མཐོན་པོ་གངས་ཀྱིས་བསྐོར་བའི་ཡུལ་ལྗོངས་ལ། །
དཔྱིད་གསུམ་ཟླ་བའི་སྒེག་མོ་བགས་ཀྱིས་སླེབས། །
མཛེས་སྡུག་དྲོད་རླབས་འཕྱུར་བའི་ཟགས་ཕྲེང་གིས། །
གངས་རིའི་ཞིང་ལ་སྐྱིད་པའི་ཉི་མ་སྦྱིན། །
གངས་དཀར་མཐོན་པོ་ཨ་སྔོན་མཁའ་དབྱིངས་སུ། །
བསྙེགས་ཤིང་སྤྲིན་པ་ཚོམ་བུ་མགུལ་དུ་འཕྱུར། །
མཛེས་ལྡན་འཕགས་མ་སྟོང་གི་མགུལ་བ་ལ། །
ལྷ་རྫས་དཀར་བོ་སྤྲས་པ་གཅིག་པུར་སྣང་། །
སྔོ་བསངས་མཁའ་ཡི་མདངས་ལ་དཔལ་འགྲན་པའི། །
མཚོ་ཆེན་གཙང་ཀླུང་རྒྱས་པའི་རླབས་སྒྲ་གསལ། །
ཟླས་གར་མཁན་པོ་སྐྱེངས་པ་སྟེར་བའི་དཔལ། །
ཉ་ཚོགས་གར་ལ་རྩེན་པའི་མཛེས་སྡུག་མཚར། །
རི་ཆེན་རི་ཆུང་འབུམ་ཕྲག་ཚོགས་པ་ལ། །
ལྗོན་རིགས་ལོ་མའི་གཤོག་འགྱུར་འཛིངས་བར་བསྒྱུར། །
བྱ་བྱེའུ་སྙན་པའི་གསུང་དབྱངས་ལྷང་ལྷང་གྲགས། །
སྣ་ཚོགས་རི་དྭགས་དགའ་བའི་གར་སྟབས་མངོན། །
རྩྭ་ཐང་མེ་ཏོག་དགོད་པའི་སྤང་གཤོངས་ན། །
རྟ་ནོར་ལུག་གསུམ་རྒྱན་སྤྲས་མཆོག་ཏུ་མཛེས། །
ལྷ་ཆེན་ཚངས་པ་སྟོང་གི་གྲེ་འགྱུར་ལ། །
སྐྱེངས་པ་སྟེར་བའི་རྫི་གླུ་ལྷང་ལྷང་གྲགས། །
མ་གཅིག་དྲིན་མོ་ཆེ་ཡི་ཕྱག་འདྲ་བའི། །
ཉི་འོད་དྲོ་ཞིང་མཁའ་དབུགས་གཙང་བའི་དཔལ། །
མི་ཚོགས་རྒྱ་མཚོ་འཁྱིལ་བའི་སྐྲ་ལོ་ལ། །
བརྩེ་ཕྱག་བསིལ་འཇམ་རླུང་བུས་བྱིལ་བྱིལ་མཛད། །
ཡུལ་ལྗོངས་མཛེས་ཤིང་ཐོན་ཁུངས་ཕུན་སུམ་ཚོགས། །
རྒྱལ་སྲིད་བདེ་ཞིང་ནད་ཡམས་མེད་ནའང་། །
རང་རེའི་གསར་སྐྱེས་གངས་ཕྲུག་ལ་ལ་ཞིག །
དགུན་འཁྱག་རྨོངས་པའི་ཞིང་ན་ད་དུང་ལུས། །
གཞན་རིགས་བུ་མོ་འཇོ་སྒེག་ལང་ཚོ་ཅན། །
ཚན་རིག་ཁྱོ་བོའི་རྗེས་ལ་བག་མར་སོང་། །
རང་རིགས་གསར་སྐྱེས་ཕོ་སྒོ་འཛོམས་ནའང་། །
ཚན་རིག་བུ་མོ་བག་མར་མ་རྙེད་ལུས། །
ལྟོས་དང་གངས་རིའི་ཞིང་གི་ཐང་ཡངས་ན། །
མདའ་གྲི་མདུང་གསུམ་འཛིན་པའི་དཔུང་ཚོགས་ནི། །
ས་རྩོད་ལ་རྒྱ་འཛིན་པའི་རང་རིགས་ཀྱི། །
ཡ་མེད་རྒྱ་སྟག་འདྲ་བའི་དཔུང་ཚོགས་རེད། །
ཉོན་དང་ས་གཞི་འདར་བའི་འགད་རྫས་དང་། །
རྣར་གཟན་ལྷང་ལྷང་གྲགས་པའི་བོའུ་སྐད་ནི། །
རང་བྱུང་རྩྭ་ཕྲན་ཉག་མ་གཅིག་གི་ཆེད། །
ཕ་སྤུན་ནང་འཁྲུག་འཕྱུར་བའི་གླུ་སྒྲ་རེད། །
