ལོ་འཁོར་བཅུ་ལ་རྒྱལ་མཚམས་སྲུང་ནས་ཡོད་། ཡུལ་སྨད་ཡུལ་ཤོག་ཉི་ཟེར་འོག་ན་མཛེས།རང་རྒྱལ་གྱི་མཐའ་མཚམས་སྲུང་པའི་འབྲོག་པའི་ཁྱིམ་ཚང་ཕལ་པ་ཞིག

སྒྲོལ་མ་ཚེ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-04


        2018ལོའི་སྤྱི་ཟླ་10པའི་ཚེས་28ཉིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དུང་ཟླ་དཀར་པོའི་གཟི་དཔལ་དང་འགྲོགས་ནས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི་ཡུལ་སྨད་ཡུལ་ཤོག་གི་འབྲོག་པ་སྒྲོལ་དཀར་དང་གཡང་འཛོམས་སྤུན་གཉིས་ལ་འཕྲིན་ལན་གནང་། ཁོང་གིས་འཕྲིན་ལན་དུ་ཁྱེད་ཕ་བུ་ཚོས་མི་རབས་གཉིས་ཀྱི་རིང་ལ་མེས་རྒྱལ་གྱི་མངའ་ཁོངས་ལ་སྲུང་སྐྱོང་བྱས་པའི་སྙིང་སྟོབས་འདི་ལ་མི་རྣམས་ཡིད་སྨོན་འཆོར་ཞེས་གསུངས་འདུག

སྐབས་དེའི་ཡུལ་སྨད་ཡུལ་ཤོག་གི་ཡུལ་དཔོན་སྒྲོལ་དཀར་གྱིས་རྒྱལ་དར་སྒྲེང་བཞིན་པ།

        ད་ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་པའི་སྐབས་སུ་འབྲོག་མོ་སྒྲོལ་དཀར་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མིར་བདམས་ནས་པེ་ཅིན་དུ་སོང་། ཁོ་མོས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་ནས་གསར་འགོད་པའི་འདྲི་བར་ལན་འདེབས་སྐབས་སུ། ང་ཚོའི་ཡུལ་སྨད་ཡུལ་ཤོག་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཕྱི་ལ་འགྲོ་བའི་ལམ་གྲུབ་ཡོད། དཀར་གསལ་ལྡན་པའི་གློག་འཐེན་ཡོད། རྣམ་པ་གསར་པའི་སྡོད་ཁང་བསྐྲུན་ཡོད། ཁྱིམ་ཚང་གཅིག་ཅན་གྱི་ཡུལ་ཤོག་གཅིག་ནས་ད་ནི་ང་ཚོར་ཁྱིམ་ཚང་དགུ་ཡོད། ཚོང་ཁང་གྲུབ་ཡོད། ཟ་ཁང་གྲུབ་ཡོད། མགྲོན་ཁང་སོགས་གྲུབ་ཡོད། བཀའ་དྲིན་ཆེ། འདི་ཐམས་ཅན་ནི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལགས་ཀྱི་བཀའ་དྲིན་ཡིན། ངས་འདི་ནས་ཏང་དང་རྒྱལ་ཁབ་ལ་བཀའ་དྲིན་ཞུ། ང་ཚོས་མུ་མཐུད་དུ་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་ནས་ཡུལ་སྨད་ཡུལ་ཤོག་མཛེས་སྡུག་གི་སྐལ་བཟང་མེ་ཏོག་ལྟ་བུ་ཞིག་ཏུ་འཛུགས་སྐྲུན་ཐུབ་པར་ཡིད་ཆེས་ཡོད་ཅེས་བཤད།
ཡུལ་སྨད་ཡུལ་ཤོག་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་ཀྱི་ཀྲུང་གོ་དང་རྒྱ་གར་གྱི་འབྲེལ་མཚམས་སུ་གནས་ཡོད་པ་དང་རང་རྒྱལ་གྱི་མི་གྲངས་ཆེས་ཉུང་བའི་སྲིད་འཛིན་ཡུལ་ཤོག་ཅིག་ཡིན། 2018ལོར་ཡུལ་སྨད་ཡུལ་ཤོག་ན་ཁྱིམ་ཚང་དགུ་ལས་མེད་མོད་དེ་ནི་ཡུལ་སྨད་ཡུལ་ཤོག་གི་དུད་ཁྱིམ་ཆེས་ཉུང་བའི་དུས་ནི་མ་ཡིན་ཏེ། ཡུལ་སྨད་ཡུལ་ཤོག་གི་ཁྱིམ་ཚང་ཆེས་ཉུང་དུས་ནི་དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་ནས་དགུ་བཅུ་པའི་སྐབས་སུ་ཡིན་ལ། དེ་བས་ང་ཚོས་གཏམ་རྒྱུད་འདི་ནི་1983ལོ་ནས་འགོ་བརྩམས་ཏེ་བཤད་དགོས་འདུག

