བོད་ཀྱི་ལོ་རྒྱུས་བྱིས་པའི་དགའ་སྟོན།

ཐུབ་བསྟན་ཕུན་ཚོགས་ཀྱིས་བརྩམས། ཀརྨ་བསོད་ནམས་དང་ཡོན་ཏན་བཟང་པོས་རི་མོ་བྲིས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


( དེབ་གོང་མའི་འཕྲོར་མཐུད། )

ཇུན་གར་བས་བོད་འབངས་མནར་བའི་སྐོར།སྤྱི་ལོ་༡༧༡༧ལོར་སོག་པོ་ཇུན་གར་བའི་དམག་གིས་ལྷ་བཟང་ཧན་བསད། སྟག་རྩེ་ཞབས་དྲུང་ལྷ་རྒྱལ་རབ་བརྟན་བོད་ཀྱི་སྲིད་སྐྱོང་གི་ཁྲི་ལ་བཀོད།① ཇུན་གར་བས་རྡོ་རྗེ་བྲག་དང་། སྨིན་གྲོལ་གི་བླ་མ་གཙོ་བོ་རྣམས་དང་། ལྷ་བཟང་ཧན་གི་ཞབས་འབྲིང་གཙོ་གནད་རྣམས་འཛིན་བཟུང་བྱས་ཏེ་བཙོན་དུ་བཅུག བོད་ཀྱི་དཔོན་རིགས་རྣམས་ལ་ཡེ་ཤེས་རྒྱ་མཚོ་ཏཱ་ལའི་བླ་མའི་ཡང་སྲིད་ཡིན་མིན་འདྲི་བརྩད་བྱས་མཐར་ཡང་སྲིད་མ་ཡིན་པར་ཐག་བཅད་དེ་པོ་ཏ་ལའི་ཁྲི་ལས་ཕབ་ཏེ་ལྕགས་པོའི་དགོན་པར་དོ་དམ་བྱས། དེ་ནས་ལྷ་ས་བླ་བྲང་སྟེང་དུ་དབུས་གཙང་གི་སེར་སྐྱ་ཆེ་རྒུ་རྣམས་འཚོགས་ནས། ཇུན་གར་བའི་དམག་དཔོན་ཚེ་རིང་དོན་གྲུབ་དང་། གདུགས་དཀར། ཆོས་འཕེལ་རྣམས་ཡོང་ནས་སླད་ཕྱིན་ཆད་གསང་སྔགས་རྙིང་མའི་ཆོས་ལུགས་བྱ་མི་ཆོག་པའི་ཁྲིམས་བསྒྲགས། དེའི་ནུབ་མོར་སྨིན་གླིང་ལོ་ཆེན་དྷརྨ་ཤྲཱི་དང་། བློ་བཟང་བསྟན་པའི་རྒྱལ་མཚན། གདུང་སྲས་པདྨ་འགྱུར་མེད་རྒྱ་མཚོ་རྣམས་ལྷ་སའི་སྐྱིད་ཆུའི་འགྲམས་ངོགས་སུ་ཁྲིད་དེ་བཀྲོངས། དེ་ནས་མི་རིང་བར་སྨིན་གླིང་གདུང་སྲས་ཆུང་བ་དང་། ཕྱག་མཛོད་ཞབས་དྲུང་ལེགས་གྲུབ། རྡོ་བྲག་རིག་འཛིན་ཆེན་མོ་པདྨ་འཕྲིན་ལས། ལྷ་བཟང་ཧན་གྱི་ཞབས་འབྲིང་གཙོ་གྲས་བུ་ཆུང་དང་། པདྨ་ཚེ་རིང་། ཆང་ཁྱིམ་པ་སོགས་རིམ་གྱིས་ཉེས་ཆད་བཅད། རྒྱལ་རྩེ་ལྕང་ལོ་ཅན་པ་དང་། གཉའ་ནང་ལྕང་སྦུག་པ་གཉིས་སར་ཇུན་དམག་མངགས་ཏེ་ས་གནས་དེར་གར་དམར་གསོད་བྱས། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་ཡང་ཡུན་རིང་བཙོན་དུ་བཅུག་ཅིང་ལྕག་གིས་བཞུས་པ་སོགས་མནར་གཅོད་བྱས་མཐར་སྲིད་སྐྱོང་སྟག་རྩེ་བས་ངོ་ཆེན་ནན་པོར་ཞུས་པས་བཙོན་ལས་བཏོན་ཏེ་སྟག་རྩེ་བ་ལ་རྩིས་སྤྲོད། གུ་རུ་པདྨ་འབྱུང་གནས་ཀྱི་སྒྲུབ་ཕུག་བྲག་ཆེན་རྣམས་སྒོ་བརྩིགས་ནས་འདག་ཞལ་བྱས། རྡོ་རྗེ་བྲག་དང་། སྨིན་གྲོལ་གླིང་། ཆུ་ཤུར་ཐར་པ་གླིང་། གསང་སྔགས་བྱང་ཆུབ་གླིང་སོགས་རྙིང་མའི་དགོན་སྡེ་མང་པོ་གཏོར་བཤིགས་བྱས། སེར་འབྲས་དགའ་གསུམ་གྱི་ཞོལ་དུ་ཡོད་པའི་གྲོང་པ་རྣམས་བཤིགས་ནས་རྒྱང་གྲགས་གཅིག་གི་བར་དུ་གནས་སྤོར་བྱེད་བཅུག་པ་སོགས་སྡེ་འབངས་སྤྱི་ལ་བརྡབས་གསིག་ཆེན་པོར་བྱས། །