ཉོན་དང་གཏམ་གླེང་ཨག་སྐད་འཕྱུར་འདྲ་ནི། །
ན་ཆུང་སློབ་གྲྭར་མ་བཏང་གནས་ཡུལ་ལ། །
དེ་རིང་བརྫངས་པའི་འགྱོད་གཏམ་འབྲུག་སྒྲ་ཡིས། །
ཕ་མར་རྒོལ་ལན་རྩོད་པའི་གླུ་དབྱངས་རེད། །
ལྟོས་དང་ལ་ལས་གདོང་གི་གནམ་ངོ་རུ། །
ཞེ་སྤོ་འཁྲིགས་པའི་སྤྲིན་པ་ལང་ལོང་འདུ། །
སྔོན་ཐོན་རྩལ་རྫོགས་རླབས་ཆེན་མཛད་རྗེས་ལ། །
ཕྲག་དོག་ཁྲག་ལ་ཆགས་པའི་རྔམ་སེམས་རེད། །
ཉོན་དང་ཤབ་ཤུབ་སྨྲ་བའི་གཏམ་གླེང་ནི། །
ཕྲག་དོག་ཡ་ང་ཞིང་གི་དཀྱིལ་འཁོར་ན། །
གཟེངས་ཐོན་གྲུབ་འབྲས་གསེར་རིའི་ཕྲེང་བརྩེགས་ལ། །
དམའ་འབེབ་རླུང་ནག་འཚུབ་མའི་སྒྲ་དབྱངས་རེད། །
ལྟོས་དང་རྟ་ནོར་ལུག་གསུམ་འཚོ་མཁན་ནི། །
གངས་ཅན་ཁ་བ་རི་བོའི་རྗེས་སྐྱོང་དང་། །
རང་རེའི་ལ་རྒྱ་འཛིན་པའི་དཔུང་ཚོགས་ཀྱི། །
གངས་ལྗོངས་མི་རབས་གསར་པའི་བྱིས་ཚོགས་རེད། །
སྔོན་ཆད་གངས་ལྗོངས་ལ་རྒྱའི་སྙན་པ་ཡི། །
གླུ་སྒྲ་ཨ་སྔོན་དབྱིངས་སུ་འཕུར་བར་གྲགས། །
ད་ལྟ་ཉམས་ཞིང་རྒུད་པའི་སྐད་ངན་དང་། །
ཉམ་ཆུང་རྗེས་ལུས་ཞིང་ལ་ཚུད་པའི་གཏམ། །
བོད་རིགས་དམངས་སྒྲུང་རིང་མོའི་ཆུ་རྒྱུན་ལ། །
ཡུམ་ཆེན་འགག་བཟའི་མཁྱེན་རབ་འོད་ཁང་ལ། །
དྲིན་ཆེན་འགག་བཟའ་ལྷ་མོའི་གདོང་ཡོངས་ལ། །
སྐྱོ་སེམས་སྤྲིན་ནག་འཁྲིགས་པའི་གདེང་ཀ་མངོན། །
ཡིད་སེམས་གཏམ་ཚེར་རྣོ་བས་བསྣུན་པ་ཡིས། །
ན་ཟུག་མ་བཟོད་གངས་དཀར་རྩེ་ལ་བབས། །
གངས་འདབས་གངས་ལྗོངས་རང་གི་བུ་ཆུང་ལ། །
སྐྱོ་སྐད་ཤ་ཚའི་གཏམ་ཚོགས་འདི་ལྟར་སྤེལ། །
ཀྱེ་ཀྱེ་གངས་ཅན་བོད་ཀྱི་བུ་ཆུང་ལགས། །
ཁྱོད་ཀྱིས་ང་དང་ང་ངོ་ཤེས་མི་ཤེས། །
ང་དང་ང་ཡི་རྒྱུ་མཚན་མ་ཤེས་ན། །
ང་ནི་ཇོ་སྤྲུལ་མ་བྲག་སྲིན་མོ་ཡིན། །
ལོ་ངོ་ཁྲི་ཕྲག་ཟིན་པའི་ཡར་སྔོན་དུ། །
ཁྱེད་ཀྱི་ཕ་མེས་སྟོང་ཕྲག་གྲངས་མེད་ཀྱི། །
རུས་རྒྱུད་དར་བའི་ཡུམ་ཆེན་བདག་མོ་ནི། །
ཇོ་སྤྲུལ་བྱང་སེམས་སྲིན་མོ་ང་རང་ཡིན། །
ཤ་ཁྲག་འབྲེལ་བའི་བརྩེ་བ་དྲི་བའི་གཏམ། །
གངས་ལྗོངས་བུ་ཚོགས་རྣ་བའི་བུ་ག་རུ། །
ལྷུང་མ་ཐག་ཏུ་བརྩེ་བ་དད་གུས་ཀྱིས། །
མུ་མཐུད་བསླབ་བྱ་འོ་མའི་བཅུད་ལ་རོལ། །
