ཏ་ཟིག་བཙན་རྒྱལ།ཨི་རན།

ཚེ་དཔལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


        ཨི་རན་སྤྱི་མཐུན་རྒྱལ་ཁབ་ནི་ཨེ་ཤ་ཡ་གླིང་གི་ནུབ་ཕྱོགས་སུ་ཡོད་ལ། བྱང་ཕྱོགས་ཡ་སྨི་ཎི་ཡ་དང་ཨ་ཟེར་བྷེ་ཇན་དང་བཅར་ཞིང་། ནུབ་བྱང་ཏུར་ཁེ་དང་ལྷོ་ནུབ་ཨི་རག་དང་འབྲེལ། ཤར་ཕྱོགས་ཕ་ཀི་སི་ཐན་དང་འདབས་འབྲེལ་དུ་ཆགས། ཨི་རན་ནི་ཨི་རན་མཐོ་སྒང་གི་ཁོངས་སུ་གཏོགས་ཤིང་། ཡོ་རོབ་གླིང་དང་ཨེ་ཤ་ཡ་གླིང་གི་ཨེར་ཕིས་སི་རི་རྒྱུད་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དབུས་རྒྱུད་དུ་གནས།

        གནའ་དཔྱད་རིག་པ་བའི་དཔྱད་འབྲས་ལྟར་ན། ཆེས་ཐོག་མར་ཨི་རན་མཐོ་སྒང་དུ་འཚོ་སྡོད་བྱས་པའི་མི་རིགས་ནི་གནའ་བོའི་ཨེ་ཤ་ཡའི་མི་ཡིན་པ་དང་། རྗེས་སུ་ཡ་ལི་ཨན་མི་བྱང་ཕྱོགས་ནས་རིམ་བཞིན་གནའ་བོའི་ཨེ་ཤ་ཡར་གནས་སྤར་ནས་གནས་དེའི་གཞིས་སྡོད་མི་རིགས་དང་མཉམ་དུ་འདྲེས་ནས་ཧིན་ཨོའོ་སྐད་ཁོངས་ཀྱི་ཡན་ལག་མི་རིགས་ཤིག་ཏུ་གྲུབ། སྤྱི་ལོ་སྔོན་གྱི་3000ལོ་དང་སྤྱི་ལོ་སྔོན་གྱི་2000ལོའི་བར་ཡ་ལི་ཨན་མི་ཨེ་ཤ་ཡའི་དབུས་རྒྱུད་ནས་ཨི་རན་མཐོ་སྒང་དུ་ཁྱོན་བསྡོམས་ཐེངས་གསུམ་ལ་གནས་སྤར་བ་སྟེ། ཐེངས་དང་པོར་ཨེ་ཤ་ཡ་ཆུང་བར་གནས་སྤར་ཞིང་། ཐེངས་གཉིས་པར་རྒྱ་གར་དུ་གནས་སྤར། ཐེངས་གསུམ་པར་ཨི་རན་དུ་གནས་སྤར་ནས་ས་གནས་དེའི་མི་རིགས་དང་མཉམ་དུ་འདྲེས་ནས་ཏ་ཟིག་མི་རིགས་ཏེ་ད་ལྟའི་ཨི་རན་མི་རིགས་བྱུང་། ལྗན་ལའོ་ཧྲི་བཙན་རྒྱལ་གྱིས་སྤྱི་ལོ་སྔོན་གྱི་550ལོར་མངའ་ཁོངས་གཅིག་གྱུར་བྱས་ཏེ་ཏ་ཟིག་བཙན་རྒྱལ་བཙུགས། ཨི་རན་གྱི་ལོ་རྒྱུས་འཕེལ་འགྱུར་ཁྲོད་མི་རིགས་མང་པོ་བྱུང་ནའང་། ཏ་ཟིག་མི་རིགས་ནི་མི་གྲངས་ཆེས་མང་ཞིང་རིག་གནས་ཀྱི་རྫོང་ཆེས་སྟུག་པའི་མི་རིགས་མི་རིགས་ཤིག་སྟེ། ཏ་ཟིག་མི་རིགས་ཀྱིས་རྒྱལ་ཁབ་སྤྱིའི་ཆབ་སྲིད་དང་དཔལ་འབྱོར། རིག་གནས། ཆོས་ལུགས་སོགས་ཀྱི་ཁྱབ་ཁོངས་སུ་གོ་གནས་ཆེན་པོ་བཟུང་ཡོད་པ་རེད།