ཇུན་གར་བོད་ནས་ཕྱིར་ཐོན་པ།ལྕགས་བྱི་སྤྱི་ལོ་1720ལོར་རྒྱ་ནག་གོང་མའི་དམག་དཔུང་གིས་རྒྱལ་བ་བསྐལ་བཟང་རྒྱ་མཚོ་མཚོ་སྔོན་ནས་ལྷ་སྲ་གདན་དྲངས་ཡོང་ཚུལ་ཐོས་པར། ཇུན་གར་བའི་དམག་དཔོན་ཐའི་ཇི་དང་། ཇའི་སང་སོགས་དྲག་རིགས་ནས་རིན་ཆེན་རྒྱན་ཆས་གཙོས་པའི་གཞུང་གི་དངོས་གལ་ཆེན་རིགས་དང་། རྩེ་ཕོ་བྲང་པོ་ཏ་ལའི་འཕགས་པ་ལོ་ཀེ་ཤྭ་ར་སོགས་ནང་རྟེན་ཁ་ཤས་ཁྱེར་ནས་མངའ་རིས་བརྒྱུད་ཕྱིར་ལོག་བྱེད་སྐབས། མངའ་རིས་སྒར་དཔོན་ཁང་ཆེན་པས་གཡོ་ཐབས་ཀྱིས་གུར་ནང་དུ་མགྲོན་འབོད་སྟོན་མོ་བཤམས། གློ་བུར་དུ་གུར་རྡིབ་གཏིབ་ནས་གུར་ནང་མེད་པའི་དཔོན་རིགས་རེ་གཉིས་མ་བྲོས་ཐར་བ་མ་གཏོགས་གཞན་ཐམས་ཅད་དེར་བསད། ལོ་ཀེ་ཤྭ་ལོ་རའི་སྐུ་བརྙན་སོགས་དངོས་རྫས་རྣམས་ཕྱིར་བླངས། རྒྱལ་བ་བསྐལ་བཟང་རྒྱ་མཚོ་བོད་དུ་འབྱོར་ཉེ་བའི་སྐབས་མངའ་རིས་སྐོར་གསུམ་གྱི་གཙོ་བོ་ཁང་ཆེན་པས་དཔུང་དམག་ཁྲིད་ནས་གྲོ་ཤོད་ཁུལ་དུ་འབྱོར། ཕོ་ལྷ་བས་གཉའ་ནང་ནས་དམག་དྲངས་པའི་དམག་དཔུང་དང་། རྒྱལ་རྩེ་རྫོང་དཔོན་རབ་བརྟན་ཤར་པའི་དམག་དཔུང་། ལྷོ་དགོན་གྱི་དམག་དཔུང་བཅས་ཀྱང་ལྷ་རྩེར་འཛོམས། དུས་དེར་ཁང་ཆེན་པའི་ཞབས་གྲས་ངག་དབང་ཡོན་ཏན་གྱིས་མངའ་རིས་ཀྱི་དམག་དཔུང་ཆ་ཤས་ཁྲིད་ནས་ཤེལ་དཀར་ཕྱོགས་སུ་འབྱོར་པ་དེས་མི་སེར་ལ་བརྡབས་གསིག་དང་། རྡུང་འཕྲོག་བྱས་པར། ཕོ་ལྷ་བས་དེ་ལྟར་མི་ཆོག་པའི་བསྒྲགས་གཏན་སྤེལ། དེ་ནས་ཇུན་གར་བའི་དམག་རྣམས་བྱང་ནག་ཚང་གི་སྔོན་མོ་ཁུ་ལུང་ཟེར་བ་བརྒྱུད་ནས་ཕྱིར་བྲོས། དུས་མཚུངས་སུ་ང་ཕོད་རྡོ་རྗེ་རྒྱལ་པོས་ཇུན་དམག་མགོ་གཡོག་ནས་ཆིང་དམག་འགོག་སར་འགྲོ་རྒྱུར་ཁ་གཡར་ཏེ་མདོ་ཁམས་ཕྱོགས་སུ་བསྐྱོད་དེ་ཏཱ་ལའི་བླ་མ་ཕེབས་བསུའི་གྲ་སྒྲིག་བྱས། ལུམ་པ་བཀྲ་ཤིས་རྒྱལ་པོས་ཏཱ་ལའི་བླ་མ་སྐུ་འབུམ་དུ་བཞུགས་སྐབས་ནས་གསང་སྟབས་ཀྱིས་འབྲེལ་བ་ཞུས་ཟིན། ལོ་དེའི་ཟླ་བ་དགུ་པའི་ཚེས་15ཉིན་བོད་རྒྱའི་དམག་དཔུང་གིས་བསུ་བ་སེར་ཕྲེང་དང་བཅས་ཏེ་ཕོ་བྲང་པོ་ཏ་ལར་གདན་དྲངས། གསེར་ཁྲིར་ཞབས་འཁོད་པ་དང་གཡས་ཕྱོགས་སུ་སྲིད་སྐྱོང་སྟག་རྩེ་ལྷ་རྒྱལ་རབ་བརྟན་སོགས་དྲུང་འཁོར་རྣམས་དང་། གཡོན་ཕྱོགས་སུ་ཙང་ཇུན་ཆེན་པོ་གཉིས་གཙོས་པའི་རྒྱ་ནག་གོང་མའི་མི་དྲག་རྣམས་བཞེངས་པའི་དབུས་སུ། ཕྱོགས་ཐ་ནས་ཡོང་པའི་མི་ཆེན་དང་། དཔོན་རིགས་རྣམས་ཀྱིས་མཆོད་སྤྲིན་དང་།
གསོལ་འདེབས་ཞུས། ཟླ་བ་བཅུ་པའི་ནང་པཎ་ཆེན་བློ་བཟང་ཡེ་ཤེས་གདན་ཞུས་གནང་། ཚེས་བཅོ་ལྔ་ཉིན་ཡབ་སྲས་གསེར་ཞལ་དགྱེས་འཛོམས་ཐོག་གཟིམ་ཆུང་ཉི་འོད་དུ་ཏཱ་པཎ་ཆེན་རིན་པོ་ཆེས་ཏཱ་ལའི་བླ་མ་ལ་དགེ་ཚུལ་གྱིས་སྡོམ་པ་བསྩལ། དེ་ནས་ཡུན་རིང་མ་འགོར་བར་རྒྱ་ནག་གོང་མའི་ཅང་ཅུང་རྣམས་ཀྱིས་སྟག་རྩེ་ལྷ་རྒྱལ་རབ་བརྟན་དང་། བཀའ་བློན་བཀྲ་ཤིས་རྩེ་པ། ཨ་ཆོས་སོགས་ཇུན་གར་བའི་སྐབས་ཀྱི་དཔོན་རིགས་རྣམས་དང་། དགོན་སྡེ་རྣམས་སུ་ཡོད་པའི་ཇུན་གར་བའི་གྲྭ་རིགས་རྣམས་འཛིན་བཟུང་བྱས། ཏཱ་ལའི་བླ་མ་དང་། པཎ་ཆེན་རིན་པོ་ཆེ། ཕོ་ལྷ་བ་སོགས་ཀྱིས་དེ་དག་ལ་སྲོག་ཆད་མེད་པར་ཞུས་ཀྱང་གོང་མའི་བཀའ་ལ་བཟློག་ཐབས་མེད་ཅེས་ཁས་ལེན་མ་ཐོབ་པ་སྟག་རྩེ་བ་སོགས་སྐྱིད་ཆུའི་འགྲམ་ཏུ་སྐེ་བཅད། སྟག་རྩེ་བའི་བུ་རྒྱུད་རྣམས་དང་ཇུན་གར་བའི་གྲྭ་རིགས་འགའ་ཞིག་རྒྱ་ནག་ཏུ་ཁྲིད། །

