རིག་གནས་རྣམ་བཤད།

མཱ་ལི་ནའོ་སི་ཁཱི་བརྩམས། ཧྥིས་ཞའོ་ཐུང་གིས་རྒྱ་ཡིག་ཏུ་བསྒྱུར། པད་ཚེས་བོད་ཡིག་ཏུ་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-30


        ཞིན་དུ་ལོ་རྒྱུས་སྨྲ་བ་རྣམས་ལ་ཡང་སུན་འབྱིན་ཆོག་སྟེ། ལོ་རྒྱུས་སྨྲ་བ་རྣམས་ཀྱིས་རིག་གནས་བརྒྱུད་སྤེལ་གྱི་ལམ་ཐིག་ཅིག་དེད་དེ་མིའི་རིགས་ཀྱི་འདས་པའི་དུས་ཀྱི་ལོ་རྒྱུས་རིག་གནས་རྣམས་བསྐྱར་བཞེངས་བྱ་ཐུབ་པར་ཡིད་ཆེས་བྱེད། ཁོ་ཚོས་རིག་གནས་ནི་རང་འགུལ་གྱིས་འཕེལ་འགྱུར་བྱུང་བ་ཞིག་ལ་མི་འདོད་པར།རིག་གནས་གཞན་ལ་ལད་ཟློས་བྱེད་པའམ། དངོས་ཆས་དང་ལུགས་སྲོལ་སོགས་གཞན་ནས་ནང་འདྲེན་བྱས་པ་ལས་གྲུབ་པ་ཞིག་ལ་ངོས་འཛིན་བྱེད། ཁོ་ཚོའི་ཞིབ་འཇུག་གི་ཐབས་ལམ་ནི། འཛམ་གླིང་ཡུལ་གྲུ་སོ་སོའི་རིགས་མཐུན་པའི་རིག་གནས་རྣམས་ས་ཁུལ་སོ་སོར་ཇི་ལྟར་ཁྱབ་ཡོད་པའི་ཚུལ་རྣམས་རེ་རེ་བཞིན་ཞིབ་ཅིང་ཕྲ་བའི་སྒོ་ནས་རི་མོར་བཀོད་པ་ཞིག་ཡིན་མོད། ཡང་རིགས་མཐུན་པའི་རིག་གནས་དེ་དག་ས་ཁུལ་མི་འདྲ་བ་ལ་ཇི་ལྟར་བརྒྱུད་སྤེལ་བྱས་ཚུལ་བཤད་སྐབས་རང་ཤུགས་སུ་རྟོག་བཟོ་མི་ཉུང་བ་ཞིག་ཀྱང་བྱེད། དཔེར་ན་མཁས་པ་སོ་སོས་གསུངས་པའི་བརྒྱུད་སྤེལ་གྱི་ལམ་ཐིག་ལ་ཁྱད་པར་ཆེན་པོ་ཡོད་དེ། སི་མིས་སི་དང་བྷོའུ་སི་གཉིས་མི་འདྲ་ལ།ཕེ་རེ་དང་སི་མི་དྷི་གཉིས་མི་འདྲ། ཝི་སི་ལེར་དང་གྷི་རའེ་བྷི་ནེར་ཡང་མི་འདྲ། དེ་བཞིན་ཧྥུ་རོ་བྷེ་ནེའུ་སི་དང་རི་བེར་སུ་ཡང་མི་འདྲ། ཁོ་ཚོའི་བར་གྱི་ཁྱད་པར་ཆེ་ཤོས་ནི་ཁུངས་གང་ཞིག་ནས། བརྒྱུད་ལམ་གང་འདྲ་ཞིག་ལ་བརྟེན་ནས་ཚུལ་ཇི་ལྟ་བུའི་སྒོ་ནས་བརྒྱུད་སྤེལ་བའི་སྐོར་གྱི་གནད་དོན་རྣམས་རེད།
