ཡུལ་ཤུལ་གུ་ཚ་ལྷ་ཁང་ནས། གནའ་བོའི་ལྡེབས་རིས་གསར་དུ་རྙེད།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


        གུ་ཚ་ལྷ་ཁང་ནི་ཡུལ་ཤུལ་ཁྲི་འདུ་རྫོང་སྒ་སྟོད་ཤང་གི་ཉེ་སར་ཡོད་ཅིང་། ལྷ་ཁང་ནང་གི་ལྡེབས་རིས་ནི་སྤྱི་ལོ་1267ནས་1270ལོའི་བར་དུ་བཞེངས་པར་གྲགས། ལྷ་ཁང་གི་ཕྱོགས་བཞིའི་གྱང་ངོས་ཚང་མ་ལྡེབས་རིས་ཀྱིས་བཀང་ཞིང་། ལྡེབས་རིས་ཀྱི་ཚོན་མདོག་དང་གཟུགས་རིས་གང་གི་ཆ་ནས་ཀྱང་མི་རྣམས་ལ་གནའ་དུས་ཀྱི་ཚོར་སྣང་ཞིག་ངང་གིས་སྟེར་འོང་། རྒྱབ་ལྗོངས་ཀྱི་འོད་མདངས་དང་རྒྱན་སྤྲས། པད་འདབས་བཞུགས་ཁྲི་བཅས་ཀྱི་རི་མོའི་གྲུབ་ཚུལ་སོགས་གང་ཐད་ནས་ཀྱང་གཞན་ཡུལ་གྱི་འཆར་སྣང་ཟབ་མོ་ཞིག་སྤྲོད་བཞིན་འདུག གྱང་ལྡེབས་ཀྱི་སུམ་ཆའི་གཅིག་ཙམ་ད་དུང་ཡང་འདག་ཞལ་གྱིས་གཡོག་འདུག་ལ། གྱང་གི་སྨད་ཙམ་དུ་མཐོ་ཚད་ལི་སྨི་50ཙམ་དང་རིང་ཚད་ལི་སྨི་70ཙམ་གྱི་མཆོད་སྒྲོམ་ཞིག་འདུག ཤར་ཕྱོགས་སུ་རིང་ཚད་སྨི་10དང་མཐོ་ཚད་སྨི་3ཙམ་ཡོད་པའི་གྱང་ལྡེབས་དེ་ངོས་གཙང་ཞིང་གསལ་བ་དེའི་ཐོག་ཏུ་རྒྱལ་བ་རིགས་ལྔའི་ལྷ་རྣམས་ཏེ་མི་བསྐྱོད་པ་དང་། སྣང་བ་མཐའ་ཡས། རྣམ་པར་སྣང་མཛད། རིན་ཆེན་འབྱུང་ལྡན། དོན་ཡོད་གྲུབ་བཅས་རིམ་བཞིན་གཡོན་ཕྱོགས་ནས་གཡས་སུ་བཞུགས་འདུག


