མགོ་ལོག་འབྲུག་སྐྱབས་ཀྱི་འདྲ་པར་བརྩམས་ཆོས་བདམས་བཀོད།འབྲོང་།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 09-05


        

འབྲོང་ནི་མིས་བདག་ཏུ་མ་བཟུང་བར་རི་དང་སྤང་ཐང་དུ་རང་གར་འཚོ་བའི་རི་དྭགས་ཀྱི་རིགས་ཕོ་རྭ་མོ་རྭ་ཅན་ཞིག་སྟེ། གཟུགས་སྟོབས་གཡག་ལས་ཆེ་ལ་དབྱིབས་གཡག་དང་འདྲ། སྤུ་མདོག་བྲེ་བོ་མཆུ་སྐྱ་ཞད་ཅན། སུག་བཞི་སྤོམ་ལ་ཅུང་ཐུང་བ། རྨིག་པ་ཆེ་བ་དང་། ཨོལ་མ་དང་སྦོ་གཤམ་གྱི་རྩིད་པ་ནག་པོ་རྩུབ་ཅིང་རིང་བ་དང་། རྔ་མ་ནག་པོ་གཤམ་གྱི་རྩིད་པ་དང་མཉམ་པ། ཁུ་ལུ་མཐུག་པོ་སྐྱེས་པ་འཇམ་ལ་ཅུང་ཐུང་བ། རྭ་སྤོམ་ཞིང་རིང་ཚད་འདོམ་གང་ཙམ་ཡོད་པ། མོའི་རྭ་ཕོ་ལས་ཕྲ་ལ་གཟུགས་སྟོབས་ཀྱང་ཕོ་ལས་ཆུང་བ་ཡོད། སྤྱིར་བཏང་ཁྱུ་བྱས་ནས་རྒྱུ་བ་མང་ལ། འབྲི་གཡག་མཉམ་དུ་སྡོད་པའང་ཡོད། འཁྱགས་གྲང་ལ་མི་འཇིགས་ཤིང་ཟས་སུ་རྩྭ་རིགས་ཟ་བ་དང་དབྱར་དུས་ཆུ་འཐུང་ལ་དགུན་དུས་འཁྱགས་པ་ཟ། ལོ་གཉིས་ནས་གཟུགས་ཚད་ལོངས་བའི་མཐོ་སྒང་གི་སྲོག་ཆགས་ཁྱད་པར་བ་ཞིག་ཡིན། ། 




དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1