དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་འཕེལ་ ཕྱོགས་སྐོར་ཅུང་ཟད་གླེང་བ།

སོག་རུ་ཀརྨ་ཀུན་ཁྱབ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-20


ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་གྱི་ཁུ་བྱུག་གསུང་དབྱངས་གངས་ལྗོངས་མདོ་དབུས་ཁམས་གསུམ་དུ་གྲགས་པ་ནས་བཟུང་བོད་ཀྱི་རྩོམ་རིག་བྱ་གཞག་ལ་སྔར་མེད་ཀྱི་འཕེལ་རྒྱས་བྱུང་ཞིང་།  རྒན་དར་གཞོན་གསུམ་ལས་གྲུབ་པའི་རྩོམ་པ་པོ་ཆགས་ཏེ་སྒྲུང་གཏམ།  ལྷུག་རྩོམ།  སྙན་ངག་སོགས་འཚོ་བའི་རྩམ་དྲི་འཐུལ་ཞིང་སྒྱུ་རྩལ་གྱི་ཚད་མཐོ་བའི་བརྩམས་ཆོས་ཆར་རྗེས་ཀྱི་ཤ་མོ་ལྟར་ཐོན་འགོ་ཚུགས་ཡོད།   

 

ལོ་ངོ་སུམ་ཅུ་ཙམ་ཕྱིན་པའི་བོད་ཀྱི་རྩོམ་རིག་བཤུལ་ལམ་ལ་ཕྱིར་མིག་ལྟ་སྐབས།  དགའ་བའི་དགོད་སྒྲ་མཐོང་རྒྱུ་ཡོད་ལ།  སྐྱོ་བའི་མིག་ཆུའང་མཐོང་རྒྱུ་མེད་པ་མ་ཡིན། བཤུལ་ལམ་དེ་ཉིད་དུ་ཐོག་མར་སྐྱོད་མཁན་གྱི་རྩོམ་པ་པོ་རྣམས་ལོ་ན་ཅུང་ཆེན་པོ་ཆགས་ཟིན་ཅིང་།  དེའི་རྗེས་སུ་སྐྱོད་མཁན་གྱི་རྩོམ་པ་པོ་དག་ཀྱང་ན་ཚོད་དར་ཡོལ་དུ་གྱུར་ཟིན་པ་དང་།  སྟོང་ལོ་ཉི་ཤུའི་འགོ་ཚུགས་ནས་ཀྱང་བགྲང་བྱ་བཅུ་ཕྲག་བརྒལ་བའི་དུས་ནི་བོད་ཀྱི་རྩོམ་རིག་བྱ་གཞག་ལ་གླེང་ན་ལོ་རྒྱུས་ལྡན་ཞིང་།  གྲུབ་འབྲས་ཐོན་རྒྱུ་ཡོད་ན་མངོན་པའི་དུས་དང་།  ཉམས་མྱོང་གསོག་འཇོག་བྱ་རྒྱུ་ཡོད་ན་གཞུང་ལུགས་སུ་གྲུབ་པའི་དུས་ལ་སླེབས་ཚོད་ཡིན་པ་རེད།   རང་ཉིད་ཀྱང་བགྲང་བྱ་ཉི་ཤུ་ལ་ཉེ་བར་ལམ་བུ་དེར་ཨུ་ཚུགས་ཀྱིས་བསྐྱོད་ཅིང།  རྣམ་ཀུན་དེའི་ཐད་ལ་འབད་པས་དོ་སྣང་བྱེད་མཁན་ཞིག་ཡིན་པའི་ངོས་ནས་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་འཕེལ་ཕྱོགས་སྐོར་ལ་རང་གི་ཚོར་སྣང་ལས་འཕྲོས་པའི་སྙིང་གཏམ་འགའ་ཞིག་མ་གསང་ལྷུག་པོར་གླེང་བར་འདོད།

   

དང་པོ།  བཟང་ཕྱོགས་གླེང་བ།  

 

གཅིག  རྩོམ་ཡིག་འབྲི་མཁན་ཉིན་བཞིན་མང་དུ་འགྲོ་བ།  

 

བོད་ཡིག་སྤྱོད་པའི་མི་གྲངས་ཉུང་ཞིང་།  བོད་ཡིག་བེད་སྤྱོད་གཏོང་བའི་ཁྱབ་ཁོངས་རྒྱ་ཆུང་བ།  རྩོམ་ཡིག་གི་སྤུས་ཚད་ཅི་ཙམ་ལེགས་ཀྱང་མྱོང་རོལ་བྱེད་མཁན་གྱི་མི་འབོར་ཉུང་བ་བཅས་ཀྱི་སྣང་ཚུལ་ཆེ་མོད།   ལོ་རབས་བརྒྱད་ཅུ་པར་བོད་ཀྱི་རྩོམ་རིག་གི་མྱུ་གུ་གསར་དུ་འབུས་པ་ནས་བཟུང་། བོད་ཡིག་གི་སྟེང་ནས་རྩོམ་ཡིག་འབྲི་མཁན་གྱི་རྩོམ་པ་པོའི་གྲངས་འབོར་ཇེ་མང་དུ་སོང་ཞིང་།  མི་སྒེར་གྱི་རྩོམ་དེབ་ཐོན་ཚད་ལོ་རེ་བཞིན་མང་དུ་འགྲོ་བཞིན་ཡོད་པ་དང་།  ས་ཁུལ་སོ་སོའི་དགོན་གྲོང་དང་། སྤྱི་སྒེར་གང་རུང་གིས་བསྒྲིགས་པའི་རྩོམ་དེབ་ཆེ་ཆུང་སྣ་ཚོགས་འདོན་གྱི་ཡོད་པ་དང་།  དེ་དག་ཚང་མར་རྩོམ་སྤུས་བཟང་ངན་ལ་མ་བལྟོས་པར་རྩོམ་ཡིག་འདང་ངེས་ཡོད་པ།  དགོན་སྡེའི་གྲྭ་བཙུན་དང་སློབ་ཆེན་ནས་ཐོན་པའི་སློབ་མ་ཙམ་མ་ཟད།   ཞིང་འབྲོག་ཁུལ་དུ་བོད་ཡིག་རང་སྦྱོང་ཁོ་ནར་བརྟེན་ནས་སྦྱང་བརྩོན་བྱས་ཏེ་རྩོམ་ཡིག་གསར་རྩོམ་བྱེད་ནུས་མཁན་ཡང་འགའ་རེ་ཐོན་བཞིན་ཡོད་པ་དང་།   ཆེད་ལས་བོད་ཡིག་མིན་པའི་ན་གཞོན་མང་པོ་ཞིག་བོད་ཡིག་གི་སྟེང་ནས་རྩོམ་ཡིག་གསར་རྩོམ་བྱེད་པ་བཅས་རེད།  རྩོམ་ཡིག་གི་སྤུས་ཚད་བཟང་ངན་ཇི་ལྟར་ཡིན་ཡང་བོད་ཡིག་སྟེང་ནས་རྩོམ་ཡིག་འབྲི་མཁན་ཇེ་མང་དུ་འགྲོ་བ་ནི་དགའ་འོས་པའི་འཕེལ་ཕྱོགས་ཤིག་ལ་ངོས་འཛིན་བཞིན་ཡོད་དེ།   རྩོམ་པ་པོ་ཡིན་ན་ཀློག་པ་པོ་ཡིན་པས་ཁྱབ་ཐུབ་པ་ཞིག་ཡིན་སྟབས།  དེས་མ་མཐར་བོད་ཡིག་གི་རྩོམ་ཡིག་ལ་ལྟ་ཀློག་བྱེད་མཁན་ཇེ་མང་དུ་སོང་ཡོད་པ་རེད། 

 

གཉིས།  རྩོམ་པ་པོ་རྒན་གྲས་མང་པོ་ཞིག་གིས་སྨྱུག་ཁ་མཚམས་མི་འཇོག་པ།  

 

