འདི་ནི་རང་བཞིན་གྱི་རླུང་ཞིག་མིན་ཏེ། མཐའ་ཡས་པའི་རྩྭ་ཐང་དང་དབེན་འཇགས་ཀྱི་རི་ལུང་། མཐོ་བརྗིད་ཀྱི་རྫ་རི་བཅས་ལ་ལོ་ངོ་ཁྲི་སྟོང་མང་པོའི་སྔ་རོལ་དུ་སྐོར་དཀྱིལ་རྒྱ་མཚོ་ལས་ལྡིང་འོངས་པའི་རླུང་ཡིན་ལ། ཁོས་ལེ་དབར་སྟོང་གི་ལམ་ཚེགས་ལ་མི་འཛེམ་པར་དཀའ་སྡུག་གི་སྙིང་རུས་བསྐྱེད་ཅིང་། རྫུ་འཕྲུལ་དུ་གཞོལ་བའི་གཤོག་ཟུང་ལ་བརྟེན་ནས་སྤྲིན་ཚོགས་ཀྱི་བང་རིམ་གཏོར་ནས་རི་ལུང་དང་། རྩྭ་ཐང་། གཙང་འགྲམ། ནགས་ཀླུང་བཅས་སུ་ལྡིང་བ་དང་། མཐོ་སྒང་གི་རླུང་གིས་ནམ་ཁའི་སྤྲིན་ཕུང་རེ་རེ་བརྟོལ་ནས་མུ་མེད་མཐའ་ལ་བསྐྱོད་ཅིང་། སྙན་ངག་པའི་སེམས་པའང་རླུང་ལ་བཅིབས་ཏེ་དྲན་ཤེས་མཚོ་འགྲམ་ལ་བརྡབས་པའི་རླབས་སྒྲའི་ཁྲོད་འཕགས་ཤིང་། མཚོ་བོད་མཐོ་སྒང་གི་ལ་ལུང་དང་རི་རྒྱུད། རྩྭ་ཐང་དེད་ནས་འགྲོས་གཅིག་ཏུ་གནས་འདིའི་སྣོད་བཅུད་ཀྱི་ཁམས་ལ་མིག་གིས་བལྟས་ཤིང་རྣ་བས་ཉན། ཐོབ་འབྲས་ནི་དབེན་འཇམ་གྱི་གཉིད་ལས་སད་ཅིང་། ཁུ་སིམ་མེར་གཏན་ནས་སྡོད་མི་ཐུབ་པའི་ཚོར་རྟོག་སྐྱེན་པོ་ཞིག་འཁྲུངས་ཤིང་། དེ་ནི་རྩོམ་མཁན་གྱི་རང་གཤིས་ངང་གིས་ཕྱིར་བསྟན་པའང་ཡིན་ཏེ། རྨོངས་གཉིད་ལས་སངས་ཤིང་རྟོགས་སད་ཐོབ་པའི་རྩོམ་པ་པོའི་སྣང་ཚོར་དུ་རི་གྲོང་གི་འགུལ་མེད་ལྷིང་འཇགས་དང་དལ་བྲེལ་མེད་པའི་ཡུལ་མི་རྣམས་ལ་ངར་ཤུགས་སློང་བའི་ཤུ་སྒྲ་ཙམ་འདོན་ཐུབ་ནའང་སྙམ་པའི་རྟོག་འགྱུ་ཞིག་གིས། ཡུན་རིང་དུ་སེམས་གཏིང་ལས་སྦས་པའི་སེམས་འདུན་དེ་བཀག་བསྡོམས་ཀྱི་རྒྱ་ལས་ཐར་བར་བྱས་ཤིང་སྙིང་ཁོང་ལས་ཐོན་ཞིང་ཚེ་སྲོག་གི་འདུ་ཤེས་ཤུགས་དྲག་པའི་གླུ་སྙན་མོ་ཞིག་རླུང་ལ་བསྐུར་བ་དང་རི་ལུང་ཀུན་དུ་ཁྱབ་པར་བྱས།