རྒྱལ་བ་བསྐལ་བཟང་རྒྱ་མཚོ་ཆེ། །

ཆོས་སྲིད་གཉིས་ཀྱི་ཁྲི་ལ་བཀོད། །

ང་ལུམ་སྦྱར་གསུམ་ཁང་ཆེན་པ། །

བཀའ་ཡི་བློན་པོ་ཆེ་བཞི་བསྐོས། །

མེ་ལུག་བཀའ་བློན་ནང་འགལ་གྱི། །

ནང་དམེ་བྱས་མཐར་ཕོ་ལྷ་བས། །

གཙང་དམག་དབུས་ཀྱི་ཕྱོགས་སུ་དྲངས། །

རྒྱ་དམག་དཔུང་གི་རྒྱབ་སྐྱོར་བོས། །

ལྕགས་བྱི་ལོར་སྟག་རྩེ་ལྷ་རྒྱལ་རབ་བརྟན་སོགས་ཁྲིམས་ཆད་བཅད་རྗེས་སུ་རྒྱལ་བ་བསྐལ་བཟང་རྒྱ་མཚོས་བོད་ཀྱི་ཆོས་སྲིད་གཉིས་ཀྱི་འགན་བཞེས། ལྕགས་གླང་སྤྱི་ལོ་1721ལོར་རྒྱ་ནག་གོང་མའི་ལུང་ལྟར་དའི་ཆིང་བ་ཐུར་ཁང་ཆེན་བསོད་ནམས་རྒྱལ་པོ་ལ་པས་སེའི་ཆོ་ལོ་དང་སྦྲགས་བོད་ཀྱི་བཀའ་བློན་གཙོ་བོ་དང་། ང་ཕོད་རྡོ་རྗེ་རྒྱལ་པོ་ལ་པས་སེའི་ཆོ་ལོ་དང་སྦྲགས་བཀའ་བློན་ལས་རོགས། ལུམ་པ་བཀྲ་ཤིས་རྒྱལ་པོ་ལ་གུང་གི་ཆོ་ལོ་དང་སྦྲགས་བཀའ་བློན་དང་། ཕོ་ལྷ་བ་བསོད་ནམས་སྟོབས་རྒྱལ་དང་། སྦྱར་ར་བློ་གྲོས་རྒྱལ་པོ་རྣམ་གཉིས་ལ་སོ་སོར་ཐའི་ཇིའི་ཆོ་ལོ་དང་སྦྲགས་བཀའ་བློན་དུ་བསྐོར་བཞག་གནང་། ལོ་དེར་བཙོན་པ་རྣམས་ཕྱིར་གློད་པ་དང་། རྩེ་ཕོ་བྲང་གི་མདུན་ཞོལ་དུ་ཆིང་གོང་མའི་དམག་གིས་ཇུན་གར་མཐར་བསྐྲོད་བྱས་པ་དང་། ཏཱ་ལའི་བླ་མ་ལྷ་སར་གདན་དྲངས་པའི་མཛད་རྗེས་སྐོར་བོད་རྒྱ་མན་ཇུ་གསུམ་ཤན་སྦྱར་གྱི་ཡི་གེ་བརྐོས་པའི་རྡོ་རིང་བསྐྲུན།② ཆུ་ཡོས་སྤྱི་ལོ་1723ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་སྨོན་ལམ་ཆེན་མོའི་དབུ་བཞུགས་ཕེབས། ཆིང་གོང་མའི་བཀའ་ཕེབས་ལྟར་བོད་ལྷགས་པའི་རྒྱ་དམག་རྣམས་ཕྱིར་ལོག ལོ་དེར་མཚོ་སྔོན་མོའི་འགྲམ་ངོགས་ཀྱི་རྒྱལ་རིགས་བློ་བཟང་བསྟན་འཛིན་གྱིས་གོང་མའི་བཀའ་ལས་རྒྱབ་ཀྱིས་ཕྱོགས་ཏེ་རང་ནུས་ཀྱིས་གཡུ་སྤྲད་པ་མ་ཟད། ཁམས་ཕྱོགས་ཀྱི་ཡུལ་ཤུལ་དང་། ཧོར་ཁ་བཞིའི་སྡེ་པ་རྣམས་བཅོམ་པའི་སྐབས་སུ། མངའ་རིས་སུ་དའི་ཆིང་བཱ་ཐུར་འབོད་པ་ཕོ་ཉ་བཏང་བས་མི་རིང་ལྷ་སར་འབྱོར། དེ་དང་དུས་མཚུངས་སུ་ཨ་ས་ཁན་ཨམ་པ་ཡང་ལྷ་སར་འབྱོར། དེ་ནས་རྒྱལ་བའི་ཡབ་རྗེ་དང་། དའི་ཆིང་བཱ་ཐུར་དང་བཀའི་གུང་བློན་རྣམས་ཨ་ས་ཁན་ཨམ་པའི་སྡོད་གནས་སུ་འཚོགས་ནས། གྲོས་ཆོད་བྱས་མཐར་བཀའ་བློན་ཕོ་ལྷ་བ་དང་། དམག་དཔོན་བློ་བཟང་དར་རྒྱས་གཉིས་ཀྱིས་བོད་སོག་གི་དམག་མི་ལྔ་བརྒྱ་ཁྲིད་ནས་གཡུལ་དུ་བསྐྱོད་པས་གཡུལ་ལས་རྒྱལ། བློ་བཟང་བསྟན་འཛིན་ཇུན་གར་གྱི་ཡུལ་དུ་བྲོས། གཙོ་བོ་ཨེར་ཏེ་ནི་ཇི་ནོང་དང་། ནོ་ཡོན་ནང་སོ་དང་། མེ་དའི་ཆི་ལ་སོགས་བཟུང་ནས་ལྷ་སར་ཁྲིད།③ ཤིང་འབྲུག་སྤྱི་ལོ་1724ལོར་ཆིང་གོང་མས་ཏཱ་ལའི་བླ་མར་གསེར་གྱི་གླེགས་བུ་སྲབ་མཐུག་ཀོ་བ་ཙམ་བཅུ་དྲུག་ཡོད་པའི་འཇའ་ས་དང་། རྒྱ་དང་། མན་ཇུ། བོད། སོག་གི་ཡིག་རིགས་བཞིས་སྤྲས་པའི་གསེར་ཐམ་ཆེན་མོ་གནང་སྦྱིན་འབྱོར། ཤིང་སྦྲུལ་སྤྱི་ལོ་1725ལོར་སྔར་མཚོ་སྔོན་གྱི་དུས་ཟིང་སྐབས། ཨ་མདོའི་ཁུལ་གྱི་དགོན་ཁག་ཆེན་པོ་དུ་མ་ཞིག་རྒྱ་དམག་གིས་ཐོར་རྐྱེན་བྱས་པ་རྣམས་ཉམས་གསོ་གནང་། མེ་རྟ་སྤྱི་ལོ་1726ལོར་རྒྱལ་བ་བསྐལ་བཟང་རྒྱ་མཚོ་བསླབ་སྡོམ་བཞེས་ཆེད་གཙང་བཀྲ་ཤིས་ལྷུན་པོར་ཕེབས་པ་གཏན་འཁེལ་གནང་བ་དེ་གློ་བུར་འགྱུར་ལྡོག་ཕྱིན་ནས། པཎ་ཆེན་རིན་པོ་ཆེ་ལྷ་སར་གདན་འདྲེན་ཞུས། །

