འབྲོང་རྭ་སྡེ་བ།

ལྕང་ཤར་ལྷ་མོ་བཀྲ་ཤིས། (འབར་ཁམས་མི་རིགས་དགེ་འོས་སློབ་གླིང་།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-16


1

 

        གནའ་སྔ་མོ་སྔ་མོ་ཞིག་ལ།    མིང་ལ་བཀྲ་ཤིས་གཡང་འཁྱིལ་ཞེས་པའི་ཡུལ་གྲུ་ཞིག་ན།    སྡེ་ཆེ་མ་ཆུང་གསུམ་སྐར་ཚོགས་ས་ལ་བཀྲམ་པ་བཞིན་དུ་གནས་ཡོད་དེ།     རི་ཡི་རྩེ་རྐེད་འདབས་གསུམ་དང་ལུང་བའི་ཕུ་མདའ་མཐིལ་གསུམ།   ཐང་གི་གཡས་གཡོན་དཀྱིལ་གསུམ་སོགས་ན་ལྷུན་གྱིས་ཆགས་ཤིང་ཕྱྭ་གཡང་འཁོར།   དེ་དག་ནི་མེ་ཏོག་ལྡུམ་ར་ཞིག་ཏུ་རྣམ་པར་འཛུམ་ལ་གཅིག་ཀྱང་མེད་ན་བཀྲག་མདངས་ཡལ་འགྲོ་བ་ལྟ་བུའི་མེ་ཏོག་སྣ་བརྒྱ་དང་གཉིས་སུ་མེད།       ལུང་བ་རེ་ལ་ཆུ་རེ།      སྡེ་བ་རེ་ལ་དཔེ་རེ་ཞེས་པ་ལྟར།     མེ་ཏོག་རེ་རེར་རང་རང་གི་ཐུན་མིན་གྱི་མཛེས་སྡུག་ཕུན་སུམ་ཚོགས་པ་རེ་ཡོད་པ་ནང་བཞིན་སྡེ་རེ་རེ་ལའང་རང་སྡེ་འབའ་ཞིག་ལ་དབང་བའི་ཡུལ་ལུགས་རེ་ཡོད་པ་ནི་སྨོས་ཅི་དགོས།   དང་ཐོག་སྡེ་བ་དང་སྡེ་བའི་བར་ལ་ཐག་རིང་ཐུང་ཅི་རིགས་ཡོད་ཅིང་ཕན་ཚུན་བར་ལ་བརྡ་ཡང་མི་འཕྲོད་པས།   སྡེ་བའི་ཕན་ཚུན་བར་གྱི་འགྲོ་འོང་ནི་དེ་འདྲའི་མི་ཆེ་བའམ་གཏན་ནས་མི་བྱེད།    ཡིན་ནའང་།   དུས་ཀྱི་འཁོར་ལོ་རིམ་གྱིས་འདས་རྗེས།   སྡེ་བ་དང་སྡེ་བའི་བར་གྱི་འབྲེལ་འདྲིས་ནི་ཇེ་ཆེ་ནས་ཇེ་ཆེར་གྱུར།      སྡེ་བ་དེ་འདྲའི་མང་བོའི་ནང་ན་འབྲོང་རྭ་སྡེ་བ་ཟེར་བ་ཞིག་ཡོད་ལ།      དང་ཐོག་དེ་ནི་དུད་ཚང་སོ་བཞི་ཡིས་གྲུབ་པའི་སྡེ་བ་ཆུང་ཆུང་ཞིག་ཡིན་མོད།      ཡིན་ཡང་དེའི་རྗེས་སྡེ་བ་དེ་དར་ཡང་མྱོང་ལ་རྒུད་ཀྱང་མྱོང་མཐར་ཨ་མ་གཡང་འཛོམས་ཀྱི་མི་རབས་དེ་ལ་སླེབས་ཚེ།    དུད་ཚང་དྲུག་མ་གཏོགས་ལུས་མེད།         དེ་ལྟ་བུ་ཞིག་ཡིན་ནའང་།    སྡེ་བའི་གཡང་འཛོམས་དང་བཅས་པའི་རྒན་པ་དག་གིས་མི་རབས་མི་ཐོག་ནས་བརྒྱུད་པའི་རང་རེའི་སྡེ་བའི་སྐད་ཡིག་དང་ཡུལ་སྲོལ་གོམས་གཤིས་སོགས་མི་ཉམས་པའི་སླད་དུ་དཀའ་ལས་མང་དུ་བརྒྱབ་ཏེ།       སྡེ་བའི་ནང་དུ་སློབ་གྲྭ་ཞིག་བཙུགས།   ཡིན་ནའང་།     དེ་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་མཁན་ནི་ཉུང་ལ་སློབ་མ་ནི་དེ་བས་དཀོན་པས།    རྗེས་སུ་སློབ་གྲྭ་དེའི་རྒྱུན་ཡང་བསྲིངས་མ་ཐུབ། 