བོད་ཡིག་གི་རྩོམ་པ་པོ་རྒན་གྲས་མང་པོ་ཞིག་གིས་སྨྱུག་ཁ་ནམ་ཡང་མཚམས་འཇོག་མེད་པར་རྩོམ་ཡིག་གསར་རྩོམ་གྱི་ལམ་ལ་ཞུགས་ཤིང་། ཁོང་ཚོ་ནི་ནམ་ཡང་དུས་རབས་གསར་པའི་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་རུ་འདྲེན་དང་།  སྣེ་ཁྲིད་པ་ཡིན་སྟབས།  སྔ་ཕྱི་བར་གསུམ་དུ་སྐད་ཆའི་སྒྱུ་རྩལ་གྱི་རོ་བཅུད་བཟང་ལ།  བསམ་བློའི་བརྗོད་སྙིང་འདུས་ཆེ་བ།  སྒྱུ་རྩལ་གྱི་མཚོན་ཚུལ་རྨད་དུ་བྱུང་བ།  བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་མངའ་བའི་རྩོམ་ཡིག་དེ་དག་གིས་ཀློག་པ་པོ་དེ་བས་མང་བ་འགུག་པར་བྱེད་ཅིང་།  ཐ་ན་རྒྱལ་ཁབ་ཕྱི་ནང་གི་བོད་རིག་པ་བ་རྣམས་ནས་དོ་སྣང་དེ་བས་ཆེ་བར་བྱེད་ཀྱི་ཡོད། ལྷག་པར་དུ་ཉེ་བའི་ལོ་ཤས་ནང་ས་ཕྱོགས་གང་སར་བཞུགས་པའི་རྩོམ་པ་པོ་རྒན་གྲས་དེ་དག་གིས་བརྩམས་སྒྲུང་རིང་གྲས་ཀྱིས་གཙོ་བོར་བྱས་པའི་རྩོམ་ཡིག་མང་པོ་ཞིག་གསར་རྩོམ་གནང་སྟེ།  དཔེ་སྐྲུན་འགྲེམ་སྤེལ་མཛད་པ་དང་།   རྩོམ་ཡིག་མང་པོ་ཞིག་ལ་རྒྱལ་ཁབ་རིམ་པའི་བྱ་དགའ་ཐོབ་པ་དང་།   རྩོམ་རིག་ཆེད་ལས་ཞིབ་འཇུག་པས་ཆེད་དོན་ཞིབ་འཇུག་བྱ་ཡུལ་དུ་གྱུར་ནས་རྩོམ་པ་པོ་རྒན་གྲས་དེ་དག་མི་སྒེར་གྱི་རྩོམ་ཡིག་ལ་ཞིབ་འཇུག་བྱས་པའི་ཆེད་དེབ་བཏོན་པ་སོགས་ཀྱིས་ན་གཞོན་རྩོམ་པ་པོ་མང་པོ་ཞིག་ལ་བསམ་པའི་སྐུལ་སློང་དང་།  སྣེ་ཁྲིད་ཀྱི་ནུས་པ་ཐོན་པར་མ་ཟད།  བོད་ཡིག་ལམ་ནས་རྩོམ་ཡིག་བྲིས་པར་གྲུབ་འབྲས་ཅི་ཙམ་ཐོན་རྒྱུར་མདུན་ལམ་ཞིག་བཏོད་ཡོད་པ་རེད།  

 

གསུམ།   དཔེ་སྐྲུན་ཁང་ཁག་ནས་བོད་ཡིག་རྩོམ་དེབ་དཔེ་སྐྲུན་བྱེད་ཚད་མང་དུ་འགྲོ་བ།  

 

རྩོམ་ཡིག་ཅི་ཙམ་ལེགས་ཀྱང་དཔེ་སྐྲུན་མ་ཐུབ་ཚེ་གཉིད་དུ་ཡུར་རྒྱུ་ཡིན་ཞིང་།  རྒྱ་ཆེའི་ཀློག་པ་པོ་དང་ནམ་ཡང་འབྲེལ་གཏུག་ཡོང་ཐབས་མེད།  བོད་ཡིག་རྩོམ་རིག་ལ་མཚོན་ན་ལོ་རབས་དགུ་བཅུའི་སྐབས་སུ་དཔེ་སྐྲུན་བྱེད་ཚད་ཉུང་ཞིང་།  ལྷག་པར་ཤུགས་རྐྱེན་ཆེ་བའི་རྩོམ་རིག་དཔེ་ཚོགས་བཏོན་པ་ཤིན་ཏུ་ཉུང་།   འོན་ཀྱང་ཉེ་བའི་ལོའི་ནང་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་དང་།  ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་གཉིས་ཀྱིས་གཙོ་བོར་བྱས་པའི་བོད་ཡིག་དཔེ་སྐྲུན་ཁང་ཁག་གིས་བོད་ཡིག་གི་རྩོམ་རིག་སྐོར་གྱི་དཔེ་དེབ་འདོན་ཚད་ཉིན་བཞིན་མང་དུ་སོང་བར་མ་ཟད།   གྲངས་འབོར་མང་བའི་དཔེ་ཚོགས་འདོན་པ་དང་།   སྒྲུང་རིང་དཔེ་ཚོགས་དང་།  བུད་མེད་རྩོམ་པ་པོའི་དཔེ་ཚོགས་སོགས་རྩོམ་ལུས་རིགས་གཅིག་ཁོ་ནའི་ཆེད་སྒྲིག་དཔེ་ཚོགས་འདོན་ཚད་ཇེ་མང་དུ་སོང་བ་དེས་བོད་ཀྱི་རྩོམ་རིག་འཕེལ་ཕྱོགས་གསོན་ཤུགས་གསར་པ་ཞིག་སྤྲད་ཡོད།  

 

དཔེ་སྐྲུན་ཁང་ཁག་ནས་བོད་ཡིག་རྩོམ་རིག་དཔེ་དེབ་འདོན་ཚད་ཇེ་མང་དུ་འགྲོ་བ་དེ་ལས་གང་ཞིག་རྟོགས་ཐུབ་བམ་ཞེ་ན།   བོད་ཡིག་རྩོམ་དེབ་ཀྱི་ཀློག་པ་པོའི་ཁ་གྲངས་མང་དུ་སོང་ནས་དཔེ་དེབ་བྲིན་ཚད་མངོན་གསལ་དོད་པོས་མང་དུ་སོང་ཡོད་པར་ངེས་ཏེ།  དྲང་པོར་ཞུས་ན་དཔེ་སྐྲུན་ཁང་གིས་དཔལ་འབྱོར་ཡོང་སྒོ་ལ་ཡང་རྩ་བ་ནས་མི་ལྟ་བ་མིན་པས།  བོད་ཡིག་རྩོམ་དེབ་ཉོ་མཁན་རྩ་བ་ནས་མེད་ཚེ་ཁོ་ཚོ་ལ་གྱོང་གུད་མི་ཉུང་བར་འཕྲད་སྲིད་པས། ཨུ་ཚུགས་ཀྱི་བོད་ཡིག་རྩོམ་དེབ་འདོན་མཁན་ཞིག་ཡོད་མི་སྲིད་སྙམ།   ཉེ་བའི་ལོའི་ནང་བོད་ཡིག་རྩོམ་དེབ་བྲིན་ཚད་ཐད་དཔེ་མཚོན་ཙམ་ཞུས་ན།   མཚོ་སྔོན《སྦྲང་ཆར》རྩོམ་སྒྲིག་ཁང་གིས་བསྒྲིགས་པའི་བོད་ཀྱི་དུས་རབས་གསར་པའི་རྩོམ་པ་པོའི་དེབ་ཕྲེང་དེ་དག་ལས།  སྔོན་དུ་བཏོན་པ་རྣམས་དཔར་ཐེངས་ལྔ་དྲུག་བརྒྱབ་པའང་ཡོད་ཅིང་།  ཐ་ན་དཔར་ཐེངས་གཉིས་མ་བརྒྱབ་པ་མེད་པ་དེ་ལས་རྟོགས་ཐུབ་ལ།   རྩོམ་སྒྲིག་ཁང་གི་མི་ཞིག་གིས་ཀྱང་ཉེ་བའི་ལོ་ནང་བོད་ཡིག་དཔེ་དེབ་བྲིན་ཚད་ཉིན་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཚུལ་བཤད་མྱོང་། 

 

བཞི།  རྩོམ་རིག་སྐོར་གྱི་བྱ་འགུལ་སྤེལ་ཚད་མང་དུ་འགྲོ་བ།  

 

རྩོམ་ཡིག་གསར་རྩོམ་བྱེད་པར་བགྲོ་གླེང་ནི།  གསར་རྩོམ་གྱི་ཁ་ཕྱོགས་དང་། རྩོམ་འབྲིའི་ཆུ་ཚད། བསམ་བློའི་གཏིང་ཚད་བཅས་ཇེ་ལེགས་སུ་འགྲོ་བའི་ཐབས་དམ་པ་ཞིག་ཡིན་ལ།  རྩོམ་པ་པོ་ལས་དང་པོ་བ་རྣམས་ལ་མཚོན་ན་སྐུལ་སློང་ཞིག་དང་།  སྣེ་ཁྲིད་ཅིག  ལམ་རྒྱུས་ཤིག་བཏོན་པ་ཡིན།  དེར་བརྟེན་རྩོམ་རིག་གསར་རྩོམ་བྱེད་མཁན་མང་ཉུང་དེ་ཡང་ས་ཁུལ་གཅིག་དང་།   གྲོང་ཁྱེར་གཅིག  ཐ་ན་རྫོང་གཅིག་གི་ཁོར་ཡུག་ཏུ་རྩོམ་རིག་སྐོར་གྱི་མཁའ་དབུགས་ཀྱི་ལེགས་ཉེས་དང་འབྲེལ་བ་ཤིན་ཏུ་ཆེ།  གསར་རྩོམ་སྐོར་གྱི་བགྲོ་གླེང་དང་།  བྱ་འགུལ་སྤེལ་བའི་དམིགས་ཡུལ་ནི་མཐར་གཏུགས་ནས་བཤད་ན་རྩོམ་ཡིག་འབྲི་བའི་ཁོར་ཡུག་གི་མཁའ་དབུགས་ལེགས་སུ་གཏོང་རྒྱུ་དེ་ཡིན་པས།  གསར་རྩོམ་སྐོར་གྱི་བྱ་འགུལ་མང་ཙམ་སྤེལ་བ་དང་།  རྩོམ་པ་པོ་གསར་པ་རྣམས་ལ་སྐུལ་སློང་དང་།  བདག་རྐྱེན།  ལམ་རྒྱུས་བསྟན་རྒྱུ་ནི་རྩོམ་རིག་འཕེལ་རྒྱས་གཏོང་བའི་བྱ་བ་གལ་ཆེན་ཞིག་རེད།  ཉེ་བའི་ལོའི་ནང་བོད་ཁུལ་གྱི་ས་ཆ་ཀུན་ཏུ་རྩོམ་རིག་གསར་རྩོམ་སྐོར་གྱི་སྨྱུག་ཚོགས་དང་།  རིག་གཞུང་ཞིབ་གྲོས།  བྱ་དགའ་སྦྱིན་པ།  འཚོ་བར་ཉམས་ཞིབ་རྒྱུས་ལོན་བྱེད་པ་སོགས་ཀྱི་བྱ་འགུལ་ཇེ་མང་དུ་འགྲོ་བ་དེས་རྩོམ་རིག་གསར་རྩོམ་བྱེད་མཁན་ཇེ་མང་དུ་འགྲོ་བར་ཕན་ཐོགས་ཆེན་པོ་བྱུང་ཡོད། 