སྤྱིར་ན་གཏམ་གྱི་ཡང་སྙིང་བརྗོད་བྱུང་ན། །
གངས་ཅན་བུ་རབས་སྟག་ཤར་གཞོན་ནུ་ཚོ། །
ཁྱོད་ཚོ་གཅིག་གྱུར་མཐུན་པའི་མ་གཅིག་པུ།
བདག་མོ་ང་ལས་གཞན་ནི་ཡོད་མ་གྱུར། །
བདེ་སྐྱིད་ལྷ་ཡུལ་ལྟ་བུའི་ཞིང་ཁམས་འདིར། །
ཤེས་བྱ་པད་མའི་འདབ་སྟོང་ལྷུག་པོར་གྲོལ། །
བྱིས་ཚོགས་བུང་བ་ཁྱོད་ཚོ་རྩེན་པ་འདི། །
སྔོན་བསགས་ལས་འབྲས་ཟབ་མོའི་སྐལ་བཟང་རེད། །
དཔལ་གྱི་མེ་ཏོག་བཞད་པའི་འཇིག་རྟེན་ནས། །
ཡ་རབས་ཟེའུ་འབྲུའི་གསེར་ཏོག་མ་སྨིན་ན། །
བདུད་རིགས་ནག་པོ་མུན་པའི་ཡུལ་གྲུ་རུ། །
སྐྱེས་པའི་བདུད་ཕྲུག་ལའང་འགྲན་དུ་མེད། །
བསམ་དཀར་དྭངས་གཙང་ཤེལ་གྱི་མེ་ལོང་ལ། །
གཞན་གནོད་དུག་ཚེར་རྣོན་པོའི་གཟུགས་བརྙན་ཅན། །
ནམ་ཡང་བཀག་འགོག་མཚོན་ཆས་ཁ་གཏད་དེ། །
འཆར་དུ་མ་འཇུག་གངས་ཅན་ཨ་མའི་བུ། །
དཀར་སེམས་མཛེས་སྡུག་སྐྱེད་ཚལ་ར་བ་རུ། །
བརྣག་སེམས་དུག་གི་མེ་ཏོག་འཇིགས་རྔམ་དག །
ཟིལ་གནོན་རྐང་བའི་ངར་ཤུགས་ལེགས་དྲངས་ནས། །
སྐྱེ་རུ་མ་འཇུག་གངས་ཅན་ཨ་མའི་བུ། །
སེམས་པ་དཀར་པོ་དྭངས་གཙང་ཆུ་བོའི་རླབས། །
མ་ངེས་གང་ཕྱོགས་ཡུལ་ལ་འགྱེད་པའི་དུས། །
བརྣབ་སེམས་མི་གཙང་རྙིགས་རོ་འཕྲད་བྱུང་ན། །
བསྐོར་ཐབས་གྱིས་དང་གངས་ཅན་ཨ་མའི་བུ། །
རང་སེམས་ཁང་བ་དམར་པོའི་ནང་རོལ་ལ། །
ཐོག་མཐའ་བར་གསུམ་རྣམ་པ་ཀུན་གཅིག་ཏུ། །
སྙིང་རྗེ་གསེར་དངུལ་ནོར་བུའི་ཕྲེང་བ་ཅན། །
སྡུད་ལ་རེམ་ཤིག་གངས་ཅན་ཨ་མའི་བུ། །
སེམས་པ་སྤྲིན་དཀར་འདུ་བའི་ལྡིང་ཁང་ནས། །
འཛིན་མའི་སྐམ་ལ་ཉེ་བའི་ལྗང་མྱུག་ལ། །
ཕན་སེམས་ཆར་བ་བརླན་པའི་ཕྲེང་བ་ཅན། །
སྦྲུམ་པར་གྱིས་ཤིག་གངས་ཅན་ཨ་མའི་བུ། །
མཛེས་སེམས་གཞལ་ཡས་ཁང་གི་ནང་རོལ་དུ། །
ཤ་རུས་གདུང་རྒྱུད་གཅིག་པའི་སྤུན་ཟླ་ལ། །
ཟོལ་མེད་མཛའ་བརྩེ་བཅངས་པའི་ལྷ་སྐུ་ཅན། །
གདན་འདྲེན་གྱིས་ཤིག་གངས་ཅན་ཨ་མའི་བུ། །
སྙན་དབྱངས་ངག་ལམ་ཡངས་པའི་རྟ་ཕོ་ལ། །
རྫུན་གཏམ་མཛོ་སྒ་སྤྲས་པ་ལེགས་དོར་ནས། །
དྲང་གཏམ་གསེར་སྒ་སྤྲས་པའི་ལང་ཚོ་ཅན། །
ངག་ནས་ངོམ་དང་གངས་ཅན་ཨ་མའི་བུ། །
ངག་ལམ་ཨ་སྔོན་དབྱིངས་ཀྱི་དཀྱིལ་འཁོར་ནས། །
ལྷིང་འཇགས་འཚོ་བའི་མེ་ཏོག་སྐྱེད་ཚལ་ལ། །
