དུས་ཆེན་ཆ་ལུགས་སྤྲོ་སྟོན་སོགས། གནའ་ནས་ད་བར་ཉམས་པ་མེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


རྟ་རྒྱུག་དུས་ཆེན།

      ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ནི་ལོ་རེའི་སྤྱི་ཟླ་བདུན་པའི་ཚེས་ཉེར་ལྔ་ནས་བཟུང་ཚེས་ཉེར་དགུ་བར་ཉིན་ལྔ་ཡི་རིང་ལ་ཡོད་དེ། དུས་ཆེན་འདི་ནི་ཡུལ་ཤུལ་མང་ཚོགས་སྤྱི་ལ་དབང་བའི་རིག་རྩལ་སྣ་ཚོགས་འཛོམས་པའི་བྱ་འགུལ་ཞིག་ཡིན། དབྱར་ཟླ་བདུན་པ་ནི་ཡུལ་ཤུལ་གྱི་རྩྭ་དང་རྩི་ཤིང་ལ་གསོན་ཤུགས་རྒྱས་ཤིང་། རི་རྩེ་དང་རི་ཞོལ་ཡོད་དགུ་མེ་ཏོག་གིས་གང་སར་ཁྱབ་ཡོད་པ་མ་ཟད། སྔོ་བསང་གི་ནམ་མཁའ་དང་དྭངས་གཙང་གི་ཆུ་བོ་སོགས་མི་སེམས་རབ་ཏུ་བརྟས་པའི་རང་བྱུང་གི་མཛེས་ལྗོངས་པང་དུ། སྦྲ་གུར་ནི་ནམ་མཁའི་སྐར་ཚོགས་བཞིན་བཀྲ་ནས་ཅི་དགའ་ལོངས་སྤྱོད་དང་བདེ་སྐྱིད་དཔལ་ལ་རོལ་བ་དང་བསྟུན་ནས། བརྗིད་རྔམ་དང་དཔའ་འབར་གྱི་ཡུལ་ཤུལ་རྟ་རྒྱུག་དུས་ཆེན་ཡང་མགོ་ཚུགས་པ་ཡིན། དུས་ཆེན་འདི་ནི་སྟག་ཤ་ར་ཞིག་གི་དཔལ་རྩལ་ངོམ་སའི་གར་སྟེགས་ལྟར། རྟ་ཐོག་ཏུ་མདའ་འཕེན་པ་དང་རྟ་ཐོག་ནས་མེ་མདའ་འགྲན་པ། རྟ་ཐོག་ནས་ཁ་བཏགས་ལེན་པ་སོགས་རྟ་རྒྱུག་དང་གོམ་གཤིབས། མགྱོགས་དར་ལེན་པ་བཅས་སྣ་མང་ཕུན་ཚོགས་ཀྱི་རྟ་ཐོག་གི་རྩེད་རིགས་དང་འབྲེལ་བའི་རྣམ་གྲངས་གང་མང་ཡོད། གཞན་ཡང་གླུ་གཞས་བྲོ་གསུམ་དང་རྒྱུ་ངོམ། ཤུགས་རྡོ་འགྲན་པ་དང་འཐག་འཕེན་འགྲན་བསྡུར། སྒ་ཞོ་ལེན་པ་དང་སྒུར་འཐེན་པ་སོགས་དམངས་ཁྲོད་ནས་དར་ཆེ་བའི་རིག་རྩལ་གྱ་ནོམ་པ་འཛོམས་ཡོད། །