        ཁོ་ཚོའི་བར་གཅིག་མཐུན་མི་ཡོང་བའི་རྒྱུ་རྐྱེན་གཙོ་བོ་ནི། ཕྱོགས་ཕྱོགས་ལ་ཁ་ཐོར་དུ་ཕྱིན་ཡོད་པའི་རིག་གནས་དང་དེ་དག་ཕན་ཚུན་ཇི་ལྟར་བརྒྱུད་སྤེལ་བྱེད་ཚུལ་ལ་ངོས་འཛིན་སྟངས་མི་འདྲ་བ་བྱུང་བའི་རྐྱེན་གྱིས་ཡིན་ལ། དེ་མིན་ཁོ་ཚོས་བརྒྱུད་སྤེལ་གྱི་བརྒྱུད་རིམ་དེ་དག་ད་སྔའི་སྤྱི་ཚོགས་ལ་སྦྱར་ཏེ་ཞིབ་འཇུག་བྱས་པ་ཕལ་ཆེར་མེད། གལ་ཏེ་ད་སྔའི་དངོས་ཡོད་ཀྱི་བརྒྱུད་སྤེལ་སྣང་ཚུལ་དང་སྦྱར་ཏེ་མྱོང་བ་དངོས་ཀྱི་སྒོ་ནས་ཞིབ་འཇུག་བྱས་པ་ཡིན་ན། ང་ཚོ་ལ་མཁོ་བའི་ལོ་རྒྱུས་ཀྱི་དྲི་བ་དག་གི་ལན་ཐོབ་པར་རེ་བ་བྱས་ཆོག་གཞན་ཁོ་ཚོས་རིག་གནས་ནི་ཚན་པ་མི་འདྲ་བ་དུ་མར་བགོས་ཏེ་དེ་དག་བརྒྱུད་སྤེལ་ལས་བསྐྱེད་པར་འདོད་པའི་ལྟ་ཚུལ་དེ་ནི་དེ་ལས་ཀྱང་ཡིད་ཆེས་དཀའ་བའི་གནས་ཤིག་རེད། ཁོ་ཚོས་དེ་སྔོན་རིག་གནས་ལ་ཁྱད་གཤིས་དང་། ཁྱད་གཤིས་གྱི་ཚོམས། རིག་གནས་ཀྱི་ཚོམས་ཞེས་པ་སོགས་ཁ་མི་གསལ་བའི་རྣམ་གཞག་དུ་མ་བཞག་སྟེ་དེ་དག་གིས་སྐབས་རེར་མདའ་མདུང་མེ་ཆ་སོགས་སྣ་རྐྱང་གི་ཡོ་ཆས་དག་མཚོན་པར་བྱས་པ་དང་། མཚམས་རེར་རྗེས་དྲན་རྡོ་རིང་ངམ། གསང་བརྡ་སྟོན་བྱེད་ཀྱི་ཉ་ལྕིབས་ལྟ་བུ་གསལ་ལ་མི་གསལ་བའི་དངོས་པོའི་རིག་གནས་ཀྱི་ཁྱད་ནུས་སོགས་མཚོན་པར་བྱེད། ཡང་སྐབས་རེར་ཞིང་ལས་དང་ཁྱེའུ་བུ་ལ་དད་པའི་སྲོལ་ལྟ་བུ་སོགས་རིག་གནས་ཀྱི་ཕྱོགས་མི་འདྲ་བ་དག་མཚོན་པར་བྱེད་ལ། སྐབས་རེར་ཟུང་ལྡན་གྱི་རྩ་འཛུགས་དང་རུས་རྒྱུད་ཚོ་པའི་རྩ་འཛུགས་ལྟ་བུ་སྤྱི་ཚོགས་ཀྱི་ཚོགས་སྡེ་དག་ཀྱང་མཚོན་པར་བྱེད། ད་དུང་སྐབས་སྐབས་སུ་ཆོས་ལུགས་དད་མོས་ཀྱི་མཛད་སྒོ་སྣ་ཚོགས་ལ་བཀོལ་བ་ཡང་ཡོད། ཡིན་ཡང་། རིག་གནས་ནི་ཁྱད་གཤིས་མི་འདྲ་བ་དག་ལྟོས་དབང་གིས་འདུ་འཛོམས་བྱུང་བ་ཞིག་ལ་ལྟ་མི་རུང་བར། ཕན་ཚུན་མཐུན་ཆོས་ཡོད་པའི་རྒྱུ་ཆ་རྣམས་མཉམ་གཅིག་ཏུ་བཤད་ཆོག་ལ། ཕན་ཚུན་སྦྲེལ་ཡོད་པའི་རྒྱུ་ཆ་རྣམས་སྤྱི་མཚན་གཅིག་ཏུ་བསྡུ་ཆོག