ཕྲ་མ་ཚིག་གི་སེར་བའི་ཕྲེང་བ་ཅན། །
རབ་ཏུ་ཁོག་ཅིག་གངས་ཅན་ཨ་མའི་བུ། །
ངག་ལམ་གཅན་གཟན་ང་རོའི་འཇིག་རྟེན་ནས། །
རྩུབ་མོ་གཟེར་བའི་སྡིག་གཏམ་མདུང་གི་རྩེ། །
གཞན་སེམས་ཁ་སྤྲོད་གཅད་པའི་ངང་ཚུལ་ཅན། །
མྱུར་དུ་ཆོད་ཅིག་གངས་ཅན་ཨ་མའི་བུ། །
ཡངས་ཤིང་ཆེ་བ་བདེ་བའི་རྣ་ལམ་དུ། །
དྲི་གཏམ་རྟ་ཕོའི་ཁ་ལོ་བསྒྱུར་བའི་ཚེ། །
མགྲོན་དུ་བསུ་བའི་འཇམ་ཚིག་ཕྲེང་བའི་དཔལ། །
ངག་ལ་ལོངས་ཤིག་གངས་ཅན་ཨ་མའི་བུ། །
འགལ་བ་རྒྱ་མཚོ་འཁྲིགས་པའི་ལས་ཀློང་ལ། །
ཕྱོགས་རིས་འཐོར་རླུང་དྲག་པོ་མ་སྤྲད་པར། །
བདེན་གཏམ་གནས་ལུགས་འོ་མའི་རང་མདངས་ཅན། །
ངག་ནས་ལོངས་ཅིག་གངས་ཅན་ཨ་མའི་བུ། །
ཕམ་པ་ནགས་ཚལ་སྐམ་པའི་རི་ལུང་ལ། །
བསླབ་བྱ་སྨན་གྱི་ཆར་བའི་ཕྲེང་བ་ཅན། །
རྟག་ཏུ་འཇོ་བའི་མེ་ཏོག་ཕྲེང་བའི་ཚོམ། །
ངག་ལ་ལོངས་ཤིག་གངས་ཅན་ཨ་མའི་བུ། །
སྣ་ཚོགས་གཞན་ནོར་གཙང་ཆབ་སྔོན་མོའི་རོ། །
རྐུ་མཁན་དཔའ་བོའི་སྐོམ་གདུང་རྟ་མཆོག་གིས། །
སྲེད་རྔམ་འཚེར་སྐད་གྲགས་པའི་ང་རོ་ཅན། །
ལག་ནས་སྤོངས་ཤིག་གངས་ཅན་ཨ་མའི་བུ། །
སྤྱི་ཚོགས་རྒྱ་མཚོ་ཡངས་པའི་ཞིང་ཁམས་ནས། །
ཚུལ་མཐུན་ཞི་བདེ་ཕྱོགས་ལ་བརྩོན་པར་གལ། །
ལོག་གཡེམ་རླབས་རྩེ་འཕྱུར་བའི་གདེང་ཀ་ཅན། །
མཐོ་རུ་མ་གཏོང་གངས་ཅན་ཨ་མའི་བུ། །
ངག་ལ་ཁུ་བྱུག་གསུངས་སྙན་ལྡན་པའི་བུ། །
ཡིད་ལ་མེ་ཏོག་དཀར་པོ་བཞད་པའི་བུ། །
ལུས་སུ་མཚར་སྡུག་གསེར་ལྭ་སྤྲས་པའི་བུ། །
རྣ་བ་མ་གཡེང་ཨ་མའི་གཏམ་ལ་གསོན། །
ཨ་མའི་བུ་ཆུང་ཁྱིམ་ནས་མི་སྡོད་པར། །
ཤེས་བྱའི་གཟི་འོད་འབར་བའི་སློབ་གླིང་ལ། །
མྱུར་བསྐྱོད་རྟ་ཕོ་རླུང་གི་དཔལ་འགྲོགས་ཏེ། །
ད་ལྟ་བསྐྱོད་པའི་དུས་ལ་རན་ནས་གདའ། །
མི་རིགས་གཞན་ལ་ལྟ་བའི་ངོ་ཚ་དང་། །
མི་རིགས་རང་ལ་ལྟ་བའི་ཁྲེལ་བག་དང་། །
གཅོད་མཁས་ཕྱོགས་ལ་དཔའ་བའི་སྙིང་རུས་གསུམ། །
ད་ལྟ་ལོངས་ཤིག་གངས་ཅན་ཨ་མའི་བུ། །
མགོ་བོ་མ་སྨད་ཨ་སྔོན་དབྱིངས་ལ་ཁྱོགས། །
མིག་ཟུང་མ་བཙུམས་འཛམ་བུའི་གླིང་ལ་ལྟོས། །
བསམ་བློ་མ་འདུག་འཁོར་བའི་ལས་ཆེན་ལོངས། །
རྐང་ལག་མ་འདུག་ལག་ལེན་དངོས་ལ་ཞུགས། །
