རླུང་སྒྲ་ལ་ཉན་པ། [ཞར་བཀོད་གསུམ]

སྨྱུག་སོན་ནོར་སངས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-22


ཇི་ཙམ་ཉན་ཡང་ཉན་མི་ཚར་བ་ནི།

 

རླུང་བུའི་སྒྲ་རེད།

 

ཉིན་མཚན་ཐུན་དྲུག་གི་དུས་ཚོད།

 

རླུང་སྒྲས་བསླུས་ཟིན་པས།

 

གམ་དུ་ག་ལེར་བཅར་ནས།

 

ཇི་ཙམ་ཉན་ཡང་ཉན་མི་ཚར་བ་ནི།

 

རླུང་བུའི་སྒྲ་ཁོ་ན་རེད།

 

 

 

ཁུ་སིམ་མེར་སྒེའུ་ཁུང་གི་འགྲམ་ནས་ཉན་དུས།

 

ཡང་ཡང་ཐོས་འོང་བ་དེ་ཡང་རླུང་སྒྲ་རེད།

 

དེ་ནི་མཛེས་སྡུག་གི་དཔྱིད་ཀ་བསུ་བའི་སྟ་གོན་ཡིན་ནམ།

 

ཡང་ན་ཅི་ཞིག་སྐྱེལ་ཡོང་བའི་རེ་འདོད་ཁོ་ནས།

 

ངས་རླུང་སྒྲ་ལ་ཉན་ཡོད།

 



གལ་ཏེ།

གལ་ཏེ།

རི་བོ་དེར་ཧར་གྱིས་འཛེགས་རྗེས།

 

ཐང་ཆེན་དེ་ཧད་ཀྱིས་བརྒལ་ན།

 

ངའི་སེམས་ནང་གི་ཡུལ་ལྗོངས་དེ།

 

 མིག་ལམ་དུ་མངོན་ཐུབ་བམ།

གལ་ཏེ།

 

ཡུལ་ལྗོངས་དེ་ཉམས་སུ་མྱོང་རྗེས།

 

བག་ལ་ཉལ་བའི་ཤོག་སྙིགས་འགའ་ལ།

 

ཤི་འཐམ་རོ་འཐམ་བྱས་ན།

 

ངའི་བློ་ཁ་ཡངས་པོར་འགྲོ་སྲིད་དམ།

 


ཐ་སྙད་ཅིག

 

ཐ་སྙད་ཅིག་ཉི་མར་སྲོ་དུས།

 

ཉི་ཟེར་དེས་འཛུམ་ཙམ་བྱས་བྱུང་།

 

ཐ་སྙད་དེར་བྱིལ་བྱིལ་གཏོང་དུས།

 

བྱིའུ་ཆུང་ཞིག་དགུང་ལ་འཕུར།

 

གཤོག་སྒྲོ་མཛེས་པོ་དེ་ལྡེམ་ཞོར།

 

གསུང་སྐད་སྙན་མོ་ཞིག་སྒྲོག་གིན།

 

ཐ་སྙད་ཅིག་རྒྱང་དུ་ཁྱེར་སོང་།

 

ཐ་སྙད་ཅིག་རླུང་ཁར་གཡེང་དུས།

 

བསེར་བུ་དེས་དགོད་ཙམ་བྱས་བྱུང་།

 

ཐ་སྙད་དེར་རེག་རེག་བྱེད་དུས།

 

དར་ལྕོག་རླུང་གིས་བསྐྱོད་སོང་།

 

ཕྱི་ནང་རེས་མོས་སུ་སྟོན་གྱིན།

 

ཁ་ཕོ་རི་རབ་ཙམ་བཤད་དེ།

 

ཐ་སྙད་ཅིག་རྒྱང་དུ་ཁྱེར་སོང་།

 


ཁྱེད་རང་ངའི་མེ་ལོང་ཡིན།

 

དུས་ཚོད་ནི་གཙང་པོ་བཞིན་བཞུར་སོང་།

 

ཁྱེད་རང་ཁོ་ནས་ངའི་རུས་སྒྲོམ་སྲུང་བཞིན་འདུག

 

དུས་ཚོད་ཀྱིས་ཡང་ཡང་བཀྲུས་པའི་མི་ཚེའི་ཁ་དོག

 

ཁྱེད་རང་གཅིག་པུས་ང་ལ་སྟོན་གྱི་འདུག

 

ཁྱེད་ནི་ངའི་མེ་ལོང་ཡིན།

 

ལོ་ཟླ་ནི་བྱེ་ཕུང་བཞིན་བསགས་སོང་།

 

ཁྱེད་རང་ཁོ་ནས་ངའི་ཁང་ཁྱིམ་སྲུང་བཞིན་འདུག

 

དུས་ཚོད་ཀྱིས་ལམ་བུ་བཞིན་འཐེན་པའི་ངོ་གདོང་གི་གཉེར་མ།

 

ཁྱེད་རང་གཅིག་པུས་ང་ལ་སྟོན་གྱི་འདུག

 

ཁྱེད་ནི་ངའི་མེ་ལོང་ཡིན།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1