ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་ཐོག་ཏུ་ཧོར་སྤོ་རིག་གནས་ཀྱིས་ལྟ་མཁན་ལྷན་རྒྱས་ཀྱི་མིག་དབང་འཕྲོག
རྩོམ་སྒྲིག་པ།ཡོང་ཁུངས།ཁམས་པའི་དྲ་བ། སྤེལ་དུས། 09-27
སྤྱི་ཟླ9པའི་ཚེས22ཉིན། གསར་འགོད་པས་ཀྲུང་གོའི་ནུབ་རྒྱུད་ཀྱི་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་བཅུ་བདུན་པའི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་གཤམ་སྟོན་ཁང་དུ་འགྲོ་སྐབས་མིག་ལམ་དུ་མཐོང་བ་ནི་སྔོན་ལྗང་རྩྭ་རའི་དཀྱིལ་གྱི་སྦྲ་ནག་ནང་དུ་དུ་སྤྲིན་ལྷབ་ལྷབ་ཏུ་འཁྲིགས་པ་དང་དེའི་ནང་དུ་ཁྱད་ཆོས་འབུར་དུ་ཐོན་པའི་བྱུ་རུ་དང་མུ་ཏིག་སོགས་ཕྲ་བརྒྱབ་ཡོད་པའི་བོད་གྲི་འདྲ་མིན་དང་ཐང་ག་སོགས་གཤམ་ཡོད་པས་མ་ཚད་གནའ་བོའི་ཁྱད་ཆོས་ལྡན་པའི་ཟངས་སྐུ་འགའ་ཡང་བཞེངས་ཡོད་ཅིང་། ཁྱད་པར་དུ་གསོན་ཉམས་ལྡན་པའི་གེ་སར་གྱི་བརྐོས་རིས་ཤིག་བཤམ་སྟོན་ཁང་གི་དཀྱིལ་དུ་བཞག་ཡོད་པའི་རྣམ་པ་དེ་རེད།
ད་ལོ་ལོ67ལ་སོན་པའི་ཀའོ་ཞུས་ལུང་ལས་འཁྱུར་ངལ་གསོ་མ་བྱས་པའི་གོང་དུ་མཐོ་རིམ་ལས་རིགས་སློབ་གྲྭའི་ལས་འགན་འཁུར་མྱོང་། ཉིན་དེར་ཁོ་དང་གྲོགས་པོ་འགས་གཤམ་སྟོན་ཁང་དུ་སོང་ནས་ཐང་གའི་སྒྱུ་རྩལ་སྐོར་ནས་ཁ་བརྡ་གང་མང་བྱས་པ་རེད། ཁོས་གསར་འགོད་པར་ངས་ཐང་གའི་སྒྱུ་རྩལ་སྐོར་ཅུང་ཤེས་ཀྱིན་ཡོད་ད་ཐེངས་འདིར་བཤམས་པའི་ཐང་ག་ནི་ཧ་ཅང་ཡག་པོ་འདུག དེའི་བཟོ་རྩལ་དང་རྒྱུ་ཆ་ཚང་མར་ཧ་ཅང་ཡག་པོ་ཡིན་པས་མ་ཚད་རིག་གནས་ངོས་ནས་བཤད་ན་ལོ་རྒྱུས་ཀྱི་རིན་ཐང་ལྡན་པ་དང་བློ་གྲོས་ཀྱི་ནུས་པ་ལྡན་པ་ཞིག་ཡིན་པས་ངས་དེར་རང་དབང་མེད་པར་ཡིད་སེམས་འགུག་སོང་ཅེས་བཤད་པ་རེད།
དཔལ་ཡུལ་རྫོང་ཧོར་སྤོ་ས་ཆར་གེ་སར་རྒྱལ་པོའི་དམག་ཆས་བང་མཛོད་ཅེས་འབོད་པ་དང་ནང་ཁུལ་དུ་ལྕགས་རིགས་ལས་སྣོན་བཟོ་རྩལ་གྱི་འབྱུང་གནས་གཙོ་བོ་ཡིན་ལ་ཐང་གའི་རྒྱུན་འཛིན་བྱེད་གནས་གཙོ་བོ་ཡང་ཡིན། ཐེངས་འདིའི་ནུབ་ཕྱོགས་ཀྱི་དངོས་མང་གཤམ་སྟོན་ཐོག་ཏུ་དཔལ་ཡུལ་རྫོང་གིས་བོད་གྲི་དང་སྲོལ་རྒྱུན་གྱི་འཇིམ་བརྙན། རྟ་སྒ། ཆོས་ལུགས་སྒྱུ་རྩལ་ཐོན་རྫས། དམངས་ཁྲོད་རྒྱན་ཆ་སོགས་རིགས200ལྷག་གཤམ་སྟོན་བྱས་ཡོད་པ་རེད། སྤུས་དག་ལ་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་འགྲེམས་རྫས་དག་ལ་ས་ཆ་ཁག་གི་ཡུལ་སྐོར་བ་རྣམ་པས་དགའ་པོ་བྱེད་པ་དང་ལྟད་མོ་བ་རྣམ་པའི་ཡིད་དབང་ཡང་འཕྲོགས་པ་རེད།།