སྐལ་བཟང་འཇའ་ཚོན་སྟོང་གི་སློབ་གྲྭ་ནས། །
སྣ་ཚོགས་ཤེས་རིག་འབད་པའི་སྦྱང་སྟོབས་ཀྱིས། །
མཐར་ཕྱིན་མཛད་རྫོགས་མཛེས་པའི་མེ་ཏོག་ལ། །
ཚན་རིག་ཟེའུ་འབྲུས་ལང་ཚོ་ངོམ་པར་གྱུར། །
གངས་དཀར་ཨ་མ་བདག་མོའི་ཡུལ་ལྗོངས་ལ། །
ལུགས་སྲོལ་གསར་པའི་བཀྲག་མདངས་ངོམ་པ་དང་། །
ཚན་རིག་ཞིམ་མངར་ལྡན་པའི་ཟེའུ་འབྲུའི་བཅུད། །
གངས་ལྗོངས་མི་ཚོགས་སྦྲང་མའི་ལོངས་སུ་སྤྱད། །
གངས་ཅན་ཨ་མ་བདག་མོའི་བུ་ཆུང་ལ། །
རིག་གནས་ཡོན་ཏན་དཔལ་བཟང་ཐོབ་པར་ཤོག །
ཤེས་བྱའི་རྒྱུ་ནོར་གསེར་དངུལ་ཐོབ་པར་ཤོག །
ཚན་རིག་ལྷ་མོ་བག་མར་ཐོབ་པར་ཤོག །
ཉིན་གུང་ཚད་རྫོགས་གངས་རྩེ་ལྷུན་པོ་ལ། །
ཉི་འོད་དམར་བོའི་བཀྲག་མདངས་ཀུན་ནས་འགྱེད། །
གངས་ཀྱི་ཅོད་པན་མངོན་པར་མཛེས་ཀློང་ནས། །
ཕ་རྒན་སྤྲེའུས་གཏམ་ཚོགས་འདི་ལྟར་སྤེལ། །
གངས་ལྗོངས་གངས་ལ་དགའ་བའི་ཞིང་ཁམས་ནས། །
རུས་གཅིག་རིགས་རྒྱུད་འཕེལ་བའི་བུ་ཚོགས་ལ། །
ཉེས་དོན་ལེགས་སྨྲས་བསླབ་བྱའི་ཕྲེང་བ་ཅན། །
གཏོར་བའི་ངག་གི་སྒོ་མོ་ཡངས་པོར་ཕྱེས། །
འཐབ་རྩོད་ནང་ལ་བྱུང་ན་ལ་རྒྱ་མིན། །
ཕྲག་དོག་ནང་ལ་བྱས་ན་འགྲན་སེམས་མིན། །
སྙིང་རྗེ་མེད་ན་གངས་རིའི་འགྲོ་བ་མིན། །
རིག་གནས་མེད་ན་སྨྲ་ཤེས་སྐྱེ་བོ་མིན།
ལྟོས་དང་འཛམ་གླིང་གོ་ལའི་ཐང་ཡངས་ན། །
བརྗིད་ཆགས་མངོན་མཐོའི་ཁང་ཆེན་བ་གམ་ཅན། །
གྱེན་ལངས་མཐོ་རླབས་སྤྲིན་གྱི་ལྡིང་ཁང་ནས། །
རླབས་བཞིན་འཕྱུར་བའི་རྣམ་པའི་ལང་ཚོ་འཛུམ། །
བསྣོལ་ཞིང་རིང་བའི་ནག་རིས་སྲང་ལམ་ན། །
སྣ་ཚོགས་འཕྲུལ་འཁོར་རླུང་གི་དཔལ་འགྲོགས་ནས། །
གྲངས་མེད་མདེའུ་གཏོང་བའི་འཐབ་འཛིང་ལ། །
སྐྱེངས་པ་སྦྱིན་པའི་ཚུལ་འདི་ཨེ་མ་རྨད། །
རྒན་དར་གཞོན་གསུམ་མཛེས་པའི་ལུས་ཡོངས་ལ། །
གསར་བཟོའི་འཕྱོར་ལྭ་ལྷ་མོས་ཀུན་ནས་བརྒྱན། །
བལྟས་ཀྱང་མི་ངོམ་མཛེས་པའི་མཚར་སྡུག་ལ། །
ལྷ་ཡུལ་ལས་ཀྱང་འགྲན་པའི་གོ་སྐབས་ཕྲ། །
བཅུད་འཛོམས་སྣ་ཚོགས་ཟས་རིགས་ཟེའུ་འབྲུ་ཕྲེང་། །
མི་ཚོགས་པད་མའི་དཀྱིལ་ན་འཛུམ་ཞིང་དགོད། །
སྲེད་སྦགས་ཡིད་སེམས་བློ་ཡི་བུང་བ་དག །
ཚིམ་ཞིང་ལོག་པའི་དཔལ་ལ་སུ་ཡིས་འགྲན། །