 

ལྔ།  རྩོམ་རིག་གི་དྲ་གནས་མང་དུ་འགྲོ་བ།  

 

དུས་རབས་ཀྱི་འཕེལ་ཕྱོགས་དང་བསྟུན་ནས་རྩོམ་རིག་འཕེལ་རྒྱས་གཏོང་ཕྱོགས་གསར་པ་ཞིག་རྙེད་པ་ནི་དྲ་ཐོག་ཏུ་རྩོམ་ཡིག་འགོད་རྒྱུ་དེ་རེད།   དུས་དེབ་ཅིག་ཏུ་རྩོམ་ཡིག་ཅིག་དགོད་ཚེ་སྔོན་ལ་དུས་དེབ་སོ་སོའི་རྩོམ་སྒྲིག་ཁང་ལ་བསྐུར་བ་དང་།  རྩོམ་སྒྲིག་པས་རྩོམ་སྒྲིག་བྱས་ཟིན་རྗེས་དཔར་འདེབས་དགོས་པ།  དེ་ནས་འགྲེམ་སྤེལ་བྱ་དགོས་པ།   དེ་ནས་ཀློག་པ་པོ་སོ་སོས་དཔེ་ཚོང་ཁང་དུ་སོང་ནས་ཉོ་དགོས་པ་སོགས་དུས་ཡུན་ངེས་ཅན་ཞིག་བརྒྱུད་དགོས་མོད།   དྲ་གནས་སུ་རྩོམ་ཡིག་བཞག་མ་ཐག་ནས་རྩོམ་ཡིག་ལ་དགའ་བའི་ཀློག་པ་པོ་ཀུན་གྱིས་དུས་ཐེངས་གཅིག་ལ་མྱོང་རོལ་བྱ་ཆོག་པས།  རྩོམ་ཡིག་ཁྱབ་སྤེལ་ཐུབ་ཚད་ངོས་ནས་གནམ་སའི་ཧེ་བག་ཡོད་སྟབས།   བོད་ཡིག་ལྟ་བུའི་ཁྱབ་ཁོངས་རྒྱ་ཆུང་བའི་རྩོམ་ཡིག་རྣམས་ཀྱང་ཀློག་མཁན་ཁྲི་ཕྲག་ཁ་ཤས་བྱུང་བའི་ཟིན་ཐོ་བཀོད་མྱོང་ཡོད་པ་རེད།   དེས་ན་དུས་རབས་འཕེལ་རྒྱས་མྱུར་བའི་དེང་གི་དུས་སུ་བོད་ཡིག་རྩོམ་རིག་ལ་ཡང་རང་ཉིད་འཚོ་གནས་བྱེད་སའི་དྲ་ཐོག་གི་ཁོར་ཡུག་ཅིག་མེད་ཐབས་མེད་པ་ཞིག་ཡིན།  སྟབས་ལེགས་པ་ཞིག་ལ་གཞུང་སྒེར་ཅི་རིགས་ནས་རྩོམ་རིག་སྤེལ་ཡུལ་གྱི་དྲ་གནས་མང་པོ་གསར་བཟོ་བྱས་པ་དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་ལ། གསར་རྩོམ་ལ་དགའ་བའི་ན་གཞོན་ཚོར་མུ་མཐའ་མེད་པའི་གར་སྟེགས་ཤིག་བསྐྲུན་ཡོད་པ་རེད།   

 

དྲུག  རྩོམ་སྤུས་ཧ་ཅང་ལེགས་པའི་ན་གཞོན་རྩོམ་པ་པོ་ཁག་གཅིག  

 

ལོ་རབས་བརྒྱད་ཅུ་ནས་འགོ་བཙུགས་ཏེ་རྒན་རབས་ཀྱི་རྗེས་སུ་གཞོན་སྐྱེས་རྣམས་འབྲངས་ནས་བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་ལམ་བུར་གྲལ་བསྟར་མ་ཞིག་བསྐྱོད་མཁན་བྱུང་ཡོད་ཅིང་།   དེ་དག་ལས་ལོ་རབས་དགུ་བཅུའི་ནང་རྩོམ་རིག་གསར་རྩོམ་བྱེད་མཁན་ལྷ་བྱམས་རྒྱལ་དང་།  ཆོས་སྐྱོང་།  ཡུམ་ཚེ་རིང་།  བྱ་གཞུང་དབྱངས་བྷ།  སྨྲེང་བུ།  ཚེ་རིང་ཟླ་བ།  ཁྲི་སེམས་དཔའ།  སྐྱབས་ཆེན་བདེ་གྲོལ། ལྡོང་ཡོན་ཏན་རྒྱ་མཚོ། རོང་བོ་དགེ་འདུན་ལྷུན་གྲུབ། ཉི་མ་དོན་གྲུབ། གཙང་སྡིངས་དར་རྒྱས།  བུ་ཚེ་རིང་རྒན་པ།  ལྷག་པ་བཀྲ་ཤིས། ཀརྨ་དབང་གྲགས། དགེ་ལེགས་ཟླ་བ་སོགས་མང་པོ་ཞིག་གི་རྩོམ་སྤུས་ལེགས་ཤིང་།  རྩོམ་གྱི་གྲངས་འབོར་མང་བ་དེས་བོད་ཀྱི་རྩོམ་རིག་གསར་རྩོམ་ལ་གསོན་ཤུགས་གསར་པ་རྒྱས་སུ་བཅུག་པ་དང་།   བོད་ཀྱི་རྩོམ་རིག་གསར་རྩོམ་བྱ་གཞག་ལ་མདུན་ལམ་ཆེན་པོ་ཡོད་པ་མངོན་དུ་བཅུག་ཡོད་ལ།  སྟོང་ལོ་གསར་པའི་རྗེས་སུ་རྩོམ་ཡིག་གསར་རྩོམ་གྱི་ལམ་བུར་ཞུགས་པའི་ར་ས་བསྟན་འཛིན་ཆོས་གྲགས་དང་།  སྐལ་བཟང་དགྲ་འདུལ།  ཨེ་ཉི་མ་ཚེ་རིང་། རེ་རྐང་གླིང་། ཁུ་བྱུག་སྔོན་མོ།  ཨ་སྐྱབས་དར་རྒྱས།  སྙན་པོ་དབྱངས་གྲོལ།  ཧུ་ར་འཇའ་པེ།  ཚེ་སྐྱིད་ལྷ་མོ། ཁང་སྐྱིད་བསོད་བསྟན། ལྷ་གཡང་ནོར་བུ།  གློག་ཞགས།  རྣམ་གླིང་རིན་ཆེན་སོགས་ན་གཞོན་མང་པོ་ཞིག་རྩོམ་ཡིག་གསར་རྩོམ་གྱི་ལམ་བུར་ཞུགས་པ་ནས་མཚམས་མི་འཇོག་པར་མདུན་དུ་སྐྱོད་བཞིན་ཡོད་པ་རེད།   

 

བདུན། བུད་མེད་རྩོམ་པ་པོའི་དཔུང་ཁག་འགྲུབ་བཞིན་ཡོད་པ།  

 