        ཡུལ་སྨད་ནི་རྒྱལ་ཡོངས་ཀྱི་མི་གྲངས་ཆེས་ཉུང་བའི་ཡུལ་ཤོག་ཞིག་ཡིན་མོད། གནས་འདི་ན་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་ལ་བརྩེ་བ་ཟབ་པའི་ལོ་རྒྱུས་ཡོད། གནས་འདི་ན་སངས་རྒྱས་ཆོས་འཕེལ་གྱི་རེ་སྨོན་ཡོད་ལ་གནས་འདི་ན་ཁྱིམ་ཚང་གཅིག་གིས་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་བའི་བྱ་བཞག་ཡོད། དེ་བས་ང་ཚོས་འདི་ནས་དུས་རབས་གསར་པའི་ཐབས་ཤེས་གསར་པས་དུས་རབས་གསར་པའི་ཀྲུང་གོའི་གཏམ་རྒྱུད་ཁྱབ་བསྒྲགས་བྱེད་པ་དང་ཡུལ་སྨད་ཡུལ་ཤོག་གི་ཁྱིམ་ཚང་གཅིག་གི་ཕ་བུ་གསུམ་གྱི་ལོ་རྒྱུས་ནས་འགོ་བརྩམས་ཏེ་ཡིད་འགུག་ཐེབས་པའི་གཏམ་རྒྱུད་འདི་ཡི་ཡོལ་རས་དངོས་སུ་འབྱེད་པར་བྱ།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕྲིན་ལན་འབྱོར་རྗེས་ཡུལ་མི་ཚོས་སྒྲོལ་དཀར་དང་གཡང་འཛོམས་སྤུན་གཉིས་ལ་རྟེན་འབྲེལ་ཞུས།

        དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་པའི་སྐབས་སུ། ཡུལ་སྨད་ཡུལ་ཤོག་གི་ཡུལ་དཔོན་དང་པོ་སངས་རྒྱས་ཆོས་འཕེལ་གྱི་ཆུང་མ་ནད་ཀྱིས་མནར་བས། ཟོག་ལ་བཞོན་པ་དང་མི་ཡིས་ཁུར་ནས་རྫོང་ཐོག་སྨན་ཁང་དུ་སྨན་པར་བསྟེན་དུ་སོང་། ཀྱག་ཀྱོག་ལམ་གྱི་འགག་འཕྲང་དང་ཁ་ཆར་འདྲེས་མའི་ནམ་ཟླ། འབའ་འབུར་ལམ་གྱི་ངལ་བས་ལོ་45ལས་མེད་པའི་ཆུང་མ་སྨན་ཁང་དུ་འགྲོ་བའི་ལམ་བར་ནས་ཚེ་ལས་འདས། འཇིག་རྟེན་མི་རྟག་རྩྭ་མགོའི་ཟིལ་བའི་དཔེ་ལྟར་ཁོ་མོ་འདི་ལྟར་བུད་སོང་བར་མ་ཟད་དུས་ཀྱི་འཁོར་འགྲོས་བར་ནས་སངས་རྒྱས་ཆོས་འཕེལ་གྱི་བུ་གཉིས་ཀྱང་གནམ་གཤིས་ཀྱི་སྡུག་རྩུབ་དང་མེས་རྒྱལ་ཀྱི་མངའ་ཁོངས་སྲུང་བའི་ཁྲོད་ནས་མཚོ་འཕགས་སྨི་5126ཡོད་པའི་གངས་ཁྲོད་དུ་ལང་ཚོ་ཡི་མེ་ཏོག་སད་ཀྱིས་བཅོམ། རྗེས་སུ་ལུས་ཡོད་པ་ནི་ལོ་ན་50སོན་པའི་སངས་རྒྱས་ཆོས་འཕེལ་དང་རང་གི་ཤ་ཁྲག་ལས་མཆེད་པའི་བུ་མོ་སྤུན་གཉིས་རེད།