ཚན་རྩལ་རིག་པས་བསྐྲུན་པའི་དགེ་མཚན་དཔལ། །
བརྗོད་ཀྱང་གྲངས་ཀྱིས་མི་ཟིན་མགྲིན་ན་བ། །
རྩ་བའི་རྩ་བ་གང་ཡིན་ཟེར་ཞེས་ན། །
རིག་གནས་རྒྱ་མཚོ་ཡིན་པས་འབད་པ་གལ། །
མ་རབས་བྱ་ངན་རྒྱ་མཚོའི་ལས་ཀློང་ལ། །
ལྷུང་བའི་འཇིགས་པའི་སྲོག་ཀྱང་ཤོར་བ་མང་། །
འདི་ལས་བཤོལ་བའི་ཐབས་ཀྱི་རྩ་བ་ཡང་། །
རིག་གནས་ནོར་བུ་ཡིན་པས་འབད་པ་གལ། །
ཡ་རབས་ལེགས་བཟང་བྱ་བའི་འཁོར་བ་ནས། །
འཇུག་པའི་སྤོབས་པས་ལྷུར་བླངས་དགེ་འབྲས་ཀྱིས། །
ཀུན་ལ་བདེ་སྐྱིད་བསྐྲུན་པའི་རྩ་བ་ཡང་། །
རིག་གནས་ནོར་བུ་ཡིན་པས་འབད་པ་གལ། །
མ་གཏོར་ས་བོན་ས་ཞིང་སྐམ་པོ་ནས། །
ལྗང་མྱུག་འབྲས་བུའི་རྐང་གཅིག་མི་འཁྲུངས་ཤིང་། །
རིག་བརྩོན་ས་བོན་བློ་རུ་མ་གཏོར་ན། །
ལེགས་བཤད་འབྲས་བུའི་མྱུ་གུ་ཅི་ལྟར་འཁྲུངས། །
ལྟོས་དང་དཔྱིད་དུས་བརླན་པའི་ས་ཞིང་ལ། །
རྐང་གཅིག་མེ་ཏོག་ས་བོན་གཏོར་བྱུང་ན། །
དབྱར་དུས་གཟུགས་རྐང་འཁྲུངས་པའི་ལང་ཚོ་འཛུམ། །
སྟོན་དུས་བཅུད་མངར་དྲི་ཞིམ་ཕྱོགས་བཞིར་འཐུལ། །
བློ་གསལ་རིག་པའི་ས་བོན་གསར་པའི་དཔལ། །
ན་ཆུང་ས་ཞིང་མཛེས་མས་བརྒྱན་བྱུང་ན། །
ལེགས་བཤད་འབྲས་བུའི་མེ་ཏོག་སྣ་ཚོགས་ཀྱིས། །
འཕྱོར་སྒེག་མཁས་པའི་གོ་འཕང་ཐོབ་པར་གྱུར། །
མ་བསླབ་ཁ་རོག་ཉིན་ལྟར་བསྡད་བྱུང་ན། །
དེ་རིང་ལྟ་བུའི་འབྲས་མེད་གནས་བབ་འདི། །
ཚད་རྫོགས་ཚེ་ལོ་ཕྱི་མར་གཟིམ་པའི་ཚེ། །
འདི་བཞིན་འགྱུར་བ་མེད་པའི་སྙིང་བོ་ཅི།
སྐྱ་ཟད་སྔོ་སྡུག་གནས་བབ་བསྒྱུར་དགོས་ན། །
རིག་གནས་ཤེས་བྱ་སྦྱོང་བའི་སྤོབས་པར་དགོས། །
མཁས་པའི་གོ་འཕང་མྱུར་མོ་ཐོབ་འདོད་ན། །
དུས་ཚོད་ཆུད་ཟོས་མ་གཏོང་གངས་ཕྲུག་ཀྱེ། །
མ་ལྷོད་མ་ལྷོད་བརྩོན་དང་སྤོབས་པའི་དཔལ། །
འཁྱོངས་ཤིག་འཁྱོངས་ཤིག་རྣམ་པ་ཀུན་ཏུ་འཁྱོངས། །
འཁྱོངས་པའི་རྒྱུན་རིང་མཐའ་རུ་བསྲིངས་པ་ན། །
འཇིག་རྟེན་འདི་ན་མི་འཁྱོངས་བྱ་བ་མེད། །
དཔའ་བོ་སྡར་མ་དབྱེ་བའི་རྩ་བ་ཡང་། །
སྙིང་རུས་ཡོད་མེད་ཐད་ནས་བཀར་བ་ཡིན། །
ལས་ལ་འཇིགས་པས་བཤོལ་བ་སྡར་མ་ཡིན། །
ལས་ལ་སྤོབས་པས་འཇུག་པ་དཔའ་བོ་ཡིན། །
ལ་རྒྱ་ཡོད་ན་སྙིང་རུས་རེ་བ་ཡིན། །
