཞིན་བསམ་བློ་ཞིག་བཏང་རྗེས་ཉི་མ་ལ།  "བུ།  ཁྱོད་རྒྱུན་དུ་ཆུ་འགྲམ་དུ་འགྲོ་རྒྱུ་དགའ་པོ་ཡོད།  དེ་རིང་གནམ་ངོ་ཡང་ཡག་པོ་འདུག  ཁྱོད་ཀྱིས་ནུ་མོ་ཁྲིད་ནས་སོང་སྟེ།  ཉ་འབུ་མང་ཙམ་བཟུང་ནས་མྱུར་དུ་ཁྱེར་ཤོག"ཟེར་ནས་ཉ་འབུ་འཛིན་པར་བཏང་རྗེས།  ལག་གི་ཕྲེང་བ་འདྲེན་བཞིན་སླར་ཡང་མ་ཎི་ཡིག་དྲུག་གི་དབྱངས་རྟ་ངག་ནས་གྱེར་རོ། 

།རྩོམ་སྒྲིག་འགན་འཁུར་བ།  ཀུན་ཁྱབ།  བསྟན་པ་ཡར་རྒྱས།


རྩོམ་ཡིག་སྔོན་མ།
ང་ཡི་ཉི་མ་ནུབ་སོང་།
རྩོམ་ཡིག་རྗེས་མ།
ཟུར་བཟའ།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1