        དཀའ་སྡུག་དང་སེམས་སྡུག་གི་འཚོ་བ་དེའི་ཁྲོད་ནས་རང་གི་བུ་དང་བུ་མོར་རིག་གནས་ཞིག་དགོས་པ་ནི་གལ་ཆེའི་ནང་གི་དོན་ཆེད་དུ་བསམ། གལ་ཏེ་རིག་གནས་དབེན་སོང་ན་ཕ་ཡུལ་ཀྱི་མངའ་ཁོངས་ཅི་ལྟར་འཕེལ་རྒྱས་གཏོང་། གལ་ཏེ་རིག་གནས་དབེན་སོང་ན་མེས་རྒྱལ་གྱི་མཐའ་མཚམས་ཅི་ལྟར་སྲུང་། གལ་ཏེ་རིག་གནས་དབེན་སོང་ན་ཕྱི་དགྲའི་མགོ་སྐོར་དང་གཡོ་སྒྱུ་ལ་ཐབས་ཤེས་གང་འདྲ་འཐེན། དེ་ལྟར་དྲི་བ་དང་དྲི་བའི་ཁྲོད་ནས་ཕ་སངས་རྒྱས་ཆོས་འཕེལ་གྱིས་རང་གི་ཐོས་མྱོང་པ་དང་ཐུག་མྱོང་པའི་ཤེས་བྱ་མ་ལུས་པ་རང་གི་བུ་མོར་སློབ་པའི་གོམ་པ་ཐོག་མར་སྤོས། སྐབས་དེར་ཁོ་ཚོའི་བསླབ་གཞི་ནི་མའོ་ཀྲུའུ་ཞིའི་གསུང་བཏུས་དང་འབྲི་དེབ་ནི་ས་ཞིང་གྲུ་བཞི། སྨྱུ་གུ་ནི་ལག་ལ་གང་ཡོང་གྱི་དབྱུག་པ་ཕྲ་མོ་དེའོ། །

རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་སྒྲོལ་དཀར་གྱིས་བཅར་འདྲི་དང་ལེན་བྱེད་བཞིན་པ།