        དབུས་སུ་རྣམ་པར་སྣང་མཛད་ཀྱི་སྐུ་ནུབ་ཏུ་ཁ་ཕྱོགས་པ་ཞིག་ཡོད་པ་དེའི་ཞལ་བཞི་སྟེ་གཡས་གཡོན་གཉིས་སུ་ཞལ་མདོག་དཀར་པོ་ཅུང་རིང་བའི་གྲུ་བཞིའི་དབྱིབས་ཀྱི་ཐོག་དཀྱུས་རིང་ཞིང་འཁྱོག་པའི་སྤྱན་ཟུང་དག་རི་མོ་ཕྲ་ཞིང་འབྲི་ཐེངས་གཅིག་གིས་བྲིས་པ་ལྟར་སྣང་། ཤང་ཆུང་ལ་མཆུ་སྒྲོས་ཕྲ་ཞིང་རིང་བ། མཆུ་གཉིས་འཕྲད་མཚམས་སུ་དམར་ཟུར་ཅུང་ལྡན་པ། རྣ་རྒྱབ་ཕྱོགས་སུ་དཀྱུས་པའི་སྒོ་ནས་མར་དཔྱང་པའི་སྣེ་མོ་དྲང་ཐད་ལྟ་བུ་ཞིག་འདུག སྐུ་ཡི་གཟུགས་ཚད་ཆེ་ཆུང་ལ་གྱང་ཚད་ཀྱི་སུམ་ཆའི་གཉིས་ཙམ་དང་ཞབས་གཉིས་ཀྱི་མཐིལ་སེར་པོ་དང་སེན་མོ་ཤ་མདོག་དང་ལྡན་པ། སྐུ་ལུས་འབུར་དོད་སོགས་མེད་པར་ངོས་སྙོམས་སུ་བྲིས་ཡོད་ལ། ཞལ་རས་སོགས་ཚུགས་ཉམས་ཐད་ཤ་ཚུགས་ཉམས་དོད་བྱས་མེད་ཅིང་། ཕྱག་གཉིས་མཉམ་བཞག་གིས་ཕྱག་གཡས་པ་དག་གཡོན་པའི་སྟེང་ཁ་སྦྱོར་གྱི་ཚུལ་དུ་ལྟོ་བའི་ཐད་དུ་ཆོས་འཁོར་གྱི་ཕྱག་རྒྱ་འཛིན་པ། རིགས་ལྔ་ལས་གཡོན་ཕྱོགས་ཀྱི་ཆེས་སྣེ་མོར་སྐུ་མདོག་སྔོན་པོར་བཞུགས་པའི་མི་བསྐྱོད་པ་ནི། ཕྱག་གཡོན་དུ་མཉམ་བཞག་གི་ཕྱག་རྒྱ་དང་ཕྱག་གཡས་པར་ས་གནོན་གྱི་ཕྱག་རྒྱ་མཛད་པ། དབུ་ལ་རིགས་ལྔའི་ཅོད་པན་གསོལ་ཞིང་། སྐུ་སྐྱིལ་ཀྲུང་བཞུགས་པ། ན་བཟའ་དང་མཛེས་རྒྱན་སོགས་གཙོ་ལྷ་དང་གཅིག་མཚུངས་སུ་སྣང་གཡས་གཡོན་གཉིས་སུ་བྱང་ཆུབ་སེམས་དཔའ་ཆེན་པོ་སྐུ་མདོག་ཟླ་བ་ལྟར་དཀར་པོ་དང་སྐུ་མདོག་ཉི་ལ་ལྟར་སེར་པོ་གཉིས་འདུག རྟ་མཆོག་གིས་བཏེགས་པའི་བཞུགས་ཁྲིའི་རྒྱབ་བརྟེན་སྟབས་བདེ་དང་དཀྱིལ་ངོས་སུ་སྐུ་མདོག་སེར་པོའི་ལྷ་ཚོགས་དང་དེའི་གཤམ་དུ་འཁོར་རྣམས་ཕྲེང་གཉིས་སུ་བསྟར་ཡོད། སྐུ་མདོག་སེར་པོའི་སེམས་དཔའ་དག་ཅུང་ཁ་གསལ་བ་ལས་ལྷ་གཞན་པ་རྣམས་ཅུང་མི་གསལ་བའི་མོག་པོར་གྱུར་འདུག བཞུགས་ཁྲིའི་སྟོད་དུ་ལྷ་ཚོགས་མཆེད་བརྒྱད་དང་། གཡོན་ཕྱོགས་ཀྱི་སྤྱན་རས་གཟིགས་འགྲོ་འདུལ་ཕྱག་བཞི་པ་དང་གཡས་ཕྱོགས་ཀྱི་རྡོ་རྗེ་འཆང་གཉིས་ཕུད་པའི་ད་དུང་ལྷ་ཚོགས་37ནས་ལྷ་དྲུག་དང་མདུན་གྱི་ལྷ་གཅིག་དང་བཅས་པ་ཅུང་གསལ་བར་འདུག

        གཡོན་ཕྱོགས་ཀྱི་རིམ་པ་གཉིས་པར། པདྨ་རཱ་གའི་མདོག་ཅན་གྱི་འོད་དཔག་མེད་ཀྱི་སྐུ་དེ་ཕྱག་གཉིས་མཉམ་བཞག་གི་སྟེང་ན་ལྷུང་བཟེད་འཛིན་པ། ཆོས་གོས་དང་དབུ་རྒྱན་རྣམས་ཅུང་འདྲ་ཞིང་། ཞབས་གཉིས་སྐྱིལ་ཀྲུང་གི་བཞུགས་པ། གཡས་སུ་བྱང་ཆུབ་སེམས་དཔའ་སྤྱན་རས་གཟིགས་སྐུ་མདོག་དཀར་པོ་དང་། གཡོན་དུ་བྱང་ཆུབ་སེམས་པ་མཐུ་ཆེན་ཐོབ་སྐུ་མདོག་སྔོན་པོ། གླང་པོའི་ཆེའི་ཁྲི་ལ་བཞུགས་པ། ལྷ་ཚོགས་ཀྱི་གཤམ་དུ་དཔའ་བོ་སྐུ་མདོག་དཀར་པོ་བཞི་དང་། ད་དུང་ལྷ་སྐུ་ཆུང་བ་ཧ་ཅང་མང་པོ་ཞིག་འདུག་ཀྱང་གྱང་ལྡེབས་དམའ་བའི་སར་བརླན་གྱིས་ཟིན་ནས་ཞིག་རལ་ཏུ་གྱུར་ནས་ངོས་འཛིན་ཐབ་བྲལ་བར་གྱུར་འདུག