ཕྱི་རོལ་ཡུལ་གྱི་འཇིག་རྟེན་དང་སྤྱི་ཚོགས་སུ་རང་གི་ཤེས་པའི་རྟོག་པ་འཇུག་འདོད་ཀྱི་བསམ་བློ་ཤུགས་དྲག་ཏུ་བསྟན་པའི་རང་གཟུགས་ཤིག་དང་། སྐད་ཅིག་མའི་ཚོར་རྟོག་གིས་ཤོར་མེད་དུ་བཟུང་བའི་འཚོ་བ་དང་ཚེ་སྲོག་གི་རླུང་བུ་ཞིག་ཀྱང་ཡིན། སྙིང་རླུང་མཁའ་ལ་སྤུར་ནུས་པའི་རླུང་ཆེན་གྱིས་མིར་སྙིང་སྟོབས་འཛད་མེད་ཅིག་སྦྱིན་ནུས་པ་མ་ཟད། རྩིང་ཞིང་རྒོད་པ་དང་འཇམ་ཞིང་དྲོ་བའི་ངང་རྒྱུད་ཀྱིས་བླ་ན་མ་མཆིས་ཤིང་སྐྱོ་སྣང་ལྡན་པའི་ཚེ་སྲོག་གི་གཤིས་ཀ་མ་ལུས་པར་མི་རྣམས་ཀྱི་བློ་ངོར་བཀྲམ་པ་དང་། རླུང་གིས་སྙན་ངག་གི་ཁྲོད་དུ་ཚེ་སྲོག་གི་མེ་ལྕེ་སྦར་ཞིང་། འདུག་སྡོད་ལ་རང་དབང་ཐོབ་ཚུལ་གྱིས་དལ་བུར་བསྐྱོད་པའི་ཤུབ་སྒྲ་དང་། དྲག་ཏུ་གཡུགས་པའི་འུར་སྒྲས་དབེན་འཇམ་གྱི་མཐོ་སྒང་ལ་ཚེ་སྲོག་གི་གསོན་ཤུགས་རྒྱས་པར་བྱས།
མཐོ་སྒང་གི་རླུང་གིས་དུས་ནམ་ཡང་མཐོ་སྒང་མི་རིགས་འདིའི་གཞི་རྒྱ་ཆེ་ཞིང་། རྔམ་བརྗིད་ལྡན་པའི་རིག་གནས་བསམ་བློ་ཞིག་མཚོན་པ་དང་། རླུང་གི་ཕྱིར་དྲན་དང་། རླུང་གི་དུང་སེམས། རླུང་གི་རང་གཤིས་ནི་མཚོ་བོད་མཐོ་སྒང་གི་མིའི་ལོ་རྒྱུས་མ་ཡིན་ནམ། མཐོ་སྒང་གི་མིའི་གཤིས་རྒྱུད་དང་མི་རིགས་ཀྱི་སྙིང་སྟོབས། རྩོམ་པ་པོ་རང་ཉིད་ཀྱི་རྟོག་སད་ཅིག་ཡིན། ལོ་ཟླས་བརྐོས་ཤིང་བཞག་པའི་བརྙན་རིས་སྣ་ཚོགས་ལས་གངས་རིན་པོ་ཆེ་ནི་བར་སྣང་ལ་འགྱིང་བ་དང་། ཡུམ་བུ་བླ་སྒང་ནི་ནུབ་ཁའི་ཉི་ཟེར་ཁྲོད་གཟི་འོད་སྤྲོ། རི་བོའི་གཏོས་དང་མཚོ་མོའི་འཇིངས་ལ་འགྲན་པའི་མ་ཎི་རྡོ་འབུམ་སོགས་ལས་བློ་རིག་དང་སྙིང་རུས། བརྩོན་སེམས་བཅས་ཀྱི་འོད་སྣང་ལམ་ལམ་དུ་འགྱེད་ཅིང་། རང་བྱུང་ཆེན་པོའི་སྙིང་སྟོབས་ཀྱི་འབྱུང་གནས་འདི་ནས་འགྲིག་བཞིན་ཡོད་པ་ཤེས་ཐུབ། ང་ཚོས་གཞི་ལ་གྲུབ་པའི་དངོས་པོ་འདི་དག་ལས་མི་རིགས་ཤིག་གི་སྲོལ་རྒྱུན་དོན་སྙིང་སྟེང་གི་རིག་གནས་ཡུལ་ཁམས་དང་།