མེ་ལུག་སྤྱི་ལོ་1727ལོར་དབུས་གཙང་གཉིས་ཀྱི་བཀའ་བློན་ཕྱོགས་སོ་སོར་གྱེས་པའི་འགལ་བ་རྩེར་སོན། སྤྱིར་བཏང་དབུས་གཙང་གཉིས་དཔོན་རིགས་བར་གྱི་འགལ་བ་དེ་བཀའ་ཤག་ཐོག་མར་བཙུགས་དུས་ནས་བྱུང་ཡོད་པར་ངེས་ཏེ། རྗེས་སུ་བཀའ་བློན་གཉིས་གསར་བསྐོ་བྱེད་སྐབས། ཨ་ས་ཁན་ཨམ་པས། གཅིག་ནི་ཕོ་ལྷ་ཐའི་ཇི་འདི་འོས་སམ་་ཞེས་མིང་བཏོན་སྐབས། དགུང་བློན་སོགས་གཞན་དག་ན་རེ། དགའ་ལྡན་ཕོ་བྲང་པའི་གནའ་བོའི་ལུགས་སྲོལ་ལ་ཡུལ་གཙང་ལྗོངས་ཀྱི་སྐྱེ་བོ་དག་སྣེ་མོ་ལས་འཛིན་ཆེན་མོའི་གོ་སར་འཁོད་པའི་རྒྱུན་མེད། ཞེས་གཙང་ཕྱོགས་མི་སྣ་དཔོན་སར་བསྐོ་བ་ལ་བཀག་འགོག་བྱས་ཡོད་འདུག དེ་ལྟར་བོད་ཀྱི་འཛིན་སྐྱོང་གི་རྒྱུན་གྱི་ལས་ཀའི་ནང་གཙང་ཕྱོགས་ཀྱི་དཔོན་ཁང་ཆེན་པ་དང་། ཕོ་ལྷ་བ་གཉིས་ཕྱོགས་གཅིག་དང་། ང་ཕོད་པ། ལུམ་པ་བ། སྦྱར་ར་བ་གསུམ་ཕྱོགས་གཅིག་ཆགས་ཏེ་སྡེ་འབངས་སྐྱོང་བའི་སྲིད་ཇུས་ཡང་གཅིག་གྱུར་མེད་པ་དབང་ཤུགས་སུ་ཆེའི་ལས་ཀ་བྱེད་ཅིང་ཡོད་པར་མངོན་པ་ནི། དཔེར་ན། ཁང་ཆེན་པ་དང་ཕོ་ལྷ་བ་སྟོད་སྨད་སོ་སྲུང་ལ་ཕེབས་པའི་སྐབས་སུ། ང་ལུམ་སྦྱར་གསུམ་གྱིས་སྡེ་འབངས་ལ་ཕྱོགས་རེས་བྱས་ཏེ། གཙང་ཁུལ་གྱི་མི་སྡེ་ལ་དཔྱལ་ཁྲལ་འཕར་མ་འགེལ་བར་གཙང་ལྗོངས་རྣམས་ཀྱིས་དའི་ཆིང་བཱ་ཐུར་ལ་འོ་དོད་འབོད་པ་དང་། ལྷ་ས་ལ་ཡང་སྡེ་འབངས་ཉམ་ཐག་པ་རྣམས་ལ་དཔྱ་ཁྲལ་བཟོད་དཀའ་བས་ཀུན་ཏུ་གཙེས་པ་དང་། སྟོབས་འབྱོར་ཡོད་པའི་བོད་འབངས་རྣམས་ཐབས་མཁས་ཀྱི་སྒོ་ནས་བཀའ་ཡིག་བཙན་པོ་བླངས་ཏེ་དཔྱ་ཁྲལ་ཆ་ཤས་ཙམ་ཡང་མི་བསྒྲུབ་པ་གྲོང་ཁྱེར་གཅིག་ལ་ལུགས་སྲོལ་ཐ་དད་པ་གཉིས་བྱུང་བ་ལ། ཁང་ཆེན་པ་དང་ཕོ་ལྷ་བའི་ཕྱོགས་ཀྱིས། བདེ་སྡུག་མི་སྙོམས་པར་དེ་དག་ལ་གཟིགས་ནས་དབང་ཤུགས་བཙན་པོས་མི་ཚང་བཞི་བརྒྱར་ཉེ་བ་ཞིག་ལ་སྡེ་འབངས་སྤྱི་དང་མཚུངས་པའི་དཔྱ་ཁྲལ་བསྒྲུབ་བཅུག་པའི་སྐོར། མི་དབང་རྟོགས་བརྗོད་དུ་གསལ་བ་ལྟར་རོ། །

ཡང་ཁང་ཆེན་པ་དང་ཕོ་ལྷ་བའི་ཕྱོགས་ཀྱིས། ཆིང་གོང་མ་ལ་ལྐོག་ཏུ་ང་ལུམ་སྦྱར་གསུམ་ལ་སྐྱོན་འཛུགས་བྱས་པའི་ཡི་གེ་བཏང་སྟེ་བོད་འབངས་སྤྱིའི་རེ་ཞུ་ཡིན་ཚུལ་དང་། རྒྱལ་ཡབ་བསོད་ནམས་དར་རྒྱས་ཀྱིས་ཀྱང་ང་ལུམ་སྦྱར་གསུམ་ལ་རྒྱབ་རྩར་བྱས་ཚུལ་གྱི་ཡི་གེར་བཏང་བར། ཆིང་གོང་མས་ཡུང་ཀྲིན་གྱིས་མངོན་ཆུང་གི་སྒོ་ནས་རྡོར་ཁེ་ཨམ་པ་བོད་དུ་ཞིབ་གཅོད་བཏང་ཡོད་འདུག །