ཡུལ་ཤུལ་གྱི་གྱོན་ཆས།

       གནས་འདི་གའི་སྡེ་པའི་བར་གྱི་གྱོན་ཆས་སྐོར་ལ་མི་འདྲ་ས་ཕྲན་བུ་རེ་ཡོད་ཀྱང་སྤྱི་མཐུན་ཙམ་བཤད་ན། གྱོན་ཆས་ལ་སེར་གོས་དང་སྐྱ་གོས་གཉིས་འདུས། སེར་གོས་ནི་བླ་གྲྭ་རྣམ་པའི་གྱོན་ཆས་ཏེ་གཟན་དང་ཤམ་ཐབས། འགག་ཐུང་དང་འགག་རིང་། སྟོད་འབོག་སོགས་ཡོད་ལ། རྒྱུ་ཆ་གཙོ་བོ་ནི་རས་དང་ཐེར་མ། ཕྲུགས་དང་གོས་ཆེན་བཅས་ཡིན། དེ་དག་གི་ཞྭ་མོ་ལ་བླ་མ་རྣམ་པར་ཨོ་རྒྱན་པད་ཞྭ། པདྨ་ཁ་འབུས། ཞྭ་མོན། གསེར་ཞྭ་བཅས་དང་། སྔགས་པ་ལ་ཞྭ་ནག་དང་ཕོ་རོག་མཐུ་ཞྭ། གཅོད་པ་རྣམས་ལ་གཅོད་པའི་དམ་ཞྭ་བཅས་དང་། གྲྭ་པ་རྣམས་ལ་རྩེ་ཞྭ་དང་སྒོམ་ཞྭ་བཅས་ཡོད། འཕྱོར་གོས་ལའང་ཐོར་སྣུམ་དང་། ཐེར་མ། ཕྲུགས་དང་རྒྱ་རྩི་སོགས་ལས་བཟོས་པ་དང་། དགོན་ཁག་ལ་ལས་སྟོད་འབོག་ལ་ཆུ་སྲམ་ཕྲ་བསྡེབས་པའི་མཐར་རྒྱན་ཡོད། སྐྱ་གོས་ལ་རྒྱུན་པར་སློག་པ་དང་ཚར་སློག་དང་ཕྲུགས་ལྭ་སོགས་ཡོད་ལ། ཕོ་གོས་ཕུ་དུང་རིང་ལ་མར་ཐུང་བ་དང་མོ་གོས་ནི་མར་རིང་ལ་ཕུ་དུང་ཐུང་བ། སྐྱེས་པའི་སློག་གོས་མཐར་རས་ནག་གིས་བརྒྱན་པ་དང་། སྐྱེས་མའི་སློག་པར་རས་དམར་ནག་དང་གོས་ཆེན་སྔོན་པོ་ཅི་རིགས་ཡོད། ལོ་གསར་སྐབས། སྐྱེས་པ་རྣམས་ཀྱིས་ལྷུ་སློག་དང་ལྷུ་ཚར། ཚར་གོས། གཡི་གོས་ཅི་རིགས་ལ་སྟག་ལྤགས་སམ་གཟིག་ལྤགས། སྲམ་ལྤགས་ཀྱིས་མཐའ་རྒྱན་པ་གོན་པ་དང་། སྐྱེས་མ་རྣམས་ཀྱིས་ལྷུ་སློག་དང་ཚར་གོས་སོ་མ་སྲམ་ལྤགས་ཁྲུ་གང་ཙམ་གྱིས་མཐར་རྒྱན་པ་གོན་པ། བོད་མི་བསམ་པའི་འདུ་སེམས་མཐོར་སོང་སྟེ། ཁོར་ཡུག་སྲུང་སྐྱོབ་དང་མི་དང་སེམས་ཅན་བར་གྱི་འཆམ་མཐུན་ལ་དམིགས་ཏེ། སྲམ་ལྤགས་སོགས་གཅན་གཟན་དང་སེམས་ཅན་གྱི་པགས་ལྭ་མི་གྱོན་སྲོལ་གསར་དར་བས། ཉེ་ཆར་གཅན་གཟན་གྱི་པགས་རིགས་གྱོན་མཁན་མེད་ཅིང་དེའི་དོད་དུ་རྒྱ་གར་ནས་དར་བའི་གོས་ཆེན་གྱི་རིགས་སྣ་ཚོགས་དང་རྒྱ་ནག་དང་བལ་ཡུལ་སོགས་ནས་དར་བའི་རས་དར་ཀྱི་རིགས་སྣ་ཚོགས་བཟོས་པའི་གནའ་དེང་ཟུང་དུ་འབྲེལ་བའི་གོས་རིགས་སྣ་མང་ཕུན་སུམ་ཚོགས་པ་གྱོན་སྲོལ་དར། དེ་མིན་ཕྲུགས་དང་སྣམ་བུ། ཐེར་མ། གོས་ཆེན་སོགས་ལས་བཟོས་པའི་གྱོན་ཆས་སྣ་ཚོགས་ཡོད་ཀྱང་དེ་དག་ནི་དུས་སྟོན་འདྲ་མིན་དང་དུས་བཞིའི་འགྱུར་ལྡོག་དང་བསྟུན་ནས་གྱོན་སྲོལ་ཡོད། མི་སྐྱ་རྣམས་ཀྱི་ཞྭ་མོ་ལ། ཝ་ཞྭ་དང་ཕྱིང་ཞྭ། གཡི་ཞྭ། ཚར་ཞྭ། ཞྭ་མོ་ཚེ་རིང་བཅས་དང་། རྐང་ལྷམ་ལ་ཀོ་ལྷམ། རྡོག་རྩེག རྡོག་རྐྱང་། འཇུར་རྟ། ཕྲུགས་ལྷམ། ཕྱིང་ལྷམ། སྣམ་ལྷམ། རས་ལྷམ་བཅས་དང་། རྒྱན་ཆ་ལ། སྐྱེས་པ་ཚོར། ཝ་ལུང་། སྐེད་གྲི། གློ་གྲི། མདའ་ཤུབས། གའུ། མེ་ཆ། གཟི་ཡི་སྐེ་རྒྱན། བ་སོའི་གདུ་བུ་སོགས་དང་། སྐྱེས་མ་ཚོར། སྤོས་ཤེལ། བྱུ་རུ། གཡུ། གཟི། ཆོང་། རྣ་ལུང་། སོར་གདུབ། གའུ། གདུ་བུ། གྲི་ཆུང་། ཁབ་ཤུགས། སྒྱིད་སྒྲོག སིལ་སིལ། ཆབ་ཁྲ། དུང་ཆང་། བཞོ་ཆངས། གློ་ལུང་། སྐྲ་རྒྱན། གློ་ཁུག མེ་ལོང་། ཕྲེང་བ། མཛུབ་དཀྲིས་བཅས་རྣམ་པ་སྣ་ཚོགས་ཡོད། །  





དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1