        གཙོ་ལྷའི་གཡོན་ཕྱོགས་སུ་སྐུ་མདོག་དམར་སེར་གྱི་རིན་ཆེན་འབྱུང་ལྡན་བཞུགས་ཤིང་། ཕྱག་ཏུ་ཆོས་འཁོར་དང་ཞབས་གཉིས་སྐྱིལ་ཀྲུང་གི་བཞུགས་པ། ཆོས་གོས་དང་གཙུག་རྒྱན་སོགས་གོང་དང་གཅིག་མཚུངས་སུ་སྣང་ཞིང་། སྐུ་མདོག་དམར་པོའི་ཀུན་ཏུ་བཟང་པོ་དང་ས་ཡི་སྙིང་པོ་གཉིས་གཡས་གཡོན་དུ་པད་འདབ་ཐད་དུ་བསྐྱང་ཞིང་འདབ་ལག་ཚོན་སྣ་ལྔ་ཡིས་རྒྱན་པའི་རྨ་བྱའི་ཁྲི་ལ་བཞུགས་པ། བཞུགས་ཁྲིའི་དཀྱིལ་དུ་མཛེས་རྒྱན་ཅུང་ཐུང་ཞིང་ལྷ་ཚོགས་ཀྱི་དཀྱིལ་འཁོར་ཡོད་པ། དེའི་འོག་ཏུ་སྐུ་མདོག་དམར་པོའི་དཔའ་བོ་བཞི་དང་། ལྷ་ཆུང་བའི་རིགས་སྣ་ཚོགས་འདུག་ཀྱང་གསལ་པོར་མཐོང་མི་ཐུབ།

        གཡོན་ཕྱོགས་གཉིས་པར། སྐུ་མདོག་ལྗང་གུའི་དོན་ཡོད་གྲུབ་པ་སྐྱིལ་ཀྲུང་གི་རྨ་བྱའི་ཁྲི་ལ་བཞུགས་ཤིང་། དབུ་རྒྱན་སོགས་གོང་དང་མཚུངས། གཡས་གཡོན་གཉིས་སུ་སྐུ་མདོག་དམར་སེར་གྱི་ས་ཡི་སྙིང་པོ་དང་། སྐུ་མདོག་སྔོན་པོའི་སྒྲིབ་པ་རྣམ་སེལ། བཞུགས་ཁྲིའི་དཀྱིལ་དུ་གོང་མཚུངས་བཞིན་ལྷ་ཚོགས་དང་དཔའ་བོ་བཞི་ཡོད་ཅིང་། འོན་ཀྱང་རིག་གསར་གྱི་དུས་སུ་ལྷ་ཁང་འདི་ཐབ་ཚང་དུ་བཀོལ་བས་དོན་ཡོད་གྲུབ་པའི་སྐུ་དང་བཞུགས་ཁྲི་སོགས་དུ་དྲེག་ཀྱིས་སྒྲིབ་སྟེ་འགའ་ཤས་ཤིག་མིག་གི་ལོངས་སུ་སྤྱོད་ཐབས་བྲལ་འདུག