        ད་ལྟ་རྒྱལ་སྤྱིའི་ཐོག་ཡོངས་གྲགས་སུ་སྤྱོད་བཞིན་པའི་ཨི་རན་ཞེས་པའི་མིང་བརྡ་འདི་ནི་ཡོ་རོབ་གླིང་གི་སྐད་དུ་ཏ་ཟིག་ཅེས་པའི་སྒྲ་ཟུར་ཆག་པར་བཤད་ལ། བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ལས་ཏ་ཟིག་གམ་སྟག་གཟིག་སོགས་ཀྱི་མིང་བརྡ་སྤྱོད།
        ཨི་རན་ནི་ལོ་རྒྱུས་ཀྱི་ཆུ་རྒྱུན་ཤིན་ཏུ་རིང་བའི་འཛམ་གླིང་གི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཏུ་བགྲངས་ལ། གནའ་དཔྱད་ཞིབ་འཇུག་ལྟར་ན། སྤྱི་ལོ་སྔོན་གྱི་ལོ་ཁྲི་གཅིག་གི་གོང་རོལ་དུ་གཞིས་སྡོད་མི་རིགས་ལི་མཚོའི་ལྷོ་རྒྱུད་དུ་གཞིས་ཆགས་ཤིང་། གཞིས་སྡོད་མི་རིགས་དེ་དག་གིས་རི་དྭགས་གཤོར་རྔོན་དང་ཉ་ལས་སོགས་སྤེལ་བ་ལས་གཞན། ད་དུང་ཕྱུགས་འཚོ་སྐྱོང་དང་འབྲུ་རིགས་རྨོ་འདེབས་སོགས་འཚོ་ཐབས་ཀྱི་ལས་ཀྱང་གཏོད་པ་རེད། འདི་ནི་ཕལ་ཆེར་མིའི་རིགས་ལོ་རྒྱུས་སྟེང་གི་ཆེས་སྔ་བའི་ཞིང་ལས་དང་ཕྱུགས་ལས་ལ་ཞུགས་པའི་མི་རིགས་ཡིན་པར་ངོས་འཛིན་ཞིང་། ཚོ་ཁག་གཞན་པ་དང་འདྲ་བར་ཨི་རན་དབུས་རྒྱུད་ཀྱི་ཀྲ་གྷི་ལའོ་སི་རི་རྒྱུད་ཀྱི་འདེབས་རོལ་དུ་འཚོ་ཞིང་། རྗེས་སུ་ཡུལ་ལུང་སོ་སོར་གྱེས་ནས་ཆེས་ཐོག་མའི་ཤེས་རིག་གི་ལྟེ་གནས་བསྐྲུན་པར་གྲགས། ཡིག་ཐོག་ཏུ་བཀོད་པའི་ལོ་རྒྱུས་ཆེས་སྔ་བའི་ཨི་རན་མཐོ་སྒང་གི་ལྷོ་ནུབ་རྒྱུད་ཀྱི་གཞིས་སྡོད་མི་རིགས་ནི་ཨེར་ལན་མི་ཡིན་ཞིང་། སྤྱི་ལོ་སྔོན་གྱི་དུས་རབས་40ཡས་མས་སུ་ཨེར་ལན་མིས་དེང་གི་ཁཱ་ཨེར་ཧེ་གཙང་བོ་དང་ཁཱ་ལོན་གཙང་བའི་འབབ་ཡུལ་དུ་ཕྱུགས་ལས་ལ་བརྟེན་ནས་འཚོ་སྡོད་ཀྱི་མེ་ཁ་གསོས། ཨེར་ལན་མིས་རུས་རྒྱུད་ལམ་ལུགས་ཀྱི་རྒྱུན་བསྐྱངས་ཤིང་ཚོ་ཁག་ལམ་ལུགས་ཀྱི་སྒྲིག་སྲོལ་བསྲུངས་ནས་ཡུན་རིང་འགོར། རྗེས་ནས་ཕྱི་དགྲ་བཀག་འགོག་དང་། ཚོ་ཁག་གཞན་པའི་རྒྱུ་ནོར་དང་ས་ཞིང་དབང་དུ་སྡུད་ཕྱིར་རིམ་བཞིན་ཚོ་ཁག་མནའ་འབྲེལ་བཙུགས་ནས་བྲན་གཡོག་ལམ་ལུགས་ཀྱི་མྱུ་གུ་འབུས།