ཡུལ་ཁམས་དེ་ལས་མཐོང་བའི་ཁུ་སིམ་དང་། བབ་ཆགས་ནི་དེ་འདྲའི་བག་ལ་ཉལ་འདུག་པར་དབྱེ་ཞིབ་བྱས་ཆོག་ལ། མི་སེམས་སྒུལ་ཞིང་མེས་པོ་རྣམས་ཀྱི་ལས་དབང་དང་འབྲེལ་བའི་རྨུ་ཐག་གི་སྣེ་གཅིག་མཐོང་ཐུབ། ངག་རྒྱུན་དུ་མེས་པོ་དག་གནམ་ལ་འཛེགས་སྤྱད་དང་། རང་བྱུང་ཁམས་དང་། མིའི་གཤིས། ལྷའི་གཤིས་བཅས་སུ་འབྲེལ་བ་ཞིག་ལ་རྨུ་ཐག་ཟེར། རྨུ་ཐག་གི་བཤད་རྒྱུན་གྱིས་ང་ཚོའི་སྙན་ངག་པར་རྒྱ་ཆེ་བའི་བསམ་གཞིགས་ཀྱི་བར་སྟོང་ཞིག་ཕྱེ་བ་ཡིན་ཡང་སྲིད། རྨུ་ཐག་གི་སྣེ་གཅིག་ལྷའི་གཤིས་དང་། གཅིག་ཤོས་མིའི་གཤིས་རེད། ལྷའི་གཤིས་འཁྱེར་བའི་ཁམས་དེ་གཏན་དུ་མཚར་སྡུག་ལྡན་ཞིང་ང་ཚོའི་རྣམ་ཤེས་ཀྱི་མཆོད་སྟེགས་དང་། བོད་མི་རིགས་འདིས་སྨོན་པ་བྱེད་སའི་གནས་ཉག་གཅིག་ཏུ་གྱུར། དེ་ལྟ་བུའི་གནའ་བོའི་དུས་ནས་ཆད་པའི་སེམས་ཀྱི་རྨུ་ཐག་གིས་ང་ཚོའི་སྙན་ངག་པར་རང་བྱུང་ལ་བརྩི་འཇོག་དང་། ཚེ་སྲོག་ལ་གཅེས་སྤྲས། མི་གཤིས་ལ་ཆ་ཚང་བའི་རྒྱུས་ལོན་བྱེད་པ་བཅས་ཀྱི་རླབས་རྒྱུན་འཕྱུར་དུ་བཅུག ང་ཚོའི་ནང་བར་དུས་རབས་ཀྱི་འགྱུར་ལྡོག་དང་འཚོ་བའི་བརྒྱུད་རིམ་གྱི་ཕུན་ཚོགས་བརྒྱུད་དེ་མི་རབས་གསར་བའི་བོད་རིགས་ཀྱི་སྙན་ངག་པ་རྣམས་ཀྱིས་དངོས་པོར་བརྟེན་ནས་འདོད་དོན་བརྗོད་པ་དང་། ཡུལ་ལྗོངས་གཡར་ནས་སེམས་ཁམས་སྟོན་པའི་མཚོན་ཐབས་རྙིང་བ་དག་སྤངས་བ་དང་། མཐོ་སྒང་གི་རླུང་གི་རྩོམ་པ་པོས་ཀྱང་ཐབས་མཁས་ཀྱི་སྒོ་ནས་རླུང་གི་བྱེད་སྒོ་ལས་བྱུང་བའི་ཉམས་སྣང་ཅི་རིགས། སེམས་མེད་རབ་རྟོག་གི་འབྲི་ཐབས་སྟེང་སྤེལ་བའི་སྙན་རྩོམ་ལ་ཉམས་འགྱུར་དང་མཚོན་སྟོབས་ཀྱིས་ཕྱུག་པ་མ་ཟད་སྐྱེ་དངོས་དང་ས་གཞི། ཆུ་ཀླུང་དང་སྤང་ཐང་། ལྷགས་རླུང་དང་བྱེ་ཐང་སོགས་ལ་འདུ་ཤེས་སྦྱར་བས། ང་ཚོའི་རོལ་མྱོང་གི་གོ་རིམ་ཁྲོད་སེམས་པར་གཡོ་སྐྱོམ་ཐབས་སླ་བ་དང་། གཟུགས་མེད་ཀྱི་ཟིལ་ཤུགས་ཤིག་གིས་རང་རྟོག་ཁྲོད་བསླངས་ཟིན་པའི་གནས་ཡུལ་དེར་ཁྲིད་ཅིང་། སྐྱེ་སེམས་ལྕི་མོ་ཞིག་གི་མནར་གཅོད་ཁྲོད་གྲོགས་མེད་ཁེར་རྐྱང་པའི་སྐྱོ་གླུ་ཞིག་ཕ་ཡུལ་གྱི་སྣོད་བཅུད་ལ་བླངས། །