        ནུབ་ངོས་ལྡེབ་བྲིས་དེའི་མདུན་ངོས་མཆོད་སྟེགས་ཀྱི་ཞལ་སྒོའི་ཐོག་ཏུ་སྟོན་པ་ཤཱཀྱ་ཐུབ་པའི་སྐུ་བརྙན་གཅིག་བཞེངས་འདུག་པ་དེ་ནི་ལག་བཟོའི་སྒྱུ་རྩལ་སོགས་གང་ནས་བལྟས་ཀྱང་དེང་དུས་བཞེངས་པ་ཞིག་རེད། འདི་ཡིས་ལྡེབས་རིས་ཀྱི་གྱང་ངོས་རྒྱ་ཆེན་པོ་ཞིག་སྒྲིབ་པ་དང་། ལྷག་མ་རྣམས་ལ་དུ་དྲེག་ཆགས་པ་དང་གས་ཆག་བྱུང་བ་སོགས་བགེག་རྐྱེན་སྣ་ཚོགས་བྱུང་ཏེ་ཞིབ་འཇུག་གི་ལས་ཀར་བཀའ་རྒྱ་ཆེན་པོ་བྱུང་འདུག ཡིན་ནའང་མག་མོག་གི་ཞལ་རས་དང་གས་ཆག་གི་དུམ་མེའི་ཡན་ལག་སོགས་ལས་དངོས་སུ་ཤེས་ཐུབ་པ་ནི་ཐུབ་པ་གཙོ་འཁོར་གསུམ་ཡིན་ཞིང་། སྟོན་པ་ཐུབ་པའི་དབང་པོ་མི་འཇིགས་སེང་གེའི་ཁྲི་ལ་བཞུགས་པའི་གཡས་གཡོན་དུ་ཆོས་གོས་དམར་སེར་གསོལ་བའི་ཤཱ་རིའི་བུ་ཡིས་ཐུགས་ཀར་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་དང་ཆོས་གོས་སྔོན་པོ་གསོལ་བའི་མོང་གལ་གྱི་བུས་ཕྱག་གཡོན་པར་ལྷུང་བཟེད་དང་གཡས་པར་མཁར་གསིལ་བསྣམས་པས་ཐུབ་པར་ཁ་ཕྱོགས་པ། དེའི་གཡས་གཡོན་དུ་གནས་བརྟན་བཅུ་དྲུག་བཞུགས་པ་ཞིག་འདུག


        ནུབ་ཕྱོགས་ཀྱི་གྱང་ལྡེབས་ངོས་སུ་ལྷ་ཚོགས་ཆུང་ཆུང་གྲངས་མེད་པ་ཅིག་རྡོ་རྗེའི་སྐྱིལ་ཀྲུང་གི་བཞུགས་ཤིང་། ལི་ཁྲིའི་མདོག་ཀྱི་ཆོས་གོས་མནབས་པ་ལས་ཕྱག་དཔུང་གཡས་པ་ཤ་རྗེན་དུ་ཐོན་པ། ཕྱག་གཉིས་ཆོས་འཆད་ཀྱི་ཕྱག་རྒྱ་མཛད་པ་རྣམས་བསྟར་ཕྲེང་ཉི་ཤུས་གང་བར་བྱས་འདུག སངས་རྒྱས་སྟོང་སྐུའི་ཚུལ་དུ་བྲིས་པའི་སྐུ་ཡོངས་ལ་གཙོ་བོ་ལྷ་གསུམ་བྲིས་འདུག་སྟེ། གཡོན་ཕྱོགས་སུ་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་དང་། གཡས་ངོས་སུ་ཚེ་དཔག་མེད་དང་སྤྱན་རས་གཟིགས། ཕྱག་ན་རྡོ་རྗེ་རྣམ་གསུམ་སོགས་བཞུགས་པ་ནི་ཁོ་བོས་ཞལ་འདམ་ཅུང་ཟད་རེ་ཕྱིས་པ་ལས་མངོན།

        ལྷ་ཁང་དབུས་མའི་ལྡེབས་རིས་གཙོ་བོ་བྱང་ངོས་སུ་ཡིན་པས་སྒོ་གཡས་གཡོན་གཉིས་སུ་ཡོད་པའི་ལྡེབས་རིས་ཐོག་ཏུ་བྱུགས་པའི་ཞལ་འདམ་ད་དུང་གཙང་སེལ་བྱས་མི་འདུག་ཀྱང་། ཕལ་ཆེར་ཤེས་ཐུབ་པ་ནི། མ་ཧཱ་ཀ་ལའམ་ནག་པོ་ཆེན་པོ་དང་། རྒྱལ་ཆེན་སྡེ་བཞི། གུར་གྱི་མགོན་པོ། སོགས་ཡི་དམ་དང་སྲུང་མ་རྣམས་བྲིས་འདུག གོང་གསལ་གྱི་ལྡེབས་རིས་ལས། ཤར་ཕྱོགས་སུ་ཀུན་ཏུ་སྣང་བའི་ལྷ་ཚོགས་དང་ལྷོ་ཕྱོགས་སུ་ཐུབ་པ་གཙོ་འཁོར་གསུམ་དང་གནས་བརྟེན་བཅུ་དྲུག་གི་སྐུ་དང་། གྱང་ལྡེབས་གཉིས་སུ་སངས་རྒྱས་སྟོང་སྐུ་དང་ཕྱག་སྟོང་སྤྱན་སྟོང་། འོད་དཔག་གཙོ་འཁོར་གསུམ་དང་། བྱང་ངོས་སུ་ཡི་དམ་གྱི་ལྷ་དང་སྲུང་མ་སོགས་བྲིས་འདུག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1