བོད་ལ་ལོ་རྒྱུས་སྟེང་ཕོ་མཆོག་མོ་དམན་གྱི་ལྟ་བ་ཟབ་པའི་ཤུགས་རྐྱེན་ལས་བུད་མེད་ནི་ཤེས་བྱ་རིག་གནས་སྦྱང་བའི་དགོས་པ་མེད་པའི་འདོད་ཚུལ་འཛིན་བཞིན་ཡོད།  དེར་བརྟེན་བོད་ལ་ལོ་རྒྱུས་ཐོག་བུད་མེད་ཤེས་ལྡན་པ་ཉུང་ཞིང་།  དུས་རབས་གོང་མའི་ལོ་རབས་བརྒྱད་ཅུའི་ནང་དུ་ཡང་ལྟོས་བཅས་སུ་བུད་མེད་ལ་ཤེས་བྱ་རིག་གནས་སྦྱོང་བའི་གོ་སྐབས་ཐོབ་པ་ཅུང་དཀོན།  དེའི་ཤུགས་རྐྱེན་ལས་བུད་མེད་རྩོམ་ཡིག་འབྲི་མཁན་དཀོན་པས་བོད་ཀྱི་བུད་མེད་རྩོམ་པ་པོ་ནི་མཛུབ་རྩིས་བརྒྱབ་ཆོག་པའི་གྲངས་ཚད་ལས་མེད།   ཡིན་ནའང་ཉེ་བའི་ལོ་ཤས་ནང་བུད་མེད་རྩོམ་པ་པོ་རྒན་གྲས་འགའ་ཞིག་གིས་སྣེ་ཁྲིད་ནས་བུད་མེད་ན་གཞོན་རྩོམ་པ་པོ་ཇེ་མང་དུ་སོང་བར་མ་ཟད།  ཚེ་རིང་གཡང་སྐྱིད་དང་མཁའ་མོ་རྒྱལ་གཉིས་ནས་སྔ་རྗེས་སུ་བརྩམས་སྒྲུང་རིང་གྲས་དེབ་རེ་བཏོན་པ་ནི་ལོ་རྒྱུས་རང་བཞིན་གྱི་འཕེལ་རྒྱས་ཤིག་ཡིན་ལ། བུད་མེད་རྩོམ་པ་པོའི་དཔེ་ཚོགས་འགའ་ཡང་འདོན་མུས་སུ་མཆིས་པ་དེ་ལས་བོད་ཀྱི་བུད་མེད་རྩོམ་པ་པོའི་དཔུང་ཁག་རྒྱ་ཇེ་ཆེར་སོང་བ་མཚོན་ཐུབ།   

 

 

གཉིས་པ།   ཞན་ཆའི་སྐོར་གླེང་བ།  

 

 

ལོ་ངོ་སུམ་ཅུའི་རིང་ལ་བོད་ཀྱི་རྩོམ་ཡིག་འཕེལ་རྒྱས་འགྲོ་བའི་བརྒྱུད་རིམ་ནང་བཟང་ཕྱོགས་མང་པོ་མངོན་བཞིན་པར་མ་ཟད།  ཞན་ཕྱོགས་ཀྱི་སྣང་ཚུལ་ཡང་མི་ཉུང་བ་ཞིག་ཐོན་དང་ཐོན་མུས་སུ་མཐོང་།  

 

གཅིག  རྩོམ་ཡིག་འབྲི་མཁན་མང་ཡང་སྤུས་ཚད་དེ་ཙམ་མི་ལེགས་པ། 

 

བོད་ཀྱི་རྩོམ་རིག་གསར་རྩོམ་གྱི་འཕེལ་ཕྱོགས་དེ་ཉིད་ཡུལ་གྲུ་ཀུན་ལ་རིམ་བཞིན་ཁྱབ་པའི་བརྒྱུད་རིམ་ནང་།  མང་པོ་ཞིག་གིས་རྩོམ་རིག་གསར་རྩོམ་ནི་ཡི་གེ་ཤེས་ཙམ་དང་།  སྨྱུ་གུ་འཛིན་ཤེས་པ་ཙམ་གྱིས་ཐོན་པ་ཞིག་ཏུ་རློམ་ནས་རྩོམ་པ་པོའི་བརྟུལ་ཞུགས་ཏེ་རྩོམ་འབྲིའི་ལས་ལ་འཇུག་མཁན་མང་དུ་ཐོན་བཞིན་ཡོད་ལ།   ལྷག་པར་དུ་སྙན་ངག་ནི་སྐྱེས་བུ་སོ་སོའི་ནང་སེམས་ཀྱི་ཚོར་འདུ་སྐྱུག་པ་ཞིག་དང་།  མི་བུ་རང་རང་གི་དགའ་སྐྱོའི་ཆགས་སྡང་ཁ་ནས་?ལ་བ་ཙམ་ལ་ངོས་འཛིན་བྱས་ནས་སུམ་རྟགས་དག་གསུམ་གྱི་འགྲོས་དང་མི་མཐུན་ཞིང་།  མེ་ཕུང་ལས་ཆུ་བོ་བཞུར་བ་དང་།  དྲོད་འཇམ་གྱི་དབྱར་ལ་མཚོ་མོར་དར་ཁ་འགྲིག་པ་སོགས་དཔེ་དོན་བཀོད་པ་རྣམས་དངོས་པོའི་གཏན་ཚིགས་ལས་འགལ་བ་དང་། ཆོས་སོ་སོའི་གཤིས་ལུགས་ལས་རིང་དུ་འདས་པ།  ནང་དོན་དེ་ཡིན་དང་བསམ་བློའི་བརྗོད་སྙིང་དེ་ཡིན་བསྟན་དུ་མེད་པའི་སྐད་ཆ་གྱ་མ་གྱོལ་མང་པོ་སྙན་ངག་ཏུ་རློམ་ནས་འགོ་འབུ་བཞིན་ཡོད་པ་དེས་སྙན་ངག་གི་རིན་ཐང་དང་།  ཁྱད་ཆོས་ལ་?ག་རོལ་གཏོང་བཞིན་ཡོད་པར་མ་ཟད།  སྙན་ངག་གི་སྙན་གྲགས་ཉམས་དམས་དང་།  སྙན་ངག་གི་ཐུན་མིན་རོ་བཅུད་ལ་སྦག་བཙོག་གིས་སློད་བཞིན་ཡོད་པ་རེད།

  

གཉིས།  རྩོམ་ལུས་སྣ་གཅིག་རང་བཞིན་ཡིན་པ།  

 

བོད་ཡིག་གི་རྩོམ་པ་པོའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་ཡོད་མོད།  རྩོམ་པ་པོ་དེ་དག་ཕལ་ཆེ་བ་སྙན་ངག་འབྲི་མཁན་ཡིན་པ་དང་།  དེ་ཡང་རང་མོས་སྙན་ངག་འབྲི་མཁན་ཡིན་པ་ལས།  བརྩམས་སྒྲུང་དང་།  ལྷུག་རྩོམ་འབྲི་མཁན་དཀོན་ཞིང་།  ལྷག་པར་དུ་དངོས་འབྲི་རྩོམ་ཡིག་དང་།  སྙན་ཞུའི་རྩོམ་ཡིག་རིགས་སྤྱིར་ན་མཐོང་རྒྱུ་མེད་པ་རེད།  

 

ད་དུང་དེང་གི་སྙན་ངག་དེ་དག་ཕལ་མོ་ཆེ་གོ་དོན་དངོས་འདི་ཡིན་བསྟན་རྒྱུ་མེད་པ་དང་།  རང་གི་སེམས་ཁ་གསོ་བྱེད་དང་།  མི་སྒེར་གྱི་དགའ་སྡུག་ཚོར་བ་ཐེད་པོ་བརྗོད་པ།  འགའ་ཞིག་བརྗོད་སྙིང་ལེགས་ཀྱང་ཀློག་པ་པོ་ཕལ་གྱིས་གོ་མི་ཐུབ་པ་སོགས་ཀྱིས་བོད་ཡིག་བེད་སྤྱོད་བྱེད་པའི་ཞིང་འབྲོག་མང་ཚོགས་ལ་བསམ་པའི་རྒྱགས་ཕྱེར་འགྱུར་མི་ནུས་ཤིང་།   ཐ་ན་ད་ལྟའི་རྩོམ་ཡིག་ལ་ལྟ་རིན་དང་ཀློག་རིན་མི་འདུག་ལ།  བརྗོད་དོན་དེ་ཡིན་སྟོན་རྒྱུ་མེད་པས་དེང་རབས་རྩོམ་ཡིག་དེ་ཚོ་ཀློག་འདོད་མེད། ལོ་རབས་བརྒྱད་ཅུའི་སྐབས་ཀྱི་དོན་གྲུབ་རྒྱལ་གྱི་རྩོམ་ཡིག་དེ་ཚོ་དང་། ཆུ་ངོགས་གཏམ་རྒྱུད་སོགས་ནི་ཚིག་སྦྱོར་གོ་བདེ་ལ་ནང་དོན་ཟབ་མོ་འདུག་ཟེར་མཁན་གྱི་ཀློག་པ་པོ་ཉུང་ཉུང་མིན།  དེས་ང་ཚོ་སྙན་ངག་རྐྱང་པར་ཞུགས་པ་དང་གོ་དོན་གསེད་བཀྲོལ་བྱ་རྒྱུ་མེད་པའི་ཐ་སྙད་མཁྲེགས་པོ་དེ་ཚོར་ཨ་འཐས་སུ་འཛིན་པ་ནི་ལམ་ནོར་དུ་ཕྱིན་པ་ཞིག་ཡིན་པ་ར་སྤྲོད་བྱེད་ཀྱི་ཡོད།  