  

        ཨ་མ་གཡང་འཛོམས་ཀྱིས་རང་གི་བུ་མོ་ཉི་མ་ལྷ་མོ་ལ་རང་གི་སྡེ་བའི་སློབ་གྲྭར་སློབ་སྦྱོང་བྱེད་དུ་འགྲོ་བར་ཡང་ཡང་བསྐུལ་ཀྱང་མོས"ཨ་ནེ་བདེ་སྐྱིད་ཚང་གི་སྐལ་བཟང་དང་ཨ་ཁུ་སྟོབས་ལྡན་ཚང་གི་སྒྲོལ་མ།    དེ་མིན་ཨ་མྱེས་རྒྱ་མཚོ་ཚང་གི་རྒྱལ་མཚན་ཚང་མ་གཡུ་འབྲུག་སྡེ་བའི་སློབ་གྲྭར་འགྲོ་རྒྱུ་ཡིན་པས།     ང་ཡང་དེ་ལ་འགྲོ་རྒྱུ་ཡིན"ཞེས་དང་ལེན་མ་བྱས།        མོའི་ཕ་ཆུང་དུས་ནས་ཚེ་ལས་འདས་པས་ཨ་མ་གཡང་འཛོམས་ཀྱིས་མོ་རང་ནི་དཔྲལ་བའི་མིག་དང་ཁོག་གི་སྙིང་ལྟར་གཅེས་དྲགས་པས་ཤེས་མེད་ཚོར་མེད་ངང་ནས་ལང་ཤོར་དུ་བཏང་གཤིས།      ཨུ་ཚུགས་མཐའ་སྐྱེལ་བྱས་པའི་ཉི་མ་ལྷ་མོའི་ཁ་ཐོག་ལ་མི་འཇོག་ཀ་མེད་བྱུང་།   

 

2

 

        ལོ་གཅིག    ལོ་གཉིས།      ལོ་འགའ་སྐད་ཅིག་ཙམ་དུ་འདས་སོང་།    ཉི་མ་ལྷ་མོ་ཡང་རང་གི་ཕ་སྐད་རྣ་བས་མི་གོ་ཞིང་མིག་གིས་མི་མཐོང་བའི་གཡུ་འབྲུག་སྡེ་བ་རུ་རིམ་བཞིན་འཚར་ལོངས་བྱུང་ནས་ལོ་ལྔ་འགོར།     དེའི་རིང་ལ་ཨ་མ་གཡང་འཛོམས་ཀྱིས་ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་དཀའ་བ་བརྒྱ་ཕྲག་དུ་མ་ཁྱད་དུ་བསད་ཅིང་སྙིང་རུས་ཆེས་ཆེར་བསྐྱེད་དེ་སྒོར་མོ་བཙལ་ཞིང་བསྐུར་ཏེ།      སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཡོངས་སུ་འཛོམས་པའི་སྡེ་བ་དེ་རུ་ཉི་མ་ལྷ་མོས་སློབ་སྦྱོང་བཟང་བོ་ཞིག་བྱ་བར་མཐུན་རྐྱེན་གང་ལེགས་བསྐྲུན། 

   

        གཟའ་སྤེན་པ་ཞིག་ལ།    ཨ་མ་གཡང་འཛོམས་ཀྱིས་ཟས་གྱ་ནོམ་པ་ཞིག་རྒྱབ་ལ་ཁུར་ཏེ།   སྤྲིན་དཀར་བོ་ཐོད་ལ་བཅིངས་ཤིང་།   ས་དོག་མོ་འདོམ་ལ་འཇལ་བཞིན་ཉི་མ་ལྷ་མོར་ལྟ་རུ་བྱོན།   དེའི་དུས་སུ་མ་བུ་གཉིས་ཀྱིས་ཕ་སྐད་ཀྱི་ལམ་ནས་གཏམ་བཤད་ན་ཆུ་བོ་འབབ་འབབ་དང་ཕན་ཚུན་ལ་ཀུ་རེ་སྣ་མང་བརྩེས་ནས་རེ་ཞིག་དུས་འདའ་བར་བྱས། 