        ཕ་སངས་རྒྱས་ཆོས་འཕེལ་གྱིས་མི་གསུམ་ལས་མེད་པའི་ཡུལ་ཤོག་དེ་ནས་ནམ་རྒྱུན་འཚོགས་འདུ་རབ་དང་རིམ་པ་ཚོགས་བཞིན་ཡོད། འཚོགས་ཞུགས་མི་སྣ་ནི་རང་གི་བུ་མོ་གཉིས་དང་ཁོ་རང་ཉིད། ཁོ་རང་གི་བུ་མོ་གཉིས་པོ་ཕྱི་ནང་གཉིས་ནས་མེས་རྒྱལ་ལ་དགའ་ཞིང་ཕ་ཡུལ་དུངས་པའི་མི་སྣ་ཞིག་ཏུ་འགྱུར་དུ་འཇུག་རྒྱུ་ནི་ནམ་ཡང་སེམས་ཁོངས་ནས་བརྗེད་མེད་ལ་ནམ་ཡང་འཚོགས་འདུ་ནི་ངེས་པར་ཏུ་གཟབ་ནན་དང་དོན་དངོས་ཀྱི་ངང་འཚོགས་དགོས་ཞེས་བཤད།
སྒྲོལ་དཀར་གྱི་ཕྱིར་དྲན་ཁྲོད་དུ་ལོ་ན་ཆུང་དུས་བུ་མོ་སྤུན་གཉིས་ཕ་ལགས་ཀྱི་རྗེས་འདེད་ནས་ངུས་པ་དང་ཁོང་ཁྲོ་ལངས་པ་བགྲང་གིས་མི་ལོངས། དུས་རྒྱུན་སེམས་སུ་ལུང་ཁུག་འདི་དང་བྲལ་ན་བསམ། རྒྱུ་མཚན་ཁྱིམ་མཚེས་ཚང་མང་སོང་ཚར་བ་མ་ཟད་མཚོ་འཕགས་མཐོ་བ་དང་ཕྱི་དགྲའི་བཙན་འཛུལ་དང་རྐུ་ཇག གནམ་གཤིས་དང་གངས་རི་ཉིལ་བ་སོགས་འཇིགས་པ་མང་དུ་ཡོད་ལ་ས་གང་དུ་སོང་རུང་ངེད་ཕ་བུ་གསུམ་ལས་ཡོད་ཚད་སྡོང་པོ་དང་གངས་རི། ནོར་ལུག་ཡིན་པས་ཧ་ཅང་སུན་པོ་བྱུང་། ཡིན་ནཡང་ཕ་ལགས་ཀྱིས་གུང་ཁྲན་ཏང་མེད་ན་བོད་ལྗོངས་ཀྱི་དེ་རིང་གང་ན་ཡོད། གནས་འདི་ནི་ང་ཚོའི་ཕ་མེས་ཡབ་མེས་ཀྱི་གཞིས་ཁྱིམ་ཡིན་པས་ང་ཚོས་ངེས་པར་དུ་སྲུང་སྐྱོང་ཡག་པོ་བྱ་དགོས་ཞེས་རྒྱུན་དུ་བཤད།
དེ་ལྟར་ལོ་ཟླའི་གོམ་འགྲོས་ཁྲོད་ནས་ཡུལ་སྨད་ནི་རང་རེའི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པས་ང་ཚོའི་ལག་ནས་འཇིག་མི་ཉན་ཞེས་པའི་ཕུགས་འདུན་ཞིག་གིས་སངས་རྒྱས་ཆོས་འཕེལ་གྱིས་མིང་སྲིང་གཉིས་ཁྲིད་ནས་གནས་འདི་ནས་མི་ལོ་བཅུ་ལྷག་ལ་ཟོག་འཚོ་ཞོར་དང་མཐའ་མཚམས་སྲུང་ཞོར་དུ་དགའ་སྡུག་འདྲེས་མའི་འཚོ་བ་རོལ།

        ཁོར་ཡུག་དང་གནམ་གཤིས་སོགས་ཕྱི་རོལ་གྱི་ཆ་རྐྱེན་ཐབས་ཆགས་ཡིན་པ་དང་ལམ་དོགས་ལ་འགག་འཕྲང་མང་པའི་གྲོང་རོང་དེ་ནས་ཟས་ཀྱི་རིགས་ཐོན་སྐྱེད་བྱེད་པར་ཧ་ཅང་དཀའ་ངལ་ཆེ་བས། སྲིད་གཞུང་གིས་སངས་རྒྱས་ཆོས་འཕེལ་ཕ་བུ་གསུམ་ཡུལ་སྨད་ནས་ཆོས་བཟང་དུ་གནས་སྤར་མོད། ཟླ་གསུམ་མ་འགོར་བར་སངས་རྒྱས་ཆོས་འཕེལ་གྱིས་མིང་སྲིང་གཉིས་ཁྲིད་ལ་ཟོག་རྣམས་དེད་ནས་ཡུལ་སྨད་ཡུལ་ཤོག་ལ་ཕྱིར་སོང་། རྒྱུ་མཚན་ནི་གནས་དེ་ན་ཁོའི་རྩ་བ་ཡོད་ལ་གནས་དེ་ནི་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་པས་སོ། །

