རིམ་ཁག་འགོ་ཁྲིད་ཀྱིས་མཛུབ་སྟོན་གནང་། མང་ཚོགས4600གནོད་གཡོལ་བྱས།

རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 11-06


        གསར་འགོད་པས་ཁུལ་སྲིད་གཞུང་གི་གསར་འགྱུར་གཞུང་ལས་ཁང་ནས་ཤེས་གསལ་བྱུང་དོན། ཟླ་བ11པའི་ཚེས3ཉིན་གྱི་ཕྱི་དྲོའི་ཆུ་ཚོད5དང་སྐར་མ21ལ་འབྲི་ཆུའི་ཟླ་བ10པའི་ཚེས11ཉིན་པད་དགེ་ཆུ་བསྐྱིལ་མཚེའུ་ཆགས་སྐབས་གཞིས་སྲུང་ལྟ་དཔྱད་ཚད་ལེན་སའི་མི་སྣས་སྙན་སེང་ཞུ་བར་གཞིགས་ན། དེ་སྔོན་འབྲི་ཆུའི་པད་དགེ་ཆུ་བསྐྱིལ་མཚེའུ་ཆགས་སར་སླར་ཡང་རི་ཉིལ་ནས་འབྲི་ཆུ་བཀག་སྟེ་ཡང་དུ་ཆུ་བསྐྱིལ་མཚེའུ་ཆགས་པ་རེད།        

        ཟླ་བ11པའི་ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད5སྐབས་ཀྱི་གནས་ཚུལ་གསར་པར་གཞིགས་ན། པད་དགེ་ཆུ་བསྐྱིལ་མཚེའུ་ཡི་ཆུ་གནས་དེ་ཆ་སྙོམས་ཆུ་ཚོད་རེར་སྨི0.52ཙམ་རྒྱས་དང་། རིམ་བསགས་བྱས་ན་ཆུ་སྨི16.82རྒྱས་པ་རེད། 

        གནོད་འཚེའི་ཉེན་ཚུལ་དེ་ཤེས་གསལ་བྱུང་རྗེས་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིང་ཧྭ་དང་ཞིང་དཔོན་དབྱི་ལི། ཞིང་དཔོན་གཞོན་པ་རྡོ་རྗེ་རབ་བརྟན་བཅས་སོ་སོས་འཕྲལ་སྒྲུབ་ལས་ཀར་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་དུས་ཚོད་དང་པོར་བཀོད་སྒྲིག་བྱས། ཁོང་གིས་དུས་ཐོག་བོད་ལྗོངས་ཕྱོགས་ལ་འབྲེལ་བ་བྱས་ནས་འབྲེལ་གཏུག་མཐུན་སྦྱོར་དང་ཉེན་ཟོན་སྔོན་བརྡའི་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་བསྣན་ཏེ་ཚན་རིག་དང་མཐུན་པའི་ཞིབ་འཇུག་བརྡར་གཅོད་བྱས་ནས་འབྲི་ཆུ་བབ་རྒྱུད་ཀྱི་མང་ཚོགས་མགྱོགས་མྱུར་གནོད་གཡོལ་བྱ་རྒྱུའི་གྲ་སྒྲིག་ལས་ཀ་སྔ་སྣུར་ཏེ་ཡག་མོ་བསྒྲུབ་དགོས་པ་དང་། མགྱོགས་གང་ཐུབ་འཕྲིན་གཏོང་ལས་སྟེགས་བཙུགས་ནས་ཆ་འཕྲིན་བདེ་གཏོང་ཐུབ་པར་ཁག་ཐེག་བྱ་དགོས་ཞེས་ཐུགས་རེ་གནང་། ཁུལ་དཔོན་ཞའོ་ཡིའུ་ཚའེ་ལམ་སང་དཔལ་ཡུལ་དུ་ཕྱིན་ནས་ལས་ཡུལ་དངོས་སུ་ཁྲིད་སྟོན་གནང་བ་རེད། ཁོང་གིས་མཐོང་ཆེན་ཚད་མཐོན་པོ་དང་བྱ་སྤྱོད་མྱུར་སྤེལ། ཚན་རིག་དང་མཐུན་པའི་སྒོས་གོ་རིམ་ཡོད་པས་ཉེན་ཡོད་མང་ཚོགས་གནོད་གཡོལ་ལས་ཀ་ཡག་མོ་བསྒྲུབ་ཅིང་། ཁྱོན་ཡོངས་ནས་་ས་གཤིས་གནོད་འཚེ་དང་ཆུ་གནས་ཀྱི་ལྟ་དཔྱད་ཚད་ལེན་གྱི་གནས་ཚུལ་སྔོན་བརྡ་གཏང་རྒྱུར་ཤུགས་རྒྱག་པ་དང་། གནོད་འཚེ་ཡང་དུ་བྱུང་བར་ནན་འགོག་བྱེད་ཅིང་། ནུས་ཤུགས་ཡོད་རྒུས་འབྲི་ཆུ་སྨད་རྒྱུད་ཀྱི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
        ཟླ་བ11པའི་ཚེས4ཉིན་གྱི་སྔ་དྲོར་ཁུལ་ཨུའི་རྒྱུན་ཨུ། ཁུལ་ཞིང་ལས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཁག་གི་མི་སྣ་དཔལ་ཡུལ་རྫོང་དུ་ཕྱིན་ནས་ཞིང་ཆེན་དང་ཁུལ་གྱི་འགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་སྙིང་དོན་བརྒྱུད་བསྒྲགས་བྱས་ཤིང་ཉེན་སྐྱོབ་གནོད་སེལ་ལས་ཀར་བཀོད་སྒྲིག་བྱས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དཔལ་ཡུལ་རྫོང་ཏང་ཨུའི་ཧྲུའུ་ཅི་ཁང་ཀོང་ཡིའུ་ཡིས་ལས་ཡུལ་དངོས་སུ་འཕྲལ་སྒྲུབ་མྱུར་སྐྱོབ་ལས་ཀར་བཀོད་འདོམས་བྱས། ཁུལ་དང་རྫོང་ཆུ་དོན་དང་འགྲིམ་འགྲུལ། སྤྱི་བདེ། གནམ་གཤིས། གསར་འགྱུར་འཕྲིན་གཏོང་སོགས་སྡེ་ཁག་མྱུར་དུ་འཕྲལ་སྒྲུབ་མྱུར་སྐྱོབ་ལས་ཀའི་ནང་ཞུགས་པ་རེད། ཀྲུང་དབྱང་པུའུ་ཨུའི་ཆེད་རམས་པ་ཚོ་ཆུང་དང་ཞིང་ཆེན་རིམ་པའི་ལས་སྒྲུབ་ཚོ་ཆུང་དེ་ཚེས4ཉིན་ལ་དཔལ་ཡུལ་རྫོང་དུ་ཕེབས་ནས་ལས་ཀ་སྤེལ་བཞིན་ཡོད།