        ཨེར་ལན་མིའི་སྡོད་གནས་སུའུ་སྨི་ཨེར་མི་དང་བྷ་བྷིས་ལོན་མིའི་འདུས་སྡོད་ཀྱི་ཡུལ་ཏེ་གཙང་བོ་གཉིས་ཀྱི་འབབ་ཡུལ་དང་ཉེ་བས་ཁོ་ཚོའི་རིག་གནས་དང་ཞིང་ལས་ཐོན་སྐྱེད། ལག་ཤེས་སྒྱུ་རྩལ་སོགས་ལ་གཙང་བོ་གཉིས་འབབ་ཡུལ་གྱི་རིག་གནས་ཀྱིས་ཤན་ཞུགས་ཤིང་ཤན་སྟོབས་དེས་ཨེར་ལན་མིའི་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་ཀྱི་ནུས་པ་ཐོན།

        སྤྱི་ལོ་སྔོན་གྱི་550ལོ་ནས་སྤྱི་ལོ་སྔོན་གྱི་330ལོ་ནི་ཏ་ཟིག་བཙན་རྒྱལ་བྱུང་འཕེལ་གྱི་དུས་ལ་ངོས་འཛིན་ཞིང་། ལྗན་ལོ་ཧྲི་སྐུ་ཕྲེང་གཉིས་པ་ནི་གནའ་བོའི་ཏ་ཟིག་བཙན་རྒྱལ་འཛུགས་མཁན་གྱི་སྐྱེས་བུ་རླབས་ཆེན་ཞིག་ཏུ་བརྩི། ལྗན་ལོ་ཧྲི་སྐུ་ཕྲེང་གཉིས་པས་མཐའ་འཁོར་གྱི་རྒྱལ་ཕྲན་རྣམས་དབང་དུ་བསྡུས་ནས་ལོ་རྒྱུས་སྟེང་གྲགས་པ་འབར་བའི་ཏ་ཟིག་བཙན་རྒྱལ་བཙུགས་ཤིང་། སྐབས་ཐོག་དེར་ཟ་ཏིག་གི་ཤེས་རིག་དང་དཔལ་འབྱོར། སྤྱི་ཚོགས་དང་སྟོབས་འབྱོར་དབྱར་མཚོ་ལྟར་རྒྱས།

        ཨི་རན་གྱི་སྐད་ཆ་ནི་གཙོ་བོ་ཧིན་ཨོའོ་སྐད་ཁོངས་ཀྱི་ཨི་རན་སྐད་སྡེའི་ཁོངས་སུ་གཏོགས་པ་དང་། གཞན་ད་དུང་ཨེར་ཐའེ་སྐད་ཁོངས་དང་ཧྲན་ཧྲན་སྐད་ཁོངས་ཀྱི་སྐད་ཆ་སོགས་ཀྱང་མཆིས། ཧིན་ཨོའོ་སྐད་ཁོངས་ཀྱི་ཨི་རན་སྐད་སྡེ་ནི་གཙོ་བོ་དེང་རབས་ཀྱི་ཨི་རན་སྐད་ཀྱིས་མཚོན་ཞིང་། འཛམ་གླིང་སྐད་ཡིག་བྱུང་འཕེལ་གྱི་ལོ་རྒྱུས་ལྟར་ན། གནའ་བོའི་ཏ་ཟིག་གིས་ཁྱིའུ་དབྱིབས་ཡི་གེ་སྤྱད་པ་དང་། དུས་རབས་བདུན་པའི་རྗེས་ནས་ཨ་རབ་ཀྱི་ཡི་གེ་སྤྱོད་འགོ་བརྩམས། ཏ་ཟིག་གི་སྐད་དུ་གནའ་བོའི་ཨ་རབ་དང་སོག་པོ། གྲུ་གུ་སོགས་ཀྱི་མིང་བརྡ་མང་པོ་ཡོད་པར་མ་ཟད། གནའ་བོའི་རྒྱ་ནག་སྐད་ཀྱི་མིང་བརྡའང་གཡར་ཡོད་པ་སྐད་བརྡ་སྨྲ་བ་དག་གིས་གསུངས་ཤིང་། ཁུངས་མཐུན་པའི་གཡར་ཚིག་མང་པོ་ཞིག་ད་ལྟ་ད་དུང་སྤྱོད་བཞིན་མཆིས་པར་སྐད།