ང་ལུམ་སྦྱར་གསུམ་གྱིས་གཙང་རྒོལ་བྱས་པ།མེ་ལུག་ལོའི་སྐབས་དེར་ལྷ་སའི་ཕྱོགས་སུ་ང་ལུམ་སྦྱར་གསུམ་གྱི་ཕྱོགས་ལ་སྟོབས་ཤུགས་ཆེ་བ་ཡོད་སྟབས། ཕོ་ལྷ་བས་ཁང་ཆེན་པ་ལ་དོགས་ཟོན་དགོས་ཚུལ་ཡང་ཡང་སྨྲས་ཀྱང་སྣང་མེད་དོར། ཕོ་བའི་ཆུང་མ་ལ་མངལ་སྦྲུམ་ཆགས་ཤིང་ལུས་མི་བདེ་བའི་བརྡ་ལན་འབྱོར་བ་དང་། ཕོ་ལྷ་བས་དམག་རྒྱལ་བ་རིན་པོ་ཆེ་དང་། དའི་ཆིང་བཱ་ཐུར་ལ་གཞིས་སྐོར་འགྲོ་ཆོག་པའི་དགོངས་འཁྲོལ་ཞུས། དམག་དཔོན་བློ་བཟང་དར་རྒྱས་དང་། བཤེར་དཔང་ངག་དབང་བདེ་ཆེན། རང་གི་གཉེན་ཉེ་སྐྱིད་སྦུག་དབང་འདུས་བཅས་ནང་མ་བློས་ཐུབ་རྣམས་ལ། ལྷ་སར་སྲིད་དོན་གྱི་འགྱུར་ཅི་བྱུང་དོ་སྣང་ལྷོད་མེད་བྱས་ཏེ་གསང་འཕྲིན་དུས་ཐོག་ཏུ་བཏང་པའི་བཀོད་མངགས་བྱས་ཏེ་ཉེན་ཡོལ་གྱི་ཆེད་དུ་རང་ཁྱིམ་དུ་ལོག རང་གི་སྲས་ཀྱང་ལྷ་ས་ནས་ཕྱིར་གཙང་དུ་འབོད་པ་བཅས་ཉེན་ཟོན་ལྷོད་མེད་གནང་། སྐབས་དེ་ཙམ་ན་རབ་འབྱམས་པ་ཚུལ་ཁྲིམས་ཐར་པ་སོགས་པེ་ཅིང་ནས་ཡར་ལོག་པ་རྣམས་ཀྱི་ངག་ནས། ཆིང་གོང་མས་དའི་ཆིང་བཱ་ཐུར་ལུང་གི་གཟེངས་བསྟོད་དང་། ཤེལ་གྱི་ཐམ་ག་བཅས་བསྩལ་བ་དང་། ཆབས་ཅིག་བོད་དུ་ལས་ཀ་བྱེད་མཁན་ཏཱ་ཞིན་གཉིས་འཁོར་དང་བཅས་པ་རིང་མིན་འབྱོར་ཚུལ་བཤད་པ་དང་། ང་ལུམ་སྦྱར་གསུམ་གྱིས་སྔར་ནས་བཀའ་བློན་གཙང་པ་གཉིས་ལྐོག་བསད་བྱ་རྒྱུའི་འཆར་གཞི་ཡོད་པའི་གཞིར་བཅས། ཆིང་གོང་མའི་ལུང་དང་ཐམ་ག ལས་བྱེད་པ་སོགས་མ་སླེབ་པའི་གོང་དུ་ལས་ཀ་དེ་བསྒྲུབ་འོས་པར་སེམས་ཏེ། ཟླ་བ་དྲུག་པའི་ཚེས་18ཉིན། གཙུག་ལག་ཁང་གི་གཞུང་སྒོའི་སྒོ་མཆོར་སྟེང་གི་གཟིམ་ཆུང་ཁམས་གསུམ་དུ། བཀའ་རྣམས་ཚོགས་འདུས་འཚོགས་སྐབས། སྔར་ནས་གྲ་སྒྲིག་ཡོད་པ་ལྟར། ལྷ་སའི་ཞོལ་ས་ཁུལ་གྱི་ལས་སྣེ་པ་ང་ཕོད་བུ་རྒན་པ་བློ་བཟང་དེར་སྙན་ཞུ་ཡོང་ནས། ཡི་གེ་རིང་པོ་ཞིག་དའི་ཆིང་བཱ་ཐུར་ལ་སྤྱན་བསྟར་ཞུས། དའི་ཆིང་གིས་དེ་ལ་གཟིགས་ནས་ལྷོད་གཡེང་གི་སྐབས་སུ། མགྲོན་གཉེར་བློ་བཟང་དོན་ཡོད་ཀྱིས་སྐུ་རྒྱབ་ནས་དབུ་སྐྲར་བཟུང་མ་ཐག་ཏུ། ང་ལུམ་སྦྱར་གསུམ་གྱི་སྐུ་འཁོར་རྣམས་ཀྱིས་གྲི་རུབ་བརྒྱབ་ཏེ་བཀྲོངས། དེ་དང་དུས་མཚུངས་སུ་གཙུག་ལག་ཁང་གི་བར་ཁྱམས་སུ་ཡོད་པའི་དའི་ཆིང་གི་ཞབས་གྲས་མང་པོ་བསད། ཞབས་གྲས་གཞན་པ་རྣམས་ཀྱང་བཟུང་། དེའི་ཕྱི་ཉིན་དའི་ཆིང་གི་བཞུགས་གནས་སུ་ཕྱིན་ཏེ་ལྕམ་ཆེ་ཆུང་གཉིས་ཀ་བསད། བྱང་ཕྱོགས་ནག་ཆུ་ཁར་དམག་གཏོང་སྟེ་དའི་ཆིང་གི་ཕྱོགས་གཏོགས་ནག་ཆུ་མཁན་པོ་སོགས་བསད། དྭགས་ཀོང་ཕྱོགས་སུ་དའི་ཆིང་བཱ་ཐུར་ཕྱོགས་ལ་ངོ་རྒོལ་བྱ་དགོས་པའི་བརྡ་ཁྱབ་བསྒྲགས། སྐྱིད་པ་ཐང་པ་དང་། བཀྲ་ཤིས་དཔལ་བ། སྐྱ་ཁང་པ་སོགས་དམག་དཔུང་དང་བཅས་པ་གཙང་ཕྱོགས་སུ་བཏང་ནས་ཕོ་ལྷ་བ་ཚར་གཅོད་དགོས་པའི་བཀའ་ཕེབས། སྐབས་དེར་སྐྱིད་སྦུག་དབང་འདུས་ལྷ་ས་ནས་རང་གཞིས་སུ་ཕེབས་པའི་ལམ་བར་དུ་དའི་ཆིང་བཱ་ཐུར་ཁང་ཆེན་པ་བསད་པའི་གནས་ཚུལ་ཐོས་མ་ཐག་ཏུ། སྐུ་འཁོར་སྤེན་པ་རིངས་སྟབས་ཀྱིས་ཕོ་ལྷ་བའི་མདུན་དུ་བང་མི་བཏང་བ་འབྱོར་ཏེ་སྙན་ཞུ་ཕུལ། །