  

        དེ་ནས་ཡང་ལོ་འགའ་འགོར་སོང་།    ཉི་མ་ལྷ་མོ་ནི་སློབ་ཆེན་ཞིག་ཏུ་རྒྱུགས་འཕྲོད་པའི་ཤིས་འཕྲིན་དེ་ཨ་མ་གཡང་འཛོམས་ཀྱིས་གོ་མ་ཐག་ཏུ་ཞལ་རས་འཛུམ་ཞིང་དཔྲལ་བར་གཉེར་མ་བསྡུས་ཏེ།       དགའ་སྐྱོ་འདྲེས་མ་དང་བཅས་སྤྱན་ཆབ་བསིལ་ཞིང་།     འདི་སྐད་ཅེས་གསུངས་སོ།    ད་ཁོ་མོས་ལོ་བཞི་ལྷག་ལ་དཀའ་སྤྱད་འབད་བརྩོན་བྱས་ཏེ་བུ་མོའི་ལག་ཏུ་བྱ་བ་ཞིག་རེག་ན་རང་ལ་སྐྱིད་ཀྱི་ཉི་མ་ཞིག་ངང་ངམ་ཤུགས་ཀྱིས་ཤར་བར་ངེས་ཞེས་སྨྲས།   དེའི་ཕྱིར་དུ་ཁོ་མོས་སྐར་མ་ཕར་བསྐྱལ།     ཉི་མ་ཚུར་བསུ་ཡི་ངང་ནས་ཡང་ལོ་ངོ་བཞི་ལྷག་ལ་ལས་ལ་བརྩོན་ཏེ།    དབུ་སྐྲ་ཇེ་དཀར་དང་གཉེར་རིས་ཇེ་མང་།   མིག་དབང་ཇེ་ཉམས་དང་ལུས་པོ་ཇེ་སྒུར་སོགས་ཉམ་ཐག་པར་གྱུར་ཀྱང་ཐུགས་སེམས་རབ་ཏུ་སྤྲོ་སྟེ།     ཉི་མ་ལྷ་མོས་ཡང་ཡང་བརྩོན་ལེན་བྱས་མཐར་ལས་བྱེད་པའི་གྲལ་དུ་ཆུད་པས་སོ།།

   

        ཉི་མ་ལྷ་མོ་རང་སྡེར་ཕྱིར་ལོག་པར་ཨ་མ་གཡང་འཛོམས་ཀྱིས་ཉིན་མཚན་ལྟོས་མེད་དུ་རེ་ལྟོས་བྱས་ནས་ལོ་འགའ་འགོར་ཡང་རེ་འདུན་དེ་མ་འགྲུབ།   ཕྱིས་སུ་གོ་ཐོས་ལྟར་ན་ཉི་མ་ལྷ་མོ་ནི་གཡུ་འབྲུག་སྡེ་བའི་ཕོ་གསར་ཞིག་དང་གཉེན་སྒྲིག་བྱས་པ་མ་ཟད།    བུ་ཞིག་ཀྱང་སྐྱེས་ཡོད་པར་སྐད།   དེ་བདེན་པ་ཡིན་མིན་དང་རང་ཉིད་ལྔ་བའི་ལམ་དུ་མ་འགྲིམ་པའི་སྔོན་དུ་བུ་མོ་དང་ཚ་བོ་ལ་ཐུག་ཆེད་ཡང་དཀའ་ལས་སྐུ་ཚེགས་ལ་མ་འཛེམ་པར་གཡུ་འབྲུག་སྡེ་བར་ཕྱིན།   

 

3

 