མཛེས་སྡུག་རྣམ་པར་བཀྲ་བའི་ཡུལ་སྨད། 

        རྒྱལ་ཁབ་ནི་ང་ཚོའི་རྒྱལ་ཁབ་ཡིན་པ་དང་མཐའ་མཚམས་ནི་ང་ཚོའི་མཐའ་མཚམས་ཡིན། ང་ཚོས་བཅིངས་འགྲོལ་དམག་མི་དང་མཉམ་དུ་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་། ལོ་བཅུ་ལྷག་གི་རིང་ལ་ཡུལ་སྨད་ཡུལ་ཤོག་གི་ཡུལ་མི་རྣམས་དང་མཐའ་སྲུང་དམག་མིའི་བར་དུ་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་དུ་བྱུང་། 1988ལོར། ལོ་29ལ་ཡུལ་སྨད་ཡུལ་ཤོག་གི་ཡུལ་དཔོན་བྱས་པའི་སངས་རྒྱས་ཆོས་འཕེལ་གྱིས་ལས་འཁྱུར་ངལ་གསོ་བྱས། ལོ་28ལ་སོན་པའི་སྒྲོལ་དཀར་གྱིས་ཕ་ལགས་ཀྱི་རྒྱུད་འཛིན་བྱས་ནས་ཡུལ་དཔོན་གསར་པའི་འགན་ཁུར། ཁོ་མོའི་ཕྲག་སྟེང་གི་ལས་འགན་ཧ་ཅང་ལྕི་སྟེ་ཁོ་མོས་ཕ་ཡུལ་འཛུགས་སྐྲུན་བྱ་དགོས་པ་དང་རྒྱལ་ཁབ་ཀྱི་མཐའ་མཚམས་སྲུང་དགོས།
        2001ལོར་སངས་རྒྱས་ཆོས་འཕེལ་ལྷ་ས་རུ་ཐེངས་དང་པོར་སོང་། ཡུལ་དཔོན་སྒྲོལ་དཀར་གྱིས་ལམ་དེ་བརྒྱུད་ནས་མའོ་ཀྲུའུ་ཞིའི་ཕ་ཡུལ་ལ་ཐེངས་གཅིག་སོང་། ཏག་ཏག་ལོ་དེ་ལ་སངས་རྒྱས་ཆོས་འཕེལ་བརྩེ་བའི་དུང་ཞེན་ཆེ་བའི་གཞིས་མལ་འདི་དང་གཏན་དུ་གྱེས་སོང་། འགྱོད་གདུང་དང་སེམས་ཁུར་མེད་པར་ང་ཚོ་དང་གཏན་དུ་གྱེས་སོང་།
        འོད་སྣང་མི་གསལ་བའི་སྒྲོན་མེའི་འོག་ཏུ་ཕ་ལགས་ཀྱིས་ཧ་ཅང་ནན་ཏན་གྱིས་ཁབ་སྐུད་པ་གཅིག་རེ་གཅིག་བྱས་ནས་རས་དམར་པོ་ཞིག་གི་སྟེང་དུ་སྐུད་པ་སེར་པོས་ཟུར་ལྔ་ཅན་གྱི་སྐར་མ་ལྔ་བཙེམ་སོང་། གོས་དང་ཟས་རིགས་ཀྱི་ཆ་རྐྱེན་མི་བཟང་པའི་ལོ་རབས་དེར་ཕ་ལགས་ཀྱིས་སྐར་ལྔའི་དར་དམར་ལྷབ་ལྷུབ་བསྐྱོད་པའི་ས་དེ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངའ་ཁོངས་ཡིན་ཞེས་རང་གི་བུ་མོ་གཉིས་ལ་བཤད།
        དེ་ལྟར་ལོ་ཟླའི་འཁོར་མོ་བཅུ་ལྷག་འདས་པའི་དུས་དེ་རིང་། ཁོ་རང་གིས་མི་ཡུལ་འདི་དང་གཏན་དུ་གྱེས་བརྡ་བཏང་ཟིན་མོད། འོན་ཀྱང་ཁོ་རང་གི་ཀུན་སྤྱོད་དང་སྙིང་སྟོབས་དེ་བུ་ནས་ཚ་བོར་བརྒྱུད་དེ་ཡུལ་སྨད་ཡུལ་ཤོག་གི་མཁའ་དབྱིངས་ཀྱི་སྐར་ལྔའི་དར་དམར་ལྟར་ལྷབ་ལྷུབ་ཏུ་འཕྱོ་བཞིན་ཡོད། །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1