        ཆོས་ལུགས་བྱུང་འཕེལ་ལྟར་ན་གནའ་བོའི་ཏ་ཟིག་གི་མི་རྣམས་ཀྱིས་སོའུ་ལའོ་ཡ་སི་ཏི་ཆོས་ལུགས་ལ་དད་ཅིང་། དུས་རབས་བདུན་པའི་སྐབས་སུ་ཨ་རབ་ཀྱིས་ཏ་ཟིག་དབང་དུ་བསྡུས་རྗེས་ཆོས་ལུགས་དད་མོས་ཀྱང་དབྱི་སི་ལམ་ཆོས་ལུགས་ལ་བསྒྱུར། དེང་གི་དུས་ཨི་རན་གྱི་སྡོད་དམངས་95%ཡིས་དབྱི་སི་ལམ་ཆོས་ལུགས་ལ་དད་པ་དང་། གྲུབ་མཐའི་ཁྱབ་ཁོངས་ལྟར་ན། ཨི་རན་ནི་འཛམ་གླིང་གི་དབྱི་སི་ལམ་གྱི་ཧྲི་ཡེ་གྲུབ་མཐའི་རྗེས་འཇུག་པ་ཆེས་མང་བའི་རྒྱལ་ཁབ་ཏུ་ངོས་འཛིན།

        ཨི་རན་གྱི་རྩ་ཁྲིམས་སུ་མི་རིགས་སོ་སོའི་ཆོས་ལུགས་དད་མོས་རང་དབང་གི་སྲིད་ཇུས་གཏན་འཁེལ་བྱས་ཡོད་པ་དང་། གྲུབ་མཐའ་སོ་སོའི་དད་ལྡན་མང་ཚོགས་ཀྱིས་སོ་སོའི་དད་ཡུལ་གྱི་ཆོས་ལུགས་སྲོལ་རྒྱུན་ལྟར་ཆོས་ལུགས་ཆོ་ག་སྤེལ་ཆོག་པ་རེད། ཨི་རན་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཆོས་སྲིད་ཟུང་འབྲེལ་གྱི་སྲིད་ལུགས་དམིགས་སུ་འཛིན་ཞིང་། བདག་དབང་དང་ཁྲིམས་འཛུགས་ཀྱི་དབང་ཆ་ནི་མཆོག་བདག་གིས་གནང་བར་སྨྲ་བས། ངེས་པར་དུ་མཆོག་བདག་གི་བཀའ་ཐམས་ཅད་ལ་བརྩི་སྲུང་བྱེད་པའི་སྲོལ་བརྩི། རྒྱལ་ཁབ་ཀྱི་ཆེས་མཐོ་བའི་དབང་ཆ་ངེས་པར་དུ་ཆོས་ལུགས་ལས་གཉེར་མཁན་གྱིས་ལག་བསྟར་བྱ་དགོས། དབྱི་སི་ལམ་གྱི་ཆོས་ཁང་རེ་རེ་ནི་འགན་ནུས་དོན་དུ་འཁྱོལ་བའི་ཆབ་སྲིད་ལྟེ་གནས་ཆུང་ཆུང་རེ་ཡིན་པ་དང་། ཆོས་ཁང་གིས་ཉེ་འགྲམ་སྡོད་དམངས་ཀྱི་ལས་དོན་ཡོད་ཚད་ལ་དོ་དམ་བྱེད་པའི་འགན་གཅིག་ལྕོགས་སུ་ཁུར་སྲིད། རྒྱལ་ཡོངས་ཀྱི་ཆོས་ལུགས་ལྟེ་གནས་ནི་ཁོའུ་མུའུ་གྲོང་ཁྱེར་ཡིན་ཞིང་གྲོང་ཁྱེར་དེར་མི་གྲངས་ཁྲི་20ལྷག་ཡོད་པ་དང་། གཞི་ཁྱོན་མི་འདྲ་བའི་དབྱི་སི་ལམ་ཆོས་ཁང་150ལྷག་ཡོད་པས་ཨི་རན་རྒྱལ་ཁབ་ཀྱི་ལྷ་ལྷན་གྲོང་དུ་ངོས་འཛིན། ཨི་རན་གྱི་མིང་དུ་གྲགས་པའི་དབྱི་སི་ལམ་ཆོས་ལུགས་ཀྱི་གྲོང་ཁྱེར་ཆེན་པོ་ཁོའུ་མུའུ་ནི་རྒྱལ་ས་ངྷི་ཧི་རན་གྱི་ལྷོ་ཕྱོགས་ཀྱི་སྤྱི་ལེ་135ཡི་མཚམས་ན་ཡོད་པ་དང་། གྲོང་ཁྱེར་དེར་ལོ་ངོ་1100ལྷག་གི་ལོ་རྒྱུས་ལྡན། དབྱི་སི་ལམ་ཆོས་ལུགས་གནས་འདིར་མྱུ་གུ་འབུས་སྐབས་ཁོའུ་མུའུ་གྲོང་ཁྱེར་ནི་གནའ་བོའི་རྔ་མོང་ཚོང་ཁག་གི་འབབ་ཚིགས་གཙོ་བོ་ཞིག་ཡིན་པར་གྲགས།