        ཕྱི་ཡི་བཀོད་པ་ལེགས་ཤིང་ནང་གི་སྟོབས་འབྱོར་རྒྱས་པའི་གཡུ་འབྲུག་སྡེ་བའི་བཞི་མདོ་ཞིག་ནས་བྱིས་པ་ཁྲིད་པའི་གཞོན་ནུ་མ་ནི་འཁར་བར་བརྟེན་པའི་སྐྲ་དཀར་མ་ཞིག་དང་ཕྲད་བྱུང་།      འོ།      དེ་ནི་མ་བུ་ངོ་ཕྲད་བྱུང་བ་མ་ཡིན་ནམ།      ཨ་མ་གཡང་འཛོམས་ཀྱིས"ལྷ་མོ"ཞེས་བོས་རྗེས་ཉི་མ་ལྷ་མོས་ད་གཟོད་ལ་ཁའི་ཉི་མ་དང་འདྲ་བའི་རྒན་འཁོགས་དེ་ནི་རང་གི་ཨ་མ་ཡིན་པ་ཤེས།    "འོ།    ཨ་མ།    ཁྱེས་ལམ་ནས་ཨེ་དཀའ"ཞེས་དྲིས་པར།   "མ་དཀའ།      མ་དཀའ།     ངའི་ཚ་བོ་དགའ་བོ།     རྨོ་མོའི་པང་དུ་ཤོག"ཅེས་ཟེར་ཞོར་དུ་མ་བུ་གཉིས་ཀྱི་གམ་དུ་བཅར་བའི་ཚེ་ན།     ཚ་བོ་ཕྱིར་ནུར་བྱས་ཏེ་ཉི་མ་ལྷ་མོའི་རྒྱབ་ཏུ་ཡིབས།       ཉི་མ་ལྷ་མོས་ཁོའི་རྣ་བར་གཡུ་འབྲུག་སྡེ་བའི་ཕ་སྐད་ཀྱི་ལམ་ནས་སྐད་ཆ་ཤབ་ཤུབ་ཏུ་བཤད་རྗེས་ད་གཟོད་གོམ་པ་ག་ལེ་ག་ལེར་སྤོས་ཏེ།      རྨོ་མོས་ཚ་བོ་རང་གི་པང་དུ་བླངས་ཐུབ་སོང་།   ཨ་མ་གཡང་འཛོམས་ཀྱིས་ཚ་བོ་མཐོང་བས་ཐུགས་རབ་ཏུ་དགྱེས་པ་ནི་སྨོས་མ་དགོས་མོད།    ཡིན་ནའང་།    རྨོ་མོ་དང་ཚ་བོའི་བར་ལ་ཐུན་མོང་གི་སྐད་ནི་ཡེ་ནས་མེད་དེ།     ཕར་བཤད་ཚ་བོས་མི་གོ་ལ་ཚུར་བཤད་རྨོ་མོས་མི་རྟོགས་པའི་ཕྱིར།     དེ་བས།    རྨོ་མོས་ཕྱི་ཡི་རྣམ་འགྱུར་ལ་བརྟེན་ནས་བསམ་དོན་ཐམས་ཅད་ཕར་སྤྲོད་ཐབས་མི་བྱེད་ཀ་མེད་བྱུང་ལ།   ལྐུགས་པ་མ་ཡིན་འོན་པ་མིན་པའི་ཚ་བོས་ཀྱང་ལྐུགས་འོན་གྱི་བརྟུལ་ཞུགས་ལྟ་བུ་མི་འཛིན་ཐབས་མེད་བྱུང་བ་ནི་ཅི་འདྲའི་སྐྱོ་བ་ཞིག་རེད་ཨང་།  

 

        དང་ཐོག་རྨོ་མོས་ཕར་བཤད་ལ་ཚ་བོའི་ཚུར་ལན་ཡོད་མོད།   ཡིན་ཡང་།   དེའི་རྗེས་སུ་ཚ་བོའི་བློ་ངོར་རྨོ་མོས་ཁོ་རང་ལྐུགས་པའམ་འོན་པ་ཞིག་ཏུ་རྩི་བཞིན་ཡོད་པར་བསམས་ཏེ།    སེམས་ལ་ཁོང་ཁྲོའི་མེ་ལྕེ་འབར་བས།   གཡུ་འབྲུག་སྐད་ཀྱིས་ངས་ཁྱོད་ལ་ཁ་བརྡ་བྱེད་ན་མི་འདོད་ཅེས་སྨྲས་ཏེ་སྨྲ་བ་བཅད་ནས་བསྡད།  

 

        རྨོ་མོས་སྐད་ཆའི་ནང་དོན་མ་གོ་རུང་ཁོའི་རྣམ་འགྱུར་ལས་རང་ཉིད་ལ་སུན་སྣང་སྐྱེས་པ་རྟོགས་པས།    མོས་ཀྱང་ཁ་ཁ་རོག་གེར་བསྡད་དེ།    ཁ་བརྡའི་མཚམས་དེ་ལྟར་མི་གཅོད་ཀ་མེད་བྱུང་།   