 

རྩོམ་རིག་གི་ངོས་བཤད་ན་བརྩམས་སྒྲུང་ནི་བརྗོད་དོན་གང་ཡང་འདུས་རྒྱ་ཆེ་ཞིང་།  ནང་དོན་དངོས་མཚོན་དང་ཤུགས་མཚོན་གང་ཡང་བྱ་རུང་བ། འཚོ་བའི་མེ་ལོང་གསལ་བར་བཏོན་ཆོག་ལ།  བསམ་གཞིགས་ཀྱི་ཀློང་དུ་ཚུད་པའི་སྒྱུ་རྩལ་གྱི་མཚོན་ཐབས་སྣ་ཚོགས་སྤྱད་ཆོག་པའི་རྩོམ་རིག་ཅིག་ཡིན་ལ།  ལོ་རྒྱུས་ཐོག་བརྩམས་སྒྲུང་གིས་མི་རིགས་ཤིག་དང་རྒྱལ་ཁབ་གཅིག་ལ་ལམ་སྟོན་བྱས་པའང་ཤིན་ཏུ་མང་།  ལྷུག་རྩོམ་ལ་མཚོན་ན།   ལྷུག་རྩོམ་འབྲི་ནུས་ན་རྩོམ་ལུས་གང་ཡང་གསར་རྩོམ་བྱེད་ནུས་པར་གྲགས་ལ།  ལྷུག་བརྗོད་དང་།  བསྡུས་བརྗོད།  དངོས་བསྟན་ཟུར་སྟོན་གང་རུང་བྱ་ཆོག་པའི་རྩོམ་རིག་ཅིག་ཡིན་པས་ལྷུག་རྩོམ་གྱི་རྩོམ་ལུས་ལ་ཚིགས་བཅད་སྙན་ངག་ལས་ལྷག་པའི་རིན་ཐང་ཡོད།   རྩོམ་རིག་ནི་མཐར་གཏུགས་ནས་བཤད་ན་མིའི་རིགས་ལ་བསམ་པའི་རྒྱགས་ཕྱེ་གྱ་ནོམ་པ་ཞིག་དང་།  གབ་སྦས་ཀྱི་སྒྱུ་འཕྲུལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་གནད་དོན་ལྷུག་པར་སྟོན་པ།  ཚོར་འདུའི་རྦ་རླབས་ཀྱིས་མི་སེམས་ལ་གཡོ་འགུལ་སློང་བ།  དྲང་བདེན་གྱི་གནས་ལུགས་ལ་བརྟེན་ནས་འཚོ་བའི་ལམ་སྟོན་རྨད་དུ་འབྱུང་བ་ཞིག་སྟོན་རྒྱུ་དེ་ཡིན་པ་ལས་ཐ་སྙད་ཀྱི་སྒྱུ་འཕྲུལ་ཙམ་དང་།  ཡི་གེའི་རོལ་རྩེད་ཙམ་ག་ལ་ཡིན།     

 

གསུམ།  གསར་རྩོམ་རྒྱུན་འཁྱོངས་བྱེད་མཁན་ཉུང་བ།  

 

རྩོམ་རིག་གསར་རྩོམ་ལ་འབྲས་བུ་འཐོབ་རྒྱུ་ནི་རྩོམ་ཡིག་རེ་གཉིས་བྲིས་པ་ཙམ་དང་།  ཡང་ན་དཔེ་དེབ་རེ་གཉིས་བཏོན་པ་ཙམ་གྱིས་འབྲས་བུ་འཐོབ་པར་ངེས་པ་ཞིག་མིན་ལ།  ལོ་ན་གཞོན་དུས་དགའ་སྐྱོའི་ཚོར་འདུ་དང་བསྟུན་ནས་སྙན་ངག་རེ་གཉིས་བྲིས་པ་ཙམ་གྱིས་འབྲས་བུ་འཐོབ་པ་ཞིག་དེ་བས་མིན།   དེ་ནི་མི་ཚེ་ཧྲིལ་པོའི་ཁྲོད་དུ་བརྩོན་ལེན་བྱེད་པའི་བྱ་བ་ཞིག་དང་།  གསར་རྩོམ་གྱི་བརྒྱུད་རིམ་ཧྲིལ་པོའི་ཁྲོད་ཐོད་བརྒལ་ལ་འབད་དགོས་པའི་བྱ་བ་ཞིག་ཡིན།  འཛམ་གླིང་རྩོམ་རིག་ལོ་རྒྱུས་ངོས་ནས་བཤད་ནའང་རྩོམ་པ་པོ་གྲགས་ཆེན་དེ་དག་གི་རྩོམ་རིག་གྲུབ་འབྲས་ནི་ལོ་ན་དར་ཡོལ་ཡན་ལ་སླེབས་རྗེས་གཞི་ནས་ཐོབ་པ་ཞིག་དང་།  མི་ཚེ་ཧྲིལ་པོར་གསར་རྩོམ་ལ་འབད་ནས་དཔེ་དེབ་མང་པོ་བཏོན་རྗེས་ད་གཟོད་ཐོབ་པ་ལས།  རྩོམ་ཡིག་གཅིག་གིས་འཛམ་གླིང་ལ་གྲགས་འགུལ་བཟོས་པ་དང་།   གསར་རྩོམ་བྱས་མ་ཐག་ནས་འབྲས་བུ་ཐོབ་པ་ཞིག་ཤིན་ཏུ་ཉུང་།  འོན་ཀྱང་རང་རེ་བོད་ཡིག་རྩོམ་པ་པོ་རྣམས་རྩོམ་ཡིག་རེ་གཉིས་བྲིས་རྗེས་རྩོམ་རིག་གི་གར་སྟེགས་ནས་ཡལ་འགྲོ་ཞིང་།   མང་པོ་ཞིག་གིས་ལས་གནས་རེག་རྗེས་དང་། ལྷག་པར་དུ་དཔོན་གནས་དང་ཐོབ་ཐང་ངེས་ཅན་རེག་རྗེས་གསར་རྩོམ་གྱི་བྱ་བ་འདོར་མཁན་མང་ཞིང་།  འགའ་རེས་ལོ་རེ་གཉིས་ལ་རྩོམ་ཡིག་འབྲི་བ་དང་། དེ་རྗེས་ལོ་ཁ་ཤས་ལ་མཐོང་རྒྱུ་མེད་པ། སླར་ཡང་གསར་རྩོམ་གྱི་ལམ་དུ་ཞུགས་པ་སོགས་མདོར་ན་གསར་རྩོམ་བྱ་བར་ཆུ་བོ་འབབ་པའི་རྒྱུན་ལྟར་བརྩོན་མཁན་ཤིན་ཏུ་དཀོན།  

 

དེས་རྩོམ་རིག་གསར་རྩོམ་གྱི་གྲུབ་འབྲས་འཐོབ་རྒྱུར་བརྩོན་ལེན་བྱེད་པའི་སེམས་ཤུགས་ཞན་པ་མཚོན་ཐུབ་ལ།  ལྷག་པར་དུ་བོད་རིགས་ཀྱི་ལེ་ལོའི་འདུ་ཤེས་ཆེ་བའི་བསམ་བློ་མངོན་གསལ་མཚོན་ཐུབ། བོད་ཀྱི་རྩོམ་རིག་བྱ་གཞག་ལ་གྲུབ་འབྲས་ངེས་ཅན་འཐོབ་དགོས་ན་དེ་མཚུངས་སུ་གསར་རྩོམ་ལ་འབད་པའི་བརྩོན་འགྲུས་ཟབ་མོ་ལྡན་དགོས། 

 

བཞི།  ཆེད་ལས་དཔྱད་བརྗོད་པ་དཀོན་པ།   

 

རྩོམ་རིག་དཔྱད་བརྗོད་པ་ནི་སྤྱི་ཡོངས་ནས་བྱས་ན་གསར་རྩོམ་གྱི་ཆུ་ཚད་རྒྱ་མར་འཇལ་མཁན་དང་།  སྤྱི་ཚོགས་ཀྱི་དགོས་མཁོ་དང་རྩོམ་རིག་གི་ཆུ་ཚད་བྲེ་ལ་འཇལ་བ།  མི་རིགས་ཀྱི་བསམ་པའི་སྙིང་སྟོབས་དང་གསར་རྩོམ་གྱི་རིག་སྟོབས་བསྡུར་བ་བྱས་ནས་རྩོམ་རིག་གི་གནས་བབ་ཅི་ཙམ་སླེབས་ཡོད་མེད་བརྟག་པ་ཞིག་ཡིན་ལ།  མི་སྒེར་གྱི་ངོས་ནས་བཤད་ན་མི་གཞན་གྱིས་ཁྱོད་ཀྱི་གསར་རྩོམ་གྱི་སྤུས་ཚད་ལེགས་ཉེས་ཤན་འབྱེད་བྱས་པ་ཞིག་ཀྱང་ཡིན།  