        གནོད་ཉེན་གནས་ཚུལ་བྱུང་རྗེས་དཔལ་ཡུལ་དང་འབའ་ཐང་དང་སྡེ་རོང་བཅས་རྫོང་གསུམ་གྱི་མྱུར་དུ་ལ་ཡུལ་དངོས་ཐག་གཅོད་དང་ཕྱོགས་བསྡུས་མཐུན་སྦྱོར་། རྒྱབ་ཕྱོགས་མཁོ་སྒྲུབ་འགན་ལེན། འཕྲིན་གཏོང་འགན་ལེན། གཞུང་ལམ་བདེ་བགྲོད་འགན་ལེན། དྲིལ་བསྒྲགས་དང་འཕྲིན་གཏོང་། མང་ཚོགས་གནོད་གཡོལ་བཅས་ཚོ་ཆུང་སྒྲིག་འཛུགས་བྱས་ནས་མྱུར་སྐྱོབ་ལས་ཀ་སྤེལ་བ་རེད།  ཚེས4ཉིན་གྱི་ཕྱི་དྲོའི་ཆུ་ཚོད5པར་སླེབས་དུས་རྫོང་གསུམ་གྱིས་རྫོང་དང་ཤང་། གྲོང་སྡེ་བཅས་ཀྱི་ལས་བྱེད་པ་དང་ཡུལ་དམག སྲིད་ཁྲིམས་ལས་བྱེད་ཉེན་རྟོག་པ་སོགས་ལས་གྲུབ་པའི་མི་ལག1200ལྷག་ཙམ་གྱིས་འཕྲལ་སྒྲུབ་མྱུར་སྐྱོབ་ནང་ཞུགས་པ་རེད། གཉེན་འཚོལ་གྲོགས་རྟེན་གྱི་བྱ་ཐབས་བརྒྱུད་ནས་རྫོང་གསུམ་གྱིས་གནོད་ཉེན་མང་ཚོགས4600བཀོད་སྒྲིག་བྱས་པ་དང་དེའི་ནང་དཔལ་ཡུལ་རྫོང་གི1718དང་འབའ་ཐང་རྫོང་གི1039། སྡེ་རོང་རྫོང་གི1086བཀོད་སྒྲིག་བྱས་པ། གཡས་པ་ཐང་ཆུ་གློག་ས་ཚིགས་གྱིས་མི800བདེ་འཇགས་སར་སྤོས་པ། མིག་སྔར་རྫོང་གསུམ་གྱིས་འཕྲལ་སྒྲུབ་དངོས་རྫས་གྲ་སྒྲིག་དང་ཉེན་སྐྱོབ་འཕྲུལ་ཆས་བཀོད་གཏོང་སོགས་ལས་ཀ་གོ་རིམ་ཡོད་པའི་ངང་སྤེལ་བཞིན་ཡོད་པས། མིག་སྔར་ལས་ཀ་ཁག་གོ་རིམ་གྲལ་འགྲིག་པོ་ཡིན་ལ་མི་སེར་ཚོའི་བསམ་པ་བདེ་མོ་ཡིན་པ་རེད།
        ཚེས4ཉིན་གྱི་སྔ་དྲོར་འཕྲལ་སྒྲུབ་དོ་དམ་པུའུ་ཡིས་འགོ་ཁྲིད་པའི་མཉམ་འབྲེལ་ལས་སྒྲུབ་ཚོ་ཆུང་སི་ཁྲོན་ལ་སླེབས་པ་རེད། ཤེས་གསལ་བྱུང་དོན། འཕྲལ་སྒྲུབ་དོ་དམ་པུས་སྣེ་ཁྲིད་བྱེད་པ་དང་རང་བྱུང་ཐོན་ཁུངས་པུའུ་དང་ཆུ་བེད་པུའུ། རྒྱལ་ཁབ་ནུས་ཁུངས་ཅུས་སོགས་སྡེ་ཚན་ལས་གྲུབ་པའི་མཉམ་འབྲེལ་ལས་སྒྲུབ་ཚོ་ཆུང་དེ་ལས་ཡུལ་དངོས་སུ་ཕྱིན་ནས་ས་གནས་ལ་རི་ཉིལ་བའི་རྒྱུ་རྐྱེན་ཞིབ་རྩད་བྱེད་རོགས་བྱེད་པ་དང་གནོད་ཉེན་གནས་ཚུལ་དཔྱད་གཅོད་བྱེད་རོགས་བྱེད་པ། འཕྲལ་སྒྲུབ་མྱུར་སྐྱོབ་ལས་ཀ་ཡག་མོ་སྒྲུབ་རོགས་བྱ་རྒྱུ་རེད།། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1