 

       ཉི་མ་ལྷ་མོས་ཨ་མ་ཁྱོ་གའི་ཁྱིམ་དུ་བསུས།    ཁྱོ་གས་རང་གི་སྒྱུག་མོ་འབྱོར་བ་མཐོང་མ་ཐག་མྱུར་དུ་འབོལ་ཁྲི་ནས་ལངས་ཏེ་འཚམས་འདྲི་ཞུས།     ཨ་མས་འཛུམ་ཞིག་བསྟན་པ་ལས་ཚིག་གཅིག་ཀྱང་བུད་མ་བྱུང་།     དེ་ནས་ཁྱོ་གས་དུང་སོ་སུམ་ཅུའི་བར་ནས་སྙན་པའི་ཚིག་གསུམ་ཞུས་ཀྱང་ཨ་མ་ཧད་དེ་འདུག་པ་ལས་ལན་ཅི་ཡང་མ་བྱིན་པས།    ཁྱོ་གས་ཨ་མས་གཡུ་འབྲུག་སྐད་ཡེ་ནས་མི་མཁྱེན་པ་ཤེས་ཏེ།     ཇ་ཐུངས་ཞེས་པའི་རྣམ་འགྱུར་བསྟན་ཏེ་བརྙན་འཕྲིན་ལ་བལྟས་ནས་བསྡད།    ཉི་མ་ལྷ་མོས་ཁྱོ་གའི་སྐད་ཆའི་ནང་དོན་དག་བརྡ་འཕྲོད་ལ་མི་འཕྲོད་ཀྱིས་ཨ་མར་བཤད་པས།   ཨ་མས་ཏོག་ཙམ་ཧ་གོ་བྱུང་།     དེའི་མོད་ལ་ཨ་མས་ཁྱོ་གར་བཤད་པའི་སྐད་ཆ་ཡང་མོས་ལོ་ཙཱ་མི་བྱེད་ཐབས་མེད་དུ་གྱུར་བས།    ཉི་མ་ལྷ་མོ་ནི་ལོ་ཙཱ་བའི་མཚན་ཉིད་མི་ཚང་བའི་ལོ་ཙཱ་བ་ཞིག་བྱས།   

 

        དེ་ལྟར་ལོ་ཙཱ་དང་ལོ་ཙཱ་ཡི་ཀློང་ནས་ཟླ་འགའ་འགོར་རྗེས་ཨ་མ་གཡང་འཛོམས་ཕྱིར་རང་སྡེ་ལ་ལོག    དཀའ་ལས་ཁག་པོ་མྱངས་མཐར་རང་སྡེ་ལ་འབྱོར།   ཡ་མཚན་དགོས་པ་ཞིག་ལ་སྡེ་བའི་ནང་དུ་རང་སྡེའི་རིག་གནས་མཐའ་དག་མགོ་ཐོག་གི་བུམ་པ།    ལྕེ་ཐོག་གི་བདུད་རྩི་ལྟར་གཅེས་པའི་ཨ་མྱེས་?་རྗེ་གཅིག་པུ་ལས་མི་འདུག་པས།   ཨ་མ་གཡང་འཛོམས་ཀྱིས་གནས་ཚུལ་ག་འདྲ་བྱུང་བ་ཞིབ་ཏུ་དྲིས་རྗེས་དུད་ཚང་གཞན་པ་དག་གིས་བུ་བུ་མོའི་མདུན་ལམ་གྱི་ཆེད་དུ་རང་སྡེ་དང་ཁ་བྲལ་ཏེ།    གཞན་སྡེ་ཆེ་ཆུང་ཅི་རིགས་སུ་གནས་སྤར་བ་ཤེས་པ་མ་ཟད།   སྡེ་མི་དེ་དག་གཞན་སྡེར་འགྲིམས་རྗེས་ཀྱི་གནས་བབ་ཉི་མ་ལྷ་མོའི་དེ་དང་ཨ་ན་མ་ན་ཡིན་པའང་ངང་གིས་རྟོགས་བྱུང་།   

 