ཕོ་ལྷ་བས་དབུས་རྒོལ་བྱས་པ། ཕོ་ལྷ་བས་བསམ་གཞིག་ནན་ཏན་བྱས་མཐར་འཆར་གཞི་གསུམ་བཀོད་པར། 1.བྱང་ལམ་དུ་ཐོན་ཏེ་ཟིང་ལིང་བརྒྱུད་ཆིང་གོང་མ་ཆེན་པོའི་ཞབས་དྲུང་བཅར་རྒྱུ། 2.སྟོད་མངའ་རིས་སྐོར་གསུམ་དང་། གཙང་ཁུལ་གྱི་མི་མང་བསྐུལ་སློང་བྱས་ཏེ་དགྲ་བོ་དེ་རྣམས་ལ་དམག་འཐབ་བྱེད་པ། 3.རེ་ཞིག་ས་དགའ་དྲོ་ཤོད་ཁུལ་གྱི་ས་ཆ་བཟུང་སྟེ་སླད་ཕྱིན་རིམ་བཞིན་ཕར་རྒོལ་བྱེད་རྒྱུ། བཅས་འཆར་གཞི་གསུམ་པོ་ཤོག་དྲིལ་བྱས་ཏེ་རྟེན་གསུམ་གྱི་དྲུང་དུ་བརྟག་སྒྲིལ་ཞུས་པར། དོན་ཚན་གཉིས་པ་སྟོད་གཙང་གཉིས་ཀྱི་དྲག་ཤུགས་བསྐུལ་རྒྱུ་བབས་པ་དེ་ཉིད་ཐུགས་ཐག་བཅད། སྒོས་གཞིས་ལ་དྲག་པོའི་འགོག་སྲུང་གི་བཀོད་འདོམས་གནང་ཞིང་རིངས་སྟབས་ཀྱིས་གཤེགས། དབུས་དམག་རྣམས་དེར་འབྱོར་པ་དང་ཕོ་ལྷ་བའི་རྗེ་མ་ཟིན་པ་ཕྱིར་ལོག་དགོས་པ་བྱུང་། ཕོ་ལྷ་བས་སྲས་བགྲེས་གཞོན་གཉིས་དང་སྐུ་འཁོར་ཧྲག་སྒྲུག་རྟ་དམག་དྲུག་ཅུའི་སྐོར་ཁྲིད་ནས་ལ་སྟོད་དེིང་རིའི་ཕྱོགས་སུ་ཕེབས། །

དེ་ནས་ཤེལ་དཀར་རྫོང་གི་དམག་དཔོན་ལྕང་ལོ་ཅན་དང་། བསམ་གྲུབ་གླིང་པ། ངམ་རིང་རྫོང་གི་དམག་དཔོན་ནུ་མ་བ་སོགས་ལ་ཡི་གེ་བཏང་སྟེ། དམག་དཔུང་བསྡུ་ནས་དུས་འཛོམས་དགོས་པ་དང་། ལྷ་རྩེའི་རྫོང་དཔོན་ལྷ་ས་བ་ས་གྲུ་ཤར་པ་དང་། བཙན་ཡུལ་བ་གཉིས་ཟུངས་ཤིག་ཅེས་གནང་བར། ནུ་མ་བས་ཁས་མ་བླངས་པ་མ་ཟད། ལྷ་རྩེའི་རྫོང་དཔོན་གཉིས་ལ་གསང་བརྡ་བཏང་ནས་བྲོས་བཅུག་པ་རེད། ལྕང་ལོ་ཅན་པ་ནི་མྱུར་སྟབས་ཀྱིས་ཞབས་རྗེས་སྙེགས་ནས་འབྱོར། དེ་ནས་སྤོ་རོང་དུ་ཕེབས་པ་དང་འགོ་དཔོན་ཨ་ཇོས་རྟ་དམག་བརྒྱ་ཕྲག་གཅིག་གཏོང་རྒྱུའི་ཁས་ལེན་བྱས། དེ་ནས་དཔལ་ཁུད་དུ་སླེབས་པ་དང་སྦྱར་ར་བའི་ཚོང་པ་ཇ་སིག་གཡག་རྒྱབ་བརྒྱད་ཅུ་ཅན་གྱི་ཚོང་པ་དང་འཕྲད་པས་ཚོང་རྫས་རྣམས་བཅོམ། ལག་དོ་ནས་ཅི་བདེར་གློད། དེ་ནས་རྫོང་དགའ་དུ་འབྱོར་པ་དང་སྡེ་འབངས་འབྱོར་ལྡན་རྣམས་ལས་རྟ་བཞི་བཅུ་ཙམ་བསྡུས། རྫོང་དཔོན་ས་ལྷ་བ་ང་ལུམ་སྦྱར་གསུམ་གྱི་གྲོགས་ཡིན་སྟབས་བཟུང་སྟེ་མངའ་རིས་སུ་བཙོན་དུ་བཅུག ཡུལ་དེར་ང་ཕོད་པའི་ཚོང་དྲེའུ་ཉེར་གསུམ་ཅན་ཐུག་པ་དེ་བཅོམ། ལག་དོ་རྣམས་སྐྱིད་གྲོང་དང་། གནའ་ནང་དུ་བརྫངས་ནས་བཙོན་དུ་བཅུག དེ་ནས་ས་དགར་དུ་འབྱོར་པ་དང་འགོ་དཔོན་ཨུའི་ཙི་ནོ་ཡོན་གྱིས་ཕོ་ལྷ་བའི་བཀའ་བཞིན་བསྒྲུབ་རྒྱུ་དམ་བཅས། དེ་ནས་དའི་ཆིང་བཱ་ཐུར་གྱི་གཅེན་དགའ་བཞི་ཚེ་བརྟན་བཀྲ་ཤིས་མངའ་རིས་སྐོར་གསུམ་གྱི་སྤྱི་ཁྱབ་ཏུ་ཡོད་པ་དེ་ལ་ལྷ་སའི་དོན་རྐྱེན་རྣམས་ཞིབ་ཕྲ་དཀོད་པ་དང་། མྱུར་དུ་དམག་དཔུང་འདེགས་དགོས་པའི་ཡི་གེ་ཞིག་བྲིས་ཏེ་ཡིག་སྐྱེལ་ཀུན་ར་ཤར་པ་བང་མི་བརྫངས། ཟླ་བ་བདུན་པའི་ཚེས་17ཉིན་ཕོ་ལྷ་བས་དམག་སྣ་དྲངས་ཏེ་ས་དགའ་དང་། དྲོ་ཤོད། ཟང་ཟང་སོགས་ཀྱི་དཔུང་ཚོགས་དང་བཅས། བྱང་ངམ་རིང་དང་། ལྷ་རྩེ་། ཕུན་ཚོགས་གླིང་སོགས་ཀྱི་དམག་དཔུང་རྣམས་བསྡུ་ཞང་རིམ་གྱིས་ཕེབས།

