ཟླ་8པའི་ཚེས་21ཉིན། སི་ཁྲོན་དང་མཚོ་སྔོན་གྱི་ཁུལ་གསུམ་དང་རྫོང་བརྒྱད་ཀྱིས་སྐྱེ་ཁམས་སྲུང་སྐྱོབ་དང་། ནགས་ཚལ་སྤྱི་བདེ་ཅུས་ཀྱི་ཡུལ་ཁོངས་ལས་བརྒལ་བའི་སྤྱི་བདེའི་ལས་དོན་དང་། སྤྱི་བདེའི་ནུས་རྩལ་སྦྱོང་བརྡར་གྱི་ཚོགས་འདུ་འཛམ་ཐང་ནས་འཚོགས། ཚོགས་འདུ་ལས། རི་ཆུ་གཙང་བ་ཀུན་གྱི་མཆོག་ཅེས་པའི་ཞི་ཅིན་ཕིང་གི་སྐྱེ་ཁམས་ལྟ་བ་ལག་བསྟར་བྱས་ཤིང་། ཡུལ་ཁོངས་ལས་བརྒལ་བའི་སྤྱི་བདེའི་ལས་དོན་མཉམ་འབྲེལ་ལ་སྐུལ་མ་བྱས།
ཚོགས་འདུ་འདིར། རྔ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་འཇམ་དཔལ་སོགས་རྫོང་རིམ་པའི་དབུ་ཁྲིད་དང་། རྫོང་ཁག་བརྒྱད་ཀྱི་ནགས་རྩལ་སྤྱི་བདེ་ཅུས་ཀྱི་འགན་འཛིན་པ་གཙོ་བོ། དེ་མིན་སྤྱི་བདེ་ལས་མི་འགའ་དང་འབྲེལ་ཡོད་སྡེ་ཁག་གི་ལས་བྱེད་མི་སྣ་སོགས་ཁྱོན་མི་300ལྷག་ཞུགས་ཡོད་པ་རེད།
ཚོགས་ཐོག་ཏུ་འཛམ་ཐང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཀྲང་ཝན་ཀའེ་ཡིས་གཏམ་བཤད་བྱས། ཁོང་གིས། རྫོང་སོ་སོའི་བར་གྱི་འབྲེལ་བ་དམ་སུ་བཏང་ནས། བསམ་བློ་གསར་བ་དང་དོ་དམ་གསར་བ་སྤྱད་དེ། ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོབ་དང་། ནགས་ཚལ་སྤྱི་བདེ་ལས་ཁུངས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། ལས་བགོས་མཉམ་འབྲེལ་དང་། ལེགས་ཆ་སྤེལ་རེས་ཀྱིས་ཡུལ་ཁོངས་ལས་བརྒལ་བའི་ནགས་ཚལ་སྲུང་སྐྱོབ་ལས་ཀར་སྐུལ་འདེད་བྱས་ཤིང་། ནགས་ཚལ་དང་དེར་གནས་ཀྱི་སྐྱེ་དངོས་སྲུང་སྐྱོབ་བྱས་ནས་ནགས་ཚལ་ཡུན་དུ་གནས་པར་འབད་དགོས་ཅེས་བཤད།
ཚོགས་འདུ་འདིར། སྤྱི་བདེ་ལས་དོན་གྱི་ནུས་རྩལ་སྦྱོང་བརྡར་གྱི་འགྲན་སྡུར་སྤེལ་ཡོད་ལ་རིག་རྩལ་འཁྲབ་སྟོན་གྱི་བྱ་འགུལ་ཡང་སྤེལ་ཡོད་པ་རེད། ཚོགས་འདུ་འདི་བརྒྱུད་ནས། གོམ་གང་མདུན་སྤོས་ཀྱིས་ནགས་ཚལ་སྤྱི་བདེ་ཅུས་ཀྱི་མཉམ་འབྲེལ་མངའ་ཁོངས་རྒྱ་བསྐྱེད་ཡོད་པ་དང་། ཡུལ་ཁོངས་སོ་སོའི་བར་གྱི་བཀག་རྒྱ་གཏོར་ཡོད་པས། སྔར་ལས་ལྷག་པའི་སྒོ་ནས་ནགས་ཚལ་གྱི་ཐོན་ཁུངས་སྲུང་སྐྱོབ་དང་སྐྱེ་ཁམས་དོ་མཉམ་ཐད་དུ་ནུས་པ་ཆེན་པོ་ཐོན་ཡོད་པ་རེད།