        རྒན་རྒོན་གཉིས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཁ་ནས་གླེང་བར་རབ་ཏུ་སྤྲོ་བ་དང་།  སེམས་ལ་?་བརྐོས་རི་མོ་བཞིན་དུ་ཡལ་བ་མེད་པ་ནི་རང་སྡེའི་རིག་གནས་ལས་མ་འདས་པས།    ད་ལྟར་རང་སྡེའི་རིག་གནས་རླུང་ཁའི་མར་མེ་བཞིན་ཉམས་ཉེན་ཆེ་གཤིས་ཁོང་རྣམ་པ་གཉིས་ཀྱི་ལུས་སེམས་གཉི་གའི་སྡུག་བསྔལ་ནི་ཁོང་གཉིས་ལས་སུས་ཀྱང་རྟོགས་ག་ལ་ཐུབ།     

         དུས་ནི་མི་འགྱུར་མི་རྣམས་འགྱུར་བ་ཡིན་ཞེས་པ་ཅི་མ་བདེན་ཞེས་རྒན་རྒོན་གཉིས་ཀྱིས་དེ་ལྟར་སྡོམ་ཚིག་ཅིག་བཀོད་རྗེས་ཤུགས་རིང་ནར་ནར་འབྱིན་ཏེ་སོ་སོར་རང་ཁྱིམ་དུ་ཕྱིན།   

        དེ་ནས་ཟླ་གསུམ་འགོར་ཙ་ན།     ཨ་མྱེས་?་རྗེ་ཡང་ཚེ་ལས་འདས་སོང་།     འབྲོང་རྭ་སྡེ་བ་རུ་ཨ་མ་གཡང་འཛོམས་གཅིག་པུའི་གྲིབ་མ་ཙམ་ལས་ཅི་ཡང་མཐོང་རྒྱུ་མི་འདུག་ལ།   མོའི་ལུས་ཕུང་ཡང་ཉིན་རེ་བཞིན་ཇེ་སྡུག་ནས་ཇེ་ཞན་དུ་གྱུར།   

 

        ཟླ་མཇུག་གི་ཉིན་ཞིག་ལ།    གྲོགས་མེད་ཁེར་རྐྱང་དུ་གྱུར་བའི་མོ་ཡིས་རང་ཉིད་མག་པ་ཚང་ན་ཡོད་དུས་ཕར་བཤད་ཚུར་ལན་མེད་ཅིང་ཕ་བུ་གསུམ་གྱི་ཁ་བརྡ་མི་གོ་བ་སོགས་ཡིད་ལ་དྲན་པའི་མོད་ལ།   ཐུགས་སྐྱོ་བ་བཅས་བྱུང་ནས་སྤྱན་ཆབ་བསིལ་ཞོར་དུ་འདི་སྐད་སྨྲས་བྱུང་།   

 

       སྤྱང་ལུང་སྡེ་བ།   སྟག་ཚང་སྡེ་བ།   ཁྱུང་དཀར་སྡེ་བ་ཞེས་མིང་ཙམ་ལས་མེད་པའི་སྡེ་མིང་འགའ་ངག་ནས་བརྗོད་པ་དང་སྦྲགས་ཏེ།   ངའི་འབྲོང་རྭ་གཡང་སྡེ་ཕྱུག་མོ་ཡང………

 

        ཨ་མ་གཡང་འཛོམས་ཀྱི་སྲོག་གི་རྒྱུ་བ་འགགས་ནས་ཚེ་ཕྱི་མར་ལྟད་མོ་རུ་ཕྱིན།   

 

4

 

        དེ་ནས་ཟླ་འགའ་འགོར་བ་ན་འབྲོང་རྭ་སྡེ་བའི་རིག་གནས་ལ་དད་མོས་ཚད་མེད་ཡོད་པ་དང་བརྟག་དཔྱད་ཞིབ་འཇུག་བྱ་འདོད་པའི་མི་སྣ་འགའ་སྡེ་བའི་ནང་དུ་ཕྱིན་ཙ་ན་གྱང་རོ་ཁང་ཤུལ་ཙམ་ལས་ཅི་ཡང་མི་འདུག་པས།   འགྱོད་གདུང་གིས་མནར་བཞིན་ཕྱིར་མི་ལོག་ཀ་མེད་བྱུང་། 

 

        ལེ་ཚན་འདིའི་རྩོམ་སྒྲིག་འགན་འཁུར་པ་བསྟན་པ་ཡར་རྒྱས།

 


རྩོམ་ཡིག་སྔོན་མ།
ལྷ་ལྷ་ལག་རིང་།
རྩོམ་ཡིག་རྗེས་མ།
ཕོ་མ་གཡུ་མཚོའི་རང་མདངས།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1