དུས་དེར་སྐྱིད་པ་ཐང་པ་དང་། སྐྱང་ཁང་པ་སོགས་ཀྱི་དམག་དཔུང་འབྲུམ་ཕོ་ལྷ་ནས་ཕྱིར་ལོག་པའི་སྐབས་སུ་རྒྱལ་རྩེའི་བཙན་རྫོང་བཟུང་བ་དང་། མི་རིང་དབུས་དམག་དང་། དྭགས་ཀོང་གི་དམག་གཙན་དུ་འབྱོར་གྲབས་ཡོད་པའི་གནས་ཚུལ་ཐོས་རྗེས། གཙང་ཁུལ་གྱི་དཔོན་རིགས་འབྲོང་རྩེ་བསྟན་འཛིན་ནོ་ཡོན་དང་། སྣང་དཀའ་བ། དགའ་བོ་པ་སོགས་ཡུལ་སོ་སོའི་དཔོན་རིགས་རྣམས་དང་། རུ་དཔོན། ལྡིང་དཔོན་དང་བཅས་པས་གཙང་དམག་ཁྲིད་དེ་ཁ་རོ་ལ་ཁར་འཛིང་རྒས་བརྒྱབ་ནས་འགོག་སྲུང་བྱས། དབུས་དམག་དེར་འབྱོར་པ་དང་འཐབ་འཁྲུང་ཐེངས་འགའ་བྱས་ཏེ་ཕམ་རྒྱལ་དབྱེ་མ་འབྱེད་པའི་སྐབས་དེར་གཙང་དམག་རྣམས་མདེའུ་རྫོགས་ནས་ཕྱིར་འཐེན་བྱ་དགོས་བྱུང་བ་དང་། འཕྲལ་དུ་ཕོ་ལྷ་བའི་རྩར་དམག་རོགས་ཞུ་བསྐུལ་བང་མི་ཀུན་བཟང་སོགས་མངགས། ཁོ་ཚོས་ལམ་བར་དུ་གཙང་ལྗོངས་ཀྱི་དམག་དཔོན་ནུ་མ་བས་དབུས་ཕྱོགས་སུ་བཏང་བའི་བང་མི་ཞིག་འཛིན་བཟུང་བྱས་ཏེ་བསྔོག་བཤེར་བྱས་པར། རྒྱལ་བ་རིན་པོ་ཆེ་ལ་འབུལ་རྒྱུའི་དར་དཀར་པོ་ཞིག་གི་སྣེར། ཁོ་བོ་ནི་བསམ་རྒྱུ་དང་བྱ་རྒྱུ་བླ་མ་ཁྱེད་ཀྱི་དོན་ལས་མ་མཆིས་སོ། ཞེས་ཤོག་ལྷེབ་ཅིག་བཏགས་ཡོད་པ་དང་། ཡབ་རྗེ་ལ་ཕུལ་རྒྱུའི་ཞུ་འཕྲིན་ནང་། ཕོ་ལྷ་ཐའི་ཇི་མངའ་རིས་སུ་དཔུང་ཚོགས་བསྐུལ་བར་སོང་ངེས། འདམ་གཞུང་གི་སོག་རིགས་དའི་ཆིང་ལ་དགའ་བ་རྣམས་དང་ལག་མ་འབྲེལ་གོང་གཙང་ལྗོངས་ཡོངས་སུ་ཚར་གཅོད་དགོས། ཞེས་སོགས་བྲིས་པ་ལག་ཏུ་འབྱོར་བས་ཕོ་ལྷ་བ་རབ་ཏུ་ཁྲོས་ནས། ཞབས་གྲས་བསྟན་འཛིན་དགོས་སྐྱེས་སོགས་བློན་པོ་བཅུ་ཙམ་མངགས་ནས། གཞིས་རྩེར་ལྡིང་ཆེན་པ་ཕ་བུ་གཉིས་སར་སོང་ལ། ལྡིང་ཆེན་པས་ན་རྫུ་བཏབ་སྟེ་དོན་གལ་ཆེ་ཞིག་གྲོས་མོལ་ཞུ་དགོས་ཞེས་མགོ་བསྐོར་གཏོང་དགོས་པའི་བཀའ་མངགས་གནང་། ཁོ་ཚོས་དེ་བཞིན་བྱས་པས་ནུ་མ་བ་དོགས་པ་མེད་པར་གཞིས་རྩེ་རྫོང་དུ་འབྱོར་པ་དང་། ཕོ་ལྷ་བའི་ཞབས་འབྲིང་རྣམས་གློ་བུར་དུ་ཐོན་ཏེ་འཛིན་བཟུང་བྱས། ཡན་ལག་རྣམས་བསྡམས་ཏེ་གཞིས་རྩེ་རྫོང་གི་ཡང་སྟེང་ནས་གཡུག་སྟེ་བསད། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1