 

དཔྱད་བརྗོད་ཡོད་ན་ད་གཟོད་གསར་རྩོམ་གྱི་བཟང་ངན་ཤེས་ལ། གསར་རྩོམ་གྱི་གསོན་ཤུགས་ཀྱང་འཕེལ་ནུས་པ་དང་།   གལ་ཏེ་དཔྱད་བརྗོད་པ་མེད་ཚེ་རང་གི་རྩོམ་རིག་གི་ཁ་ཕྱོགས་དེ་ཉིད་དྲང་ལྡོག་ཇི་ལྟར་ཡིན་པ་དང་།  ཆུ་ཚད་ཅི་ཙམ་སླེབས་ཟིན་པ།  སྒྱུ་རྩལ་གྱི་རིན་ཐང་མཐོ་དམན་གང་འདྲ་ཡོད་པ།  སྤྱི་ཚོགས་ཧྲིལ་པོའི་ལྟ་ཚུལ་ཅི་འདྲ་ཡོད་མེད་སོགས་གསར་རྩོམ་གྱི་འབྲས་བུ་ཚད་ལོན་བྱེད་དཀའ།  དེས་ན་མི་རིགས་ཤིག་དང་ཡིག་རིགས་གཅིག་གི་རྩོམ་རིག་དཔུང་ཁག་ཁྲོད་རྩོམ་རིག་དཔྱད་བརྗོད་པ་ནི་དགོས་གལ་ཤིན་ཏུ་ཆེ་བའི་རྩོམ་རིག་ལམ་སྟོན་ལྟ་བུ་ཞིག་ཡིན།  

 

འོན་ཀྱང་བོད་ཀྱི་རྩོམ་རིག་དཔུང་ཁག་ཁྲོད་བདུད་ལྷ་རྒྱལ་ལྟ་བུ་རྩོམ་རིག་དཔྱད་བརྗོད་ཁོ་ནར་འབད་པ་གནང་མཁན་ཉུང་ཞིང་།  རྩོམ་རིག་དཔྱད་བརྗོད་བྱས་པ་རྣམས་ཀྱང་རྩོམ་པ་པོས་སྐུལ་མ་བྱས་པ་བརྒྱུད་རྩོམ་པ་པོའི་འདོད་བློ་ལྟར་བྲིས་པའམ།  ཕ་ཡུལ་ཞེན་ཕྱོགས་ཀྱིས་བྲིས་པ་ལྟ་བུ་ལས་བློ་རྣལ་མས་མྱོང་དཔྱད་དང་།  རིག་པས་གཏན་ལ་ཕབ་ནས་དཔྱད་པ་བྱས་པ་ཉུང་ཞིང་།  རེ་གཉིས་ཡོད་པ་དེ་དག་ཀྱང་སྐབས་དང་མཚམས་ལ་དཔྱད་བརྗོད་འབྲི་བ་ལས་རྒྱུན་དུ་དཔྱད་བརྗོད་འབྲི་མཁན་མིན་པ་དང་།  ཆ་ཚང་ཞིང་ཞིབ་ཚགས་ངང་དཔྱད་བརྗོད་བྱས་པ་མིན་པའམ་རྩོམ་ཡིག་གང་དེར་དྲང་ཕྱོགས་ནས་བསྟོད་དབྱངས་སྣ་ཚོགས་སྒྲོག་པ་ལས་ལྡོག་ཕྱོགས་ཀྱི་སྐྱོན་ཆ་ཐེར་འདོན་དང་གཙང་སེལ་བྱས་ནས་མཛུབ་སྟོན་གྱི་རིན་ཐང་ལྡན་པ་དང་།  རྩོམ་རིག་སྒྱུ་རྩལ་གྱི་ཐུན་མིན་ཁྱད་ཆོས་སོགས་ལ་དཔྱད་མཁན་ཉུང་བ་དེས་རྩོམ་པ་པོ་རྣམས་ཀྱི་གསར་རྩོམ་འཕེལ་ཕྱོགས་ལ་ཡར་སྐྱེད་མེད་པའི་སྐྱོན་ཆ་ཐོན་གྱི་ཡོད་པ་དང་།   ཐ་ན་རང་གི་དེ་སྔའི་གསར་རྩོམ་གྱིས་བློ་ཡིད་མགུ་ཞིང་དལ་བའི་མལ་དུ་གཉིད་ལ་ཉལ་རྒྱུའི་སྒྱིད་ལུག་གི་མཐུན་རྐྱེན་སྦྱིན་ཡོད།   

 

 དཔྱད་བརྗོད་པ་དཀོན་པ་དེས་བོད་ཀྱི་རྩོམ་རིག་འཛམ་གླིང་ཅན་དུ་བསྐྱོད་རྒྱུར་ལམ་ཐག་ངེས་ཅན་ཡོད་པ་མཚོན་ཐུབ་ལ།  བསྟོད་པ་ཁོ་ན་ཕུལ་བའི་དཔྱད་རྩོམ་དེ་དག་ལས་བོད་ཀྱི་རྩོམ་རིག་འཕེལ་མེད་རང་སོར་ལུས་པའི་རྣམ་པའང་མངོན་གྱི་ཡོད།  

 

ལྔ།  མི་རིགས་གཞན་གྱི་ལེགས་རྩོམ་བསྒྱུར་ཚད་མི་འདང་བ།  

 

རྩོམ་རིག་གསར་རྩོམ་བྱ་དགོས་ན་འཚོ་བའི་ཉམས་མྱོང་ཕུན་སུམ་ཚོགས་པ་དགོས་པ་ཕུད།   ད་དུང་ལྟ་རྒྱ་མཐོང་རྒྱ་དང་།  ཤེས་བྱའི་ཆུ་ཚད་ཕུན་སུམ་ཚོགས་པོ་དགོས་པ་ཡིན།  དེར་བརྟེན་མི་རིགས་གཞན་གྱི་ལེགས་རྩོམ་ནང་འདྲེན་བྱ་རྒྱུ་ནི་རྩོམ་པ་པོ་རྣམས་ཀྱི་ཤེས་བྱའི་ཆུ་ཚད་ཕུན་སུམ་ཚོགས་སུ་གཏོང་བ་ཙམ་མ་ཟད།  བོད་སྐད་ཡིག་གི་ཀློག་པ་པོ་རྣམས་ལ་འཛད་མཐའ་མེད་པའི་ཤེས་རིག་གི་ཞབས་འདེགས་ཞུ་བ་ཞིག་ཡིན་པས།  ཡིག་སྒྱུར་གྱི་ཆུ་ཚད་ཡོད་པའི་རྩོམ་པ་པོ་ཞིག་གི་ངོས་ནས་བཤད་ན་མི་རིགས་གཞན་གྱི་ལེགས་རྩོམ་རང་སྐད་དུ་བསྒྱུར་རྒྱུ་དེ་རང་སྐད་ཀྱི་སྲོག་རྩ་བརྟན་དུ་གཏོང་རྒྱུར་ཕན་པའི་དགོས་པ་ཤིན་ཏུ་ཆེ་བ་ཞིག་ཡིན།  འོན་ཀྱང་རྩོམ་པ་པོ་ཕལ་མོ་ཆེས་རང་སྐད་ཀྱི་བསྟན་བཅོས་རྣམས་ཕར་སྒྱུར་ལ་དགའ་བ་ལས་མི་རིགས་གཞན་གྱི་ལེགས་རྩོམ་རྣམས་ཚུར་སྒྱུར་བྱེད་མཁན་ཅུང་དཀོན་ཞིང་།  ཚུར་བསྒྱུར་པ་རྣམས་ཀྱང་དབྱིན་ཡིག་ལས་རྒྱ་ཡིག་ཏུ་བསྒྱུར་ཟིན་པ་རྣམས་རྒྱ་ཡིག་ནས་སླར་ཡང་བོད་སྐད་དུ་བསྒྱུར་པ་ཡིན་སྟབས།  སྐད་རིགས་གཉིས་ནས་གསུམ་ལ་བསྒྱུར་བའི་སྐབས་སུ་མ་རྩོམ་གྱི་བྲོ་བ་ཉམས་ནས་ཤི་མ་གསོན་གྱི་རྩོམ་ཉོག་ཅིག་གི་སྣང་བ་སྟེར་བར་བྱེད།  དེར་བརྟེན་ཕྱི་སྐད་ཤེས་པ་རྣམས་ནས་དབྱིན་ཡིག་ལས་ཐད་ཀར་བོད་སྒྱུར་ཐུབ་ཚེ་ལེགས་ཤོས་སུ་མངོན་མོད།   ཕྱི་སྐད་ཤེས་མཁན་དེ་དག་འགན་འཁྲིའི་འདུ་ཤེས་ལྡན་པ་ཉུང་བས་ཁུ་སིམ་མེར་ལེགས་རྩོམ་དེ་དག་སྒྱུར་བཞིན་འདུག་མཁན་དཀོན་ཚོད་དུ་སྣང་།   