སྙིང་རུས་ཡོད་ན་དཔའ་སྤོབས་ཞུམ་པ་མེད། །
ཞུམ་པ་མེད་པའི་དཔའ་དང་སྤོབས་པ་ཡིས། །
བྱ་བ་རི་རབ་ཡིན་ཡང་འབིག་པར་ངེས། །
མ་བྱུང་ཕམ་པའི་སྔོན་ལ་དཔྱད་པ་ཐོངས། །
ཕམ་ཁ་?་རྗེ་ལྕགས་ཀྱིས་བསྡམས་བྱུང་ན། །
བློ་འགྱོད་རྣོ་ངར་སྙིང་ལ་རབ་ཞུགས་ནས། །
བཟོད་མེད་སྡུག་གི་མཚོ་མོ་འཕྱུར་ན་སྐྱོ། །
རྒྱལ་དུས་མགོ་འཕང་མ་མཐོ་ཁེངས་སྐྱུངས་ཀྱིས། །
གང་བྱའི་ལས་ལ་འབད་པས་མཐའ་རུ་སྐྱོངས། །
གྲགས་པས་ངར་བ་མ་བསྐྱེད་བློ་སྤོབས་ཀྱིས། །
ལས་འཇུག་རྒྱལ་ཁའི་འཕྲིན་བཟང་ཡུན་གྱིས་ཐོབ། །
ཕམ་ན་མགོ་བོ་ཐུར་ལ་མ་དཔྱངས་ཀྱེ། །
ད་ལྟ་སྙིང་རྗེ་མགོན་པོ་མ་མཆིས་པས། །
དཔྱངས་ན་སྡུག་ནས་སྡུག་ཏུ་འགྲོ་བ་ལས། །
འཕེལ་རྒྱས་ཅི་ཡང་མེད་པའི་སྙིང་བོ་ཅི། །
བློ་ལ་རི་རབ་ལྟ་བུའི་བརྟན་ཚུགས་དང་། །
སྙིང་ལ་རྒྱ་སྟག་འདྲ་བའི་དཔའ་སྤོབས་ཀྱིས། །
ཉམ་པའི་དགྲ་ལ་འཐབ་ཅིང་འཛིངས་བ་ན། །
ཆུ་ཀླུང་ཆུ་རྒྱུན་ལྟ་བུའི་དགེ་འབྲས་འབྱུང་། །
ཡིད་སེམས་འགྱུར་བ་མེད་པའི་གཞུ་མོ་དང་། །
ལག་ཟུང་བརྩོན་པའི་མདའ་མོ་ཟུང་སྦྲེལ་ན། །
དམིགས་འབེན་རི་བོ་བསྒྱེལ་བའི་ལྡིང་ཁང་ནས། །
རང་རྒྱལ་ཉི་མའི་འོད་སྣང་འཛུམ་ཞིང་དགོད། །
མྱུ་གུ་ཆུང་ནས་ཆེ་རུ་སྐྱེས་ཤིང་འཕེལ། །
བྱ་བ་ཆུང་ནས་ཆེ་རུ་འཕེལ་ཞིང་འགྲོ།
ཐམས་ཅད་ཆུང་ནས་ཕྱིན་པའི་གོ་རིམ་འདི། །
མ་འཆོལ་ནམ་ཡང་ཡིད་ལ་འཇགས་པར་འཚལ། །
ཕམ་ཞིང་ཉམས་པའི་བྱ་བ་དགྲ་བཞིན་བསྟེན། །
རྒྱལ་ཞིང་འཕེལ་བའི་བྱ་བ་གྲོགས་བཞིན་བསྟེན། །
རྨོངས་སེལ་ཤེས་རབ་ལྡན་པའི་སྐྱེས་བུའི་ཚོགས། །
འཇིག་རྟེན་འདི་ན་དཀའ་བའི་ལས་མ་མཆིས། །
རང་རིགས་རྗེས་སྐྱོང་བྱིས་པའི་མེ་ཏོག་བཅུད། །
སློབ་གླིང་སྐྱེད་ཚལ་ར་བའི་དོ་ར་ནས། །
བཤེས་གཉེན་བུང་བའི་ཟས་སུ་མི་སྤྱོད་པར། །
དོན་མེད་རླུང་གིས་བདས་འདི་ཡ་རེ་ང་། །
ད་དུང་བྲིས་ཀྱང་མི་ཚར་མཚང་གི་གཏམ། །
གང་ཁྱབ་རྒྱ་མཚོའི་རགས་ཁ་ཤོར་བ་བཞིན། །
འཛམ་གླིང་ཡོངས་ལ་སྙན་པ་དར་བའི་སྒྲུང་། །
གངས་སེང་དཀར་མོའི་སྙན་དུ་ལྷོད་ཀྱིས་བསྒྲོན། །
རྒྱུན་གཏམ་ལྷུང་ལྷུང་དལ་བར་འབབ་པའི་དབྱངས། །