        ཨ་རིན་ལ་མི་རིགས་རང་གི་ཁྱད་ཆོས་ལྡན་པའི་གྱོན་གོས་རིག་གནས་ཕུན་སུམ་ཚོགས་པ་ཡོད། ལྷག་དོན་བུད་མེད་དག་གི་གྱོན་གོས་ལ་ཆོས་ལུགས་རིག་གནས་དང་སྲོལ་རྒྱུན་དད་མོས་ཀྱིས་ཤན་ཐེབས་པ་མངོན་པར་གསལ། བུད་མེད་ཀྱི་གྱོན་གོས་ཐད་ཀྱི་འཛེམ་བྱ་དང་སྲོལ་མང་པོ་ཞིག་ཆོས་ལུགས་སྒྲིག་སྲོལ་དང་མཐུན་དགོས་ཤིང་། གལ་སྲིད་སྒྲིག་སྲོལ་དང་འགལ་ཚེ་དེའི་མཐུན་གྱི་ཆད་པ་ཕོག་སྲིད། གྲོང་ཁྱེར་གྱི་བུད་མེད་རྣམས་ལ་ཆེད་དམིགས་ཀྱི་བུད་མེད་སློབ་གྲྭ་ཡོད་པ་དང་། བུད་མེད་རྣམས་གཞོན་དུས་སྤྱི་ཚོགས་ཀྱི་ལས་ཀར་ཞུགས་ཤིང་། གཉེན་སྒྲིག་རྗེས་བུད་མེད་ཕལ་མོ་ཆེ་ལས་ཀར་མི་ཞུགས་པར་ཁྱིམ་ལས་དང་བྱིས་པ་གཉོར་སྐྱོང་གི་ལས་ལ་འཇུག་དགོས་པའི་སྲོལ་རྒྱུན་མཆིས། གྲོང་ཁྱེར་ལ་ལར་བུད་མེད་དང་སྐྱེས་པ་གཉིས་ཀྱི་བགྲོད་ལམ་སོ་སོར་བཀར་ཞིང་། སྤྱི་སྤྱོད་རླངས་འཁོར་མང་པོས་ཀྱང་བུད་མེད་དང་སྐྱེས་པའི་འདུག་སྟེགས་ཀྱི་དབྱེ་མཚམས་གསལ་པོར་ཕྱེ་ཡོད་པ་རེད། 

        ཏ་ཟིག་ནི་ཀུན་གྱིས་ཁས་འཆེས་པའི་གནའ་བོའི་ཤེས་རིག་དར་བའི་རྒྱལ་ཁབ་ཅིག་ཡིན་ཞིང་། ཏ་ཟིག་མི་རིགས་ཀྱི་ལོ་རྒྱུས་འཕེལ་རྒྱུས་ཀྱི་ཆུ་རྒྱུན་ཁྲོད་འཛམ་གླིང་ན་སྙན་གྲགས་ཆེ་བའི་རྩོམ་རིག་བརྩམས་ཆོས་མང་པོ་བྱུང་ཡོད་པ་དང་། དེ་དག་ལས་ཤུགས་རྐྱེན་ཆེས་ཟབ་པ་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་གི་སྐབས་སུ་གྲུབ་པའི《ཨ་ཝེ་སི་ཐ》ཞེས་པ་དེ་ཡིན། ཨ་ཝེ་སི་ཐ་ཞེས་པ་ཏ་ཟིག་སྐད་དུ་བློ་གྲོས་སམ་བསྟན་བཅོས་སུ་འགྲེལ། དེ་ནི་ཆོས་ལུགས་ལྟ་གྲུབ་མཚོན་པའི་བསྟན་བཅོས་ཤིག་ཡིན་པར་མ་ཟད། སྒྱུ་རྩལ་གྱིས་ཕྱུག་པའི་རྩོམ་རིག་བརྩམས་ཆོས་ཤིག་ཏུའང་བརྩི། བརྩམས་ཆོས་འདིའི་ཆེས་སྔ་བའི་པར་གཞི་ནི་སྤྱི་ལོ་སྔོན་གྱི་དུས་རབས་བཞི་པའི་སྐབས་སུ་བྱུང་ཞིང་། རྗེས་སུ་ཡ་ལི་ཧྲན་ཏ་བཙན་རྒྱལ་གྱིས་ཏ་ཟིག་ལ་བཙན་འཛིན་བྱེད་སྐབས་བཅོམ་བརླག་བྱུང་ནས་བམ་པོ་གཅིག་ལས་མ་ལྷག་ནའང་། སྤྱི་ལོ་དུས་རབས་གསུམ་པ་ནས་བདུན་པའི་སྐབས་སུ་བསྐྱར་དུ་འཚོལ་སྡུད་དང་དག་སྒྲིག་བྱས་ཏེ་བམ་པོ་ཉེར་གཅིག་གི་བདག་ཉིད་ཅན་གྱི་བརྩམས་ཆོས་དེ་སླར་ཡང་ཀུན་གྱི་སྤྱན་ལམ་དུ་བསྟར། 《ཨ་ཝེ་སི་ཐ》ཡི་བརྗོད་དོན་ལ་ལྷ་སྒྲུང་དང་ཆོས་ལུགས་ཕྱག་སྲོལ། འདུལ་ཁྲིམས་སོགས་ཀྱི་ཆོས་ལུགས་བསམ་བློ་འདུས་པར་མ་ཟད། ད་དུང་ཏ་ཟིག་མི་རིགས་ཀྱི་བྱུང་ཁུངས་དང་ལོ་རྒྱུས་འཕེལ་འགྱུར། དམངས་ཁྲོད་ངག་རྒྱུན། དཔའ་བོའི་གཏམ་རྒྱུད་སོགས་ཀྱང་འདུས། གཞན་ཏ་ཟིག་སྐད་དུ་བསྒྱུར་བའི་རྒྱ་གར་གྱི་གཏམ་རྒྱུད་བཏུས་དེབ《གཏམ་རྒྱུད་སྟོང་གཅིག》ཅེས་པས་ཀྱང་ཏ་ཟིག་གི་རྩོམ་རིག་བང་མཛོད་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད་པ་དང་། དེས་རྗེས་ཀྱི་ཨ་རབ་ཀྱི་མིང་དུ་གྲགས་པའི་བརྩམས་ཆོས་《ཨ་རབ་ཀྱི་མཚན་མོའི་སྒྲུང་》ལ་རྒྱུ་ཆ་འདོན་སྤྲོད་བྱས་པར་གྲགས། དུས་རབས་བར་མ་ནི་ཏ་ཟིག་གི་སྙན་ངག་གཙོས་པའི་རྩོམ་རིག་འཕེལ་རྒྱས་ཀྱི་རྫོགས་ལྡན་དུས་སྐབས་སུ་ངོས་འཛིན་ཞིང་། སྐབས་ཐོག་དེའི་རྩོམ་རིག་གིས་ནུབ་གླིང་གི་རྩོམ་རིག་ལའང་ཤུགས་རྐྱེན་ཆེན་པོ་ཐེབས། ནུབ་གླིང་གི་རྩོམ་རིག་གཞུང་ལུགས་པ་རེ་འགས་དུས་རབས་བར་མའི་ཏ་ཟིག་གི་མིང་དུ་གྲགས་པའི་སྙན་ངག་པ་ཧྥེ་ཨེར་ཏོ་ཞི་དང་ཧེ་ཡ་མུའུ། ནའེ་ཀྲ་སྨི། སཱ་བྷི། ཧྭ་ཧྥེ་ཚི་བཅས་ལ་འཛམ་གླིང་གི་སྙན་ངག་པ་ཆེན་པོ་ལྔ་ཞེས་མཚན་སྙན་བསྩལ་མྱོང་ངོ་།།  



དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1