 

མི་རིགས་གཞན་གྱི་རིག་གནས་ནང་འདྲེན་བྱེད་ཚད་མ་འདང་བའི་རྐྱེན་གྱིས་གསར་རྩོམ་ལ་ཡུལ་གྲུ་གཞན་གྱི་ལེགས་ཆ་བླངས་པ་ཉུང་ཞིང་།  ཐོད་བརྒལ་ལྡན་པ་རེ་གཉིས་ཕུད།  རྩོམ་སྲོལ་ཕལ་མོ་ཆེ་ལོ་རབས་བརྒྱད་ཅུའི་ཚུན་ལ་སྔར་རྒྱུན་འཕེལ་མེད་རང་སོར་ལུས་ནས་ཡོད། 

  

ཡུ་གུར་རིགས་ལ་མཚོན་ན་མི་རིགས་གཞན་གྱི་གྲགས་རྩོམ་རྣམས་རང་སྐད་དུ་མ་བསྒྱུར་པ་ཤིན་ཏུ་ཉུང་བའི་ཚད་ལ་ཐོན་ཡོད་སྐད་འདུག་པ་དེས་མི་རིགས་རང་གི་སྐད་ཡིག་སྟེང་ནས་གསར་རྩོམ་བྱེད་མཁན་སྐྱེད་སྲིང་དང་།  སྐུལ་སློང་གི་ནུས་པ་ཆེན་པོ་ཐོན་ཡོད་ལ།  མི་རིགས་རང་སྐད་ལ་རྩོམ་རིག་གི་ཤེས་བྱ་སྣ་མང་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་པ་ཡིན།    

 

དྲུག  ཡུལ་ལུང་ཕྱོགས་རིས་ཀྱི་ངན་ཕྱོགས་མངོན་པ། 

 

རྩོམ་རིག་ནི་ཤེས་བྱ་ཞིག་ཡིན་ལ།  ཤེས་བྱ་རིག་གནས་ལ་ཡུལ་ལུང་གི་ཕྱོགས་རིས་བྱ་དགོས་དོན་མེད་མོད།  བོད་ཀྱི་རྩོམ་རིག་འཕེལ་ཕྱོགས་ཁྲོད་ཡུལ་ལུང་ཕྱོགས་རིས་ཀྱི་ངན་ཕྱོགས་ཤིག་རྩ་བ་ཚུགས་བཞིན་ཡོད་པར་མངོན།  དེ་ཡང་དཔྱད་བརྗོད་དང་འོས་སྦྱོར་གང་ཞིག་བྱེད་ཀྱང་ས་ཁོངས་སོ་སོའི་རྩོམ་པ་པོ་དང་རྩོམ་ཡིག་གཙོ་བོར་འཇོག་ཅིང་།  རྒྱ་ཁྱབ་རང་བཞིན་དུ་དོ་ཁུར་མི་བྱེད་པ་དང་།   ཤེས་བྱ་སྤེལ་རེས་ཀྱི་སྲོལ་རྒྱུན་བཟང་པོ་ནུབ་བཞིན་ཡོད་ཅིང་། ལྷག་པར་དུ་ཨ་མདོ་བས་དབུས་གཙང་གི་རྩོམ་ཞིག་ལ་ལྟ་ཀློག་དོ་ཁུར་ལྟོས་བཅས་ཀྱིས་ཆུང་དུ་འགྲོ་བ་དང་།  དབུས་གཙང་བས་ཨ་མདོ་བའི་རྩོམ་ཡིག་ལ་དོ་སྣང་དང་།   ཞིབ་འཇུག་གི་འདུ་ཤེས་ཇེ་ཆུང་དུ་འགྲོ་བའི་སྣང་ཚུལ་ཞིག་མངོན་བཞིན་ཡོད་པར་མ་ཟད། ཐ་ན་ཡུལ་ལུང་ཕྱོགས་རིས་སྐད་ཆའང་གོ་རྒྱུ་ཐོས་རྒྱུ་ཡོད་པ་དེས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་ལ་དགེ་ལས་སྐྱོན་ཆ་ཆེ་བའི་གནད་དོན་ཞིག་ཏུ་མཐོང་།   

 

བདུན།  རྩོམ་རིག་རུལ་སུངས་ཀྱིས་བསླད་པའི་སྣང་ཚུལ་མངོན་ཡོང་བ།  

 

ཤེས་རིག་ནི་མི་རྣམས་ཀྱི་དྭངས་གཙང་ལྷད་མེད་ཅིག་དང་།  ཤེས་ཡོན་ཅན་ནི་སྤྱི་ཚོགས་ནང་ཀུན་ལས་དྲང་བདེན་ཡིན་པར་འདོད་ཀྱི་ཡོད་མོད།   སྤྱི་ཚོགས་ཧྲིལ་པོར་རུལ་སུངས་ཀྱི་མཁའ་འབུགས་ཤིག་ཡོངས་ཁྱབ་ཏུ་མཆེད་གྱིན་པ་དེ་ལས་ང་ཚོ་རྩོམ་རིག་པའི་ཁྲོད་དུ་ཡང་གོ་མེད་ཚོར་མེད་ངང་དེ་གོམས་བཞིན་ཡོད་པའི་ཚོར་བ་ཞིག་སྦྱིན་བཞིན་འདུག  རིག་གཞུང་རང་ངོས་ཀྱི་རྨང་གཞི་ཞན་ཞིང་།  ཤེས་རིག་གཙང་སྐྲུན་གྱི་ལྟ་སྐུལ་བྱེད་མཁན་མེད་སྟབས།   རྩོམ་རིག་ནི་རང་གི་སྙན་གྲགས་དང་གོ་སའི་ཆེད་དུ་དམིགས་ཤིང་།  འཚོ་གནས་ཁྲོད་དུ་སྒེར་གྱི་རིག་གཞུང་རྩེད་སྤྱད་དུ་སྤྱོད་པ་དང་།   དེ་བས་ཚབས་ཆེ་བ་ནི་དབང་ཆ་དང་རིག་གཞུང་མཉམ་པར་འཛིན་པ་དང་། དབང་ཆ་དང་རྒྱུ་དངོས་ལ་བརྟེན་ནས་རྩོམ་རིག་གི་མིང་གྲགས་ལེན་པ།  སྲིད་འབྱོར་གཉིས་ཀ་ལྡན་ཚེ་ཆེད་ལས་མཁས་པའི་སྟེགས་བུ་དང་།  རྩོམ་རིག་མཁས་པའི་ཞྭ་མོ་བསྐོན་ནས་་སྐྱེས་སེང་ལ་བསྒྱུར་བ།  རྩོམ་རིག་འདེམ་སྒྲུག་དང་།   ལེགས་རྩོམ་ལ་བྱ་དགའ་སྤེལ་བའི་གནས་སྐབས་སུ་སྤྱི་ཚོགས་ཀྱི་གླེང་ཆ་སྣ་ཚོགས་ཉིན་བཞིན་ཆེ་རུ་འགྲོ་བ།  རྩོམ་རིག་གི་ཁོར་ཡུག་ཏུ་མནོག་ལས་སྣ་ཚོགས་ལ་སྤྱང་བའི་ཁྲམ་པ་སྐོར་ཞིག་ཀྱང་རིམ་བཞིན་ཐོན་ཡོང་སྟེ་རིག་གཞུང་ལ་ངན་སྐྱུག་གི་དྲི་མས་སློད་བཞིན་ཡོད་པའི་ཚོར་སྣང་རྟག་ཏུ་སྦྱིན་གྱིན་འདུག

  

དེ་བཞིན་དངུལ་གྱི་ཆེད་དུ་གསར་རྩོམ་བྱེད་པ་དང་། དངུལ་ལ་ལྟོས་ནས་བརྗོད་སྙིང་བསྒྱུར་བ།  དངུལ་ལ་བརྟེན་ནས་གསར་རྩོམ་བྱུང་བ་སོགས་ཀྱི་སྣང་ཚུལ་ཡང་རྒྱ་ཡན་དུ་འགྲོ་བཞིན་ཡོད་ཚོད་དུ་མཐོང་། 

 

 རྩོམ་རིག་ལ་ངན་སྐྱུག་གི་དྲི་མས་ནམ་ཡང་གོས་མི་རུང་ལ།  རྩོམ་རིག་ནི་ནམ་ཡང་མིའི་རིགས་ཀྱི་ཡིད་ཆེས་ཆོག་པའི་དྭངས་གཙང་གི་ཞིང་ཁམས་དེ་ཡིན་འོས།  

 

བརྒྱད།  དེང་རབས་ལ་མཐོང་ཆེན་བྱེད་པ་ལས་སྲོལ་རྒྱུན་སྣང་མེད་དོར་བའི་སྣང་ཚུལ་མངོན་པ།  

 