གངས་གསེབ་བྲག་ཕོག་བྲག་ཆར་བསྡེབས་པའི་གདངས། །
ལྷན་འདྲེས་ཚད་མེད་དཀྲོལ་བའི་རོལ་དབྱངས་མ། །
ལྷག་བསམ་རེ་སྐུལ་ཟབ་མོའི་རྔ་བོ་རེད། །
བྱང་ཆུབ་སེམས་དཔའི་རེ་བ་དཀར་པོ་ཡང་། །
ད་ལྟ་ཤེས་བཞིན་དང་ལེན་མ་བྱས་ན། །
དགའ་བ་འབུམ་གྱིས་མྱོས་པའི་ཁ་མཛེས་དང་། །
ཕྱི་ཚུལ་དད་པ་སྟོང་པའི་དབྱིངས་ནས་ཡལ། །
བུ་ཁྱེད་མི་དགེ་ཞིང་ནས་མི་སྡོད་པར། །
དགེ་བ་རྒྱ་མཚོའི་ཀློང་ལ་བསྐྱོད་མགོ་རྩོམ། །
བུ་ཁྱེད་རྨོངས་པའི་ཞིང་ནས་མི་སྡོད་པར། །
ཤེས་རབ་སྣང་བའི་ཞིང་ལ་བསྐྱོད་མགོ་རྩོམ། །
ད་ལྟ་ཏང་གི་སྲིད་ཇུས་ཉི་ཟེར་འོག །
སྣ་ཚོགས་དགའ་བའི་སློབ་གྲྭར་སྣ་མང་འདུས། །
སྐལ་བཟང་སློབ་འབྱོར་སྐལ་ལྡན་དུས་ཀྱི་ནང་། །
ལྷོད་མེད་བརྩོན་པའི་རྟ་ཕོ་ཆིབས་ཤིག་ཀྱེ། །
ད་ལྟ་སྐལ་བ་བཟང་པོའི་འཇའ་ཚོན་ནང་། །
ཚན་རིག་བུ་མོ་བག་མར་ལེན་པ་དང་། །
བསམ་བློ་གསར་པའི་གླུ་དབྱངས་ལེན་པ་དང་། །
ལུགས་སྲོལ་གསར་པའི་ཟློས་གར་འཁྲབ་པས་མཛེས། །
གངས་ལྗོངས་སྤྱི་ཚོགས་རིང་ལུགས་རྒྱ་མཚོའི་ནང་། །
དེང་རབས་ཅན་བཞིའི་གྲུ་གཟིངས་ཉེར་ལྷགས་ནས། །
རྨད་བྱུང་ཚན་རིག་ལྕགས་ཀྱུ་ཨ་ལོང་གིས། །
རྫོགས་མེད་གྲུབ་འབྲས་ནོར་བུ་འཛིན་ཐུབ་ན། །
ཨ་མའི་བུ་ཁྱོད་གངས་རིའི་སྐྱེས་མཆོག་རེད། །
ཨ་མའི་བུ་ཁྱོད་གངས་རིའི་མཁས་པ་ཡིན། །
ཨ་མའི་བུ་ཁྱོད་གངས་རིའི་བདག་པོ་ཡིན། །
ཨ་མའི་བུ་ཁྱོད་གངས་རིའི་རྒྱན་ཆ་ཡིན། །
ཕ་མ་ཟུང་གི་སྐུལ་བ་རྒྱང་གི་གཏམ། །
རླུང་ཆེན་རྟ་ཕོའི་གོང་ལ་རབ་བཅིངས་ཏེ། །
གངས་ལྗོངས་བུ་ཚོགས་རྣ་བའི་བུ་ག་རུ། །
ཉེར་ཞུགས་སློབ་གསོའི་རྨིག་སྒྲ་འདི་ལྟར་བྱུང་། །
ལྷག་བསམ་ཡིད་ནས་བ?ལ་བའི་རེ་སྐུལ་ལ། །
རེ་ལན་ཀི་སྒྲའི་བྱ་རྒྱལ་ལེགས་འཕུར་ཞིང་། །
དམ་བཅའ་?་རྗེ་ཚིག་གི་རི་བོའི་ཚོགས། །
གངས་ལྗོངས་མཁའ་ལ་འགྱིང་ཞིང་མངོན་པར་མཛེས། །
སང་ཉིན་སྐྱ་རེངས་གསལ་པའི་ཤར་ཕྱོགས་ནས། །
བུ་ཆུང་ཚན་རིག་ལྷ་མོ་མཉམ་འགྲོགས་ཀྱིས། །
འཚོ་བ་གསར་པའི་གཞུང་ལམ་ཆེན་མོའི་སྟེང་། །
གོམ་ཆེན་རླུང་དང་འགྲོགས་ནས་བསྐྱོད་པར་གྱིས།
ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་བ་དགའ་དགའ།