2008ལོའི་ཟླ5བའི་ཚེས12ཉིན། ཝུན་ཁྲོན་དུ་ས་འགུལ་ཆེན་པོ་བྱུང་ནས་སྐད་ཅིག་ཙམ་དུ་གནམ་རུབ་ཅིང་ས་གཡོས་ཏེ་འཇིགས་ཡེར་ཡེར་བྱེད། ལིས་རྫོང་མི་དམངས་སྨན་ཁང་གི་སྨན་པ་དང་ནད་གཡོག་རྣམས་ནད་པ་སྡོད་ཁུལ་ནས་སྨན་ཁང་གི་ས་སྟོང་ཞིག་ཏུ་གནས་སྤར། སྐབས་དེར། དབྱང་མའེ་ཟེར་བའི་སྦྲུམ་མར་བུ་བཙའ་ལ་ཡོད།
སྨན་པ་དང་ནད་གཡོག་དག་གིས་དབྱང་མའེ་སྤྱིལ་ཁང་ཞིག་ཏུ་བསྐྱལ་ཅིང་། མལ་གདན་འཐེན་ནས་སྨན་པ་ཝང་ཚའེ་ལན་སར་ཙོག་སྟེ་ཕྲུ་གུ་དམར་འབྱར་ལེན་པར་བྲེལ། རྗེས་འགུལ་རྒྱུན་མི་ཆད་པས་ཝང་ཚའེ་ལན་གྱི་གདོང་ནས་རྔུལ་ཆུ་ཡི་ཐིགས་པ་བར་མེད་དུ་འབབ་བཞིན་འདུག དཀའ་ཚེགས་ཀྱི་ལས་མང་དུ་བརྒྱུད་པ་ན་ཕྲུ་གུ་དམར་འབྱར་ཅིག་བཙས་བྱུང་།
མོའི་མིང་ལ་ཝུན་ཀྲིན་ཟེར།རང་བྱུང་གི་གནོད་འཚེ་ཆེ་དུས་ཚེ་སྲོག་ཆུང་ཆུང་དེ་ཡིས་ཁྱིམ་མི་རྣམས་ལ་རེ་བའི་འོད་སྣང་བསྩལ་ཡོད་ལ། ཉེ་འཁོར་གྱི་མི་རྣམས་ལ་རང་བྱུང་གནོད་འཚེ་ལས་རྒྱལ་བའི་ཡིད་ཆེས་བསྩལ་ཡོད། ལོ་ཟླ་རེ་རེ་སྐད་ཅིག་ཏུ་འདས་ནས་ལོ་འཁོར་བཅུ་ལོན་སོང་། ཝུན་ཀྲིན་ནི་ཕྲུ་གུ་དམར་འབྱར་ཅིག་ནས་གཅེས་པར་འོས་པའི་བུ་མོ་ཆུང་ཆུང་ཞིག་ཏུ་ལག་ཆགས་ཤིང་། ད་ལོར་མོ་ནི་སློབ་ཆུང་གི་ལོ་རིམ་གསུམ་པའི་སློབ་མ་ཞིག་ཡིན་ལ། སྣང་བ་སྐྱིད་པའི་བྱིས་དུས་ཀྱི་འཚོ་བ་ཅི་འདོད་དུ་ལོངས་སུ་སྤྱོད་བཞིན་གདའ།
ཉིན་རྒྱུན་འཚོ་བའི་ཁྲོད། ཝུན་ཀྲིན་ལ་སྨྲ་བ་ཉུང་རུང་རང་གི་བྱ་སྤྱོད་དངོས་ལ་བརྟེན་ནས་ཉེ་འཁོར་གྱི་མི་རྣམས་ལ་ཡིད་འགུལ་ཐེབས་བཞིན་ཡོད།
ཐེངས་ཤིག སློབ་ཁང་གི་སྒོ་ཁ་ནས་སློབ་གྲོགས་ཀུན་གྱིས་གྲངས་རིག་དགེ་རྒན་ཝང་ཅན་ཝུན་མཐའ་ནས་བསྐོར་ཏེ་ཡ་མཚན་དྲི་བ་སྣ་ཚོགས་འདྲི་ཅི་ཐུབ་བྱེད་བཞིན་ཡོད་དེ། དམིགས་ཡུལ་གཅིག་པུ་ནི་དགེ་རྒན་སྒོ་ཁར་བཀག་སྟེ་སློབ་ཁང་ལ་འཛུལ་དུ་མི་འཇུག་པའི་ཆེད་ཡིན། སྐབས་དེར། ཝུན་ཀྲིན་ནི་སློབ་ཁང་དུ་མཚར་ཞེན་ཁྱད་པར་བ་ཅིག་གི་གྲ་སྒྲིག་ལ་བྲེལ་བཞིན་གདའ། ཝང་ཅན་ཝུན་གྱིས་སློབ་གྲོགས་ཀྱི་དྲི་བར་ལན་བཏབ་ནས་སློབ་ཁང་དུ་འཛུལ་མ་ཐག གློ་བུར་དུ་མིག་མཐའ་མཆི་མས་བརླན་བྱུང་། ཝུན་ཀྲིན་གྱིས་དགེ་རྒན་གྱི་སྐྱེས་སྐར་གང་ནས་ཤེས་པ་མི་གསལ་ཡང་སློབ་གྲོགས་རྣམས་རྩ་འཛུགས་བྱས་ནས་ཐུན་མིན་གྱི་ནག་པང་ཚགས་པར་ཅིག་ལས་ཡོད་ལ། སྐྱེས་སྐར་ལ་རྟེན་འབྲེལ་ཞུ་ཞེས་པའི་ཡིག་འབྲུ་དག་ཧ་ཅང་གསལ་བོ་འདུག ཡིག་འབྲུ་རེ་རེ་ཚོན་གྱིས་མཛེས་པར་སྤྲས་མེད་ཀྱང་། རྣམ་དག་གི་འཛུམ་ཆུང་རེ་རེར་སྙན་འཇེབས་ཀྱི་གཏམ་བཟང་མེད་ཀྱང་། དེ་ནི་ཝང་ཅན་ཀྲིན་གྱི་དྲན་པའི་ལྡེབས་རིས་སུ་ནམ་ཡང་ཡལ་དུ་མེད་པའི་མི་སེམས་དྲོ་བའི་དྲན་ཤིང་ཞིག་ཡིན།
ཝུན་ཁྲོན་ལ་སློབ་གྲྭར་སྙིང་ཉེ་བའི་འགྲོས་གྲོགས་གཉིས་ཡོད་དེ་ཏེང་ཞིན་ཡའེ་དང་ཀྲང་ཞིན་དབྱི་ཡིན། སློབ་གྲྭའི་ར་སྐོར་ནས་ལུས་དང་གྲིབ་མ་བཞིན་འགྲོགས་བཞིན་ཡོད་ལ། སློབ་གསེང་སྐབས་ཀྱི་དགའ་ཕྱོགས་ནི་དཔེ་ཁང་ནས་མཉམ་དུ་དཔེ་ཆར་བལྟ་རྒྱུ་དེ་ཡིན།