རྩོམ་རིག་གསར་རྩོམ་བྱེད་སྐབས། ལོ་རྒྱུས་རིང་ཞིང་གཏིང་ཟབ་པའི་ཤེས་རིག་ཡོད་པའི་མི་རིགས་ཤིག་ལ་མཚོན་ན། དེང་རབས་ལ་མཐོང་ཆེན་བྱ་རྒྱུ་ནི་ཐོད་བརྒལ་གྱི་ལམ་བུ་འཚོལ་ཞིབ་བྱེད་པ་ཞིག་ཡིན་མོད།   དེ་ལས་ཀྱང་གལ་ཆེ་བ་ནི་གཞན་ལ་མེད་པའི་སྲོལ་རྒྱུན་ཤེས་བྱར་མཐོང་ཆེན་བྱས་ཏེ་གསར་རྩོམ་གྱི་ཁྲོད་དུ་རྩོམ་སྤུས་མཐོ་སར་སྙེག་དགོས་པ་ཡིན་མོད།   ད་ལྟའི་བོད་ཀྱི་རྩོམ་པ་པོ་རྣམས་དང་། ལྷག་པར་དུ་ན་གཞོན་རྩོམ་པ་པོ་མང་པོ་ཞིག་གིས་མི་རིགས་གཞན་པའི་རྩོམ་གཤིས་ཡོད་ཚད་དེང་རབས་ཅན་དང་སྔོན་ཐོན་ཅན་དུ་མཐོང་ནས་དེ་དག་ལ་དགའ་མོས་ཚད་མེད་བྱེད་ཅིང་།   དེ་དག་གི་རྗེས་སུ་ཁྱི་བཞིན་ཉུལ་བ་ལས། རང་ས་རང་ཡུལ་ན་དར་ཞིང་།  ཡུལ་གྲུ་གཞན་ལ་མེད་པའི་རྩོམ་སྲོལ་དང་།  རྩོམ་གཤིས་རྣམས་སྣང་མེད་དུ་བསྐྱུར་བའི་སྣང་ཚུལ་ཅུང་ཚབས་ཆེ།  དཔེར་ན། འདས་པའི་ལོ་ངོ་བཅུ་ཕྲག་ཚུན་ལ་སྙན་ངག་མེ་ལོང་མའི་གཞུང་གི་དགོངས་པ་དང་མཐུན་པའི་རྩོམ་རྒྱན་ཅན་གྱི་སྙན་རྩོམ་ཧ་ལམ་མཐོང་རྒྱུ་མེད་པར་གྱུར་ཟིན་ཞིང་།  རང་མོས་སྙན་ངག་རྣམ་པའམ་ཡང་ན་ཚིག་རྒྱན་གྱི་སྦྱོར་བ་དེ་ཙམ་མེད་པའི་ཚིགས་བཅད་རྩོམ་ལུས་སྣ་ཚོགས་སྙན་རྩོམ་དུ་རློམ་པ་བཅས་སྙན་གཞུང་མེ་ལོང་ལ་བརྟེན་ནས་ཆོས་གཞུང་གི་དགོངས་པ་དང་།  བསྟོད་རྩོམ་གཅིག་པུ་མ་ཡིན་པར་ཚིག་རྒྱན་རྒྱག་ཚུལ་དེ་ལ་བསྟུན་ནས་བརྗོད་སྙིང་སྣ་ཚོགས་འབྲི་ཆོག་ལ།  གོ་དཀའ་སླ་གང་ཡང་འབྲི་ཆོག   འོན་ཀྱང་རང་ས་རང་ཡུལ་གྱི་རྩོམ་སྲོལ་དེ་ཉིད་སྣང་མེད་རང་དགར་བསྐྱུར་བ་དེ་ལས་རང་རེ་བོད་ཀྱི་གཡམ་རྒྱུག་དང་མགོ་ཡངས་ཀྱི་འདུ་ཤེས་ཆེ་བའི་མི་རིགས་སྤྱིའི་བསམ་བློའི་འདུ་ཤེས་དང་འབྲེལ་བ་དམ་ཟབ་ལྡན་པ་ཞིག་ལས་སྙན་གཞུང་མེ་ལོང་མའི་རྩོམ་སྲོལ་ལ་སྐད་ཆའི་སྒྱུ་རྩལ་གྱིས་མ་འདང་བ་དང་།  བསམ་བློའི་ཚོར་འདུ་འགོད་ཐབས་བྲལ་བ།  ཡིད་འགྱུར་གྱི་དུང་དབྱངས་གྱེར་དུ་མེད་པ་ག་ལ་ཡིན་སྙམ།   

 

དགུ  རྩོམ་གཤིས་ཡ་མ་གཟུགས་ཀྱི་རྣམ་པ་དར་བ།  

 

རྩོམ་རིག་ནི་མིའི་རིགས་ཀྱི་བསམ་བློའི་ཉིང་བཅུད་ཡིན་ལ།  ཐ་ན་རྩོམ་རིག་ནི་མིའི་རིགས་ཀྱི་བསམ་པའི་དར་ཆ་དང་།   འཚོ་བའི་ཁ་ཕྱོགས་སྟོན་མཁན་ཞིག་ཡིན།  རྩོམ་ཡིག་གི་ཤུགས་རྐྱེན་ལས་མི་རིགས་ཧྲིལ་པོར་གཡོ་འགུལ་གཏོང་ནུས་ལ།  མི་རིགས་གང་དེའི་སྤུས་ཚད་ལ་ཡང་ཐད་ཀར་ཤུགས་རྐྱེན་ཐེབས་སྲིད།  དེར་བརྟེན་རྩོམ་ཡིག་ནི་ཁྱོད་ཙམ་མ་ཟད་ཁྱོད་ཀྱི་ཉེ་འཁོར་དང་།   ཐ་ན་དེ་ལས་ཐག་རིང་བའི་མི་མང་པོ་ཞིག་ལ་བསམ་བློ་བཏང་ནས་གཏན་ཚིགས་ལྡན་པ་དང་། ཁུངས་གཏུགས་འཕེར་བ་འབྲི་དགོས་པ་ལས།   ཁྱོད་ཀྱི་ངག་ནས་གང་དྲན་དང་ཡིད་ལ་ཅི་འཆར་རྒྱུ་མཚན་དང་འདང་རྒྱག་ཅི་ཡང་མེད་པར་འབྲི་ཅི་ཐུབ་བྱེད་ག་ལ་རུང་།  འོན་ཀྱང་།  ཉེ་བའི་ལོའི་ནང་ན་གཞོན་རྩོམ་པ་པོར་རློམ་པ་ཁག་གཅིག་གིས་གཞུང་ལུགས་ལ་དཔྱད་པ་དང་།  ལག་ལེན་གྱི་མྱོང་བ།   གཏན་ཚིགས་ཀྱི་ར་སྤྲོད་གང་ཡང་མེད་པར་ཁ་ནས་གང་ཐོན་དཔེ་ལ་བཀོད་ཅིང་། ཐ་ན་ཁ་ཤས་འཇིག་རྟེན་གྲགས་ཚོད་དང་།  བོད་པའི་ཀུན་སྤྱོད་ཀྱི་ཁྱབ་ཁོངས་ལས་བརྒལ་བ་འགའ་ཡང་ཐོན་བཞིན་ཡོད་ཅིང་།   དེ་དག་གིས་ཡང་སྙིང་མ་འོངས་པར་བོད་མི་རིགས་ལ་ཤུགས་རྐྱེན་བཟང་ངན་གང་ཞིག་སྟེར་མིན་དང་།  སྤྱི་ཚོགས་ཧྲིལ་པོར་ཕན་གནོད་གང་ཞིག་ཡོང་མིན་ཤོད་དཀའ་ཚོད་དུ་མཆིས་མོད།  ལོ་ཆུང་མང་པོ་ཞིག་དེ་དག་གི་རྗེས་སུ་འདུར་རྒྱུག་བྱེད་བཞིན་ཡོད་ཅིང་།  དེས་ལོ་ཆུང་དེ་དག་མི་ཚེའི་ཁ་ཕྱོགས་ལ་ཕན་གནོད་གང་ཞིག་ཡོང་མིན་ནི་རྒྱ་ལམ་བཞི་མདོ་རུ་གྱུར།  

 

 

མཇུག་གི་གཏམ།

 

 

དེ་ལྟར་རང་ཉིད་ནས་བོད་ཀྱི་རྩོམ་རིག་འཕེལ་རྒྱས་འགྲོ་ཕྱོགས་ཐད་བཟང་ངན་གཉིས་ལ་སྙིང་གཏམ་ལྷུག་པོར་གླེང་བ་ཡིན་མོད།  རང་ཉིད་ལྟ་རྒྱ་མཐོང་རྒྱ་ཞན་པ་དང་།  གུ་དོག་རྙིང་ཞེན་གྱི་ཨུ་ཚུགས་ཆེ་བ།  ཕྱོགས་ལྷུང་ཕྱོགས་འགལ་གྱི་དྲི་མས་སྦགས་ཚེ་མདོ་དབུས་ཁམས་གསུམ་གྱི་རྩོམ་གྲོགས་ཀུན་གྱིས་འཁྲུལ་སེལ་ཡོ་བསྲང་གི་དགོངས་འཆར་སྩོལ་བར་ཞུ། །   

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1