གཞན་དངོས་པོའི་རིག་གནས་ལས་གལ་ཆེན་མ་ཡིན་པའི་རིགས་དང་། སྤྱི་ཚོགས་སྒྲིག་སྲོལ་གྱི་སྐོར། རིག་གནས་ཀྱི་རིན་ཐང་སོགས་ངེས་པར་དུ་སོ་སོར་དབྱེ་སྟེ་བཤད་དགོས། དེ་དག་ནི་གསར་གཏོད་ཀྱི་ཁུངས་གཅིག་ལས་བྱུང་བ་མིན་པས་བརྒྱུད་སྤེལ་ལམ་སྤོ་འཛུགས་སོགས་ཀྱང་གཅིག་པ་ཡིན་མི་སྲིད་དོ། །
        ལོ་རྒྱུས་སྨྲ་བའི་ཞིབ་འཇུག་ཐབས་ལམ་གྱི་ཞན་ཆ་ཆེ་ཤོས་ནི། ཁོ་ཚོས་སྤྱོད་བཞིན་པའི་རིག་གནས་ཀྱི་རྒྱུ་ཆ་གཏན་ལ་འབེབས་བྱེད་ཀྱི་ཚད་གཞི་དེ་རེད། ལོ་རྒྱུས་སྟེང་གི་བརྒྱུད་སྤེལ་ཞེས་པའི་སྣང་ཚུལ་ནི་ཡུལ་གྲུ་མི་འདྲ་བར་རིག་གནས་ཀྱི་ཁྱད་གཤིས་གཅིག་ཡིན་པའམ་འདྲ་མཚུངས་ཡིན་པའི་སྣང་ཚུལ་ཞིག་ཡོད་པ་ལས་བྱུང་བ་རེད། རིག་གནས་མི་འདྲ་བ་གཉིས་ཀྱི་རྒྱུ་ཆ་གཅིག་ཡིན་པ་སྒྲུབ་སྐབས། བརྒྱུད་སྤེལ་སྨྲ་བ་རྣམས་ཀྱི་ཚད་གཞི་ནི་ཕྱིའི་རྣམ་པ་ཕན་ཚུན་ལ་འབྲེལ་བ་མེད་ཅེས་པ་དང་རིག་གནས་ཀྱི་རྒྱུ་ཆ་མི་འདྲ་བའི་བར་ལྟོས་དབང་གིས་སྦྲེལ་ཡོད་ཅེས་པ་དེ་གཉིས་རེད། དེ་ལས་ཕྱིའི་རྣམ་པ་ཕན་ཚུན་ལ་འབྲེལ་བ་མེད་ཅེས་པ་ནི་ཁོ་ཚོའི་གཞི་རྩའི་ལྟ་བ་རེད། གལ་ཏེ་ཕྱིའི་རྣམ་པ་ནི་རིག་གནས་རང་ངོས་ཀྱི་དགོས་མཁོས་ཁ་ལོ་བསྒྱུར་བ་ཞིག་ཡིན་ཚེ། དེ་ནི་སྒེར་ཚུགས་གིས་སྐྱེད་ཅིང་རང་ཤུགས་སུ་ཕན་ཚུན་སྦྲེལ་ཏེ་ཕུང་པོ་ཞིག་ཏུ་ཆགས་སྲིད། དེ་ལྟ་བུའི་ཕྱིའི་རྣམ་པ་ནི་འཕེལ་འགྱུར་ཁོ་ན་ལ་བརྟེན་ནས་བསྐྱེད་ཆོག་པ་ཞིག་རེད། གྷི་ལ་བྷོ་ནེའུ་རྗེས་འབྲང་དང་བཅས་པས། ལྟོས་དབང་གིས་སྦྲེལ་ཡོད་པ་དང་རྣམ་པའི་སྟེང་འབྲེལ་བ་མེད་ཅེས་པ་ནི་ཐད་ཀར་བརྒྱུད་སྤེལ་ལས་སྐྱེད་པར་འདོད་མོད། དེ་དག་ནི་དགག་པའི་དོན་ཡིན་པས། མཐར་གཏུག་ན་ང་ཚོས་ཡོ་ཆས་ཤིག་གམ་སྲོལ་ལུགས་ཤིག་གི་རྣམ་པ་ལ་འགྲེལ་བརྗོད་བྱེད་མི་ཤེས་ཞེས་པའམ། རིག་གནས་ཀྱི་ཆ་ཤས་མི་འདྲ་བའི་བར་ཕན་ཚན་སྦྲེལ་ཡོད་པ་ནི་རྒྱུ་མཚན་ཅི་ཡིན་ང་ཚོས་བཤད་མི་ཤེས་ཞེས་པ་དང་འདྲའོ། །
ལོ་རྒྱུས་སྨྲ་བ་རྣམས་ལ་སུན་འབྱིན་སྐབས། ང་ཚོས་ཡང་དང་ཡང་དུ་ཁོ་ཚོ་ལ་མིའི་རིགས་རིག་པ་ནི་ངེས་ཤེས་ཅི་ཡང་མེད་པའི་རྨང་གཞིའི་སྟེང་དུ་གཟུག་རྒྱུ་ཞིག་མིན་ཞེས་བཤད་རིགས། གལ་ཏེ་ཁོ་ཚོས་ཐོག་མར་རིག་གནས་ཀྱི་བྱེད་ནུས་ལ་ཞིབ་འཇུག་ཡག་པོ་ཞིག་བྱས་ཏེ། བྱེད་ནུས་མི་འདྲ་བ་རེ་རེའི་གནས་ཚུལ་དང་རྒྱུ་ཆ་སོ་སོའི་བར་གྱི་འབྲེལ་བ་སོགས་གསལ་པོ་ཞིག་མ་ཤེས་ན། རིག་གནས་ཀྱི་རྣམ་པ་ནི་ཤེས་ཐབས་བྲལ་ལ། ཁོ་ཚོས་བཞག་པའི་སྡོམ་ཚིག་ལ་ཡང་རིན་ཐང་ཅི་ཡང་མེད་དོ། །
        གོང་དུ་བྱེད་ནུས་ལ་དབྱེ་ཞིབ་བྱ་རྒྱུ་གལ་ཆེ་ཚུལ་བཤད་ཟིན། གལ་ཏེ་རིག་གནས་ཀྱི་དངོས་པོའི་ཕྱོགས་ནི་ཡོ་ཆས་དང་མཚོན་ཆ་སྣ་ཚོགས་ཤིག་ཡིན་པའི་དབང་དུ་གཏང་ན། དེ་དག་རིག་མ་ཐག་རིག་གནས་ནི་ཕྱི་ནས་དར་བའི་རིག་གནས་ལས་བྱུང་བ་ཞིག་དང་ཡང་ན་ཉམས་ཟིན་པའི་རིག་གནས་ཀྱི་ལྷག་རོ་སོགས་ཕན་ཚུན་འབྲེལ་བ་ཆེར་མེད་པའི་རིག་གནས་ཀྱི་ཁྱད་གཤིས་དང་སྲོལ་རྙིང་སྣ་ཚོགས་ལྟོས་དབང་གིས་འདུས་པའི་ཕུང་པོ་ཞིག་རེད་ཅེས་ན་ཤིན་ཏུ་ཡིད་ཆེས་དཀའ་སྟེ། ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་ཀྱི་སྒྲིག་སྲོལ། ཀུན་སྤྱོད་རིན་ཐང་སོགས་ནི་ལྟོས་དབང་གིས་འདུས་པའི་རང་བཞིན་ཅན་ཞིག་རྩ་བ་ནས་མིན། ཡིན་ཡང་འཕེལ་འགྱུར་སྨྲ་བ་དང་བརྒྱུད་སྤེལ་སྨྲ་བ་ཚོ་ཆེས་སྤྲོ་བ་ཡོད་ས་ནི་གནད་དོན་འདིའི་རིགས་སུ་གྱུར་བ་དག་ཡིན་ནོ། ། (མུ་འགོད།) 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1