"སྒོར་མོ་གཉིས་སྟོང་བདུན་བརྒྱ་བདུན་ཅུ་དོན་ལྔ། ཡོད་ཚད་དེ་རེད། དེའི་ནང་གི་ཆིག་སྟོང་ལོ་འགའི་སྔོན་དུ་ཨ་ཁུ་བསོད་སྐྱབས་ཚང་ལ་བུ་ཚེ་ལོར་རྫོང་དངོས་མང་བཤམས་སྟོན་ཁང་གིས་ལས་ཞུགས་མི་སྣ་བསྡུ་བའི་གཞུང་ཞབས་པའི་རྒྱུགས་ལེན་མིང་ཐོ་འགོད་སྤྱད་དུ་བསྐྱིས་པ་ཡིན། ཕྱི་མའི་སྒོར་དེ་དག་ཀྱང་སྤུན་དང་སྐར་མ་བསགས་ནས་བྱུང་བ་ཡིན་ཏེ། དེ་དག་ཀྱང་ལོ་འདིས་ནོར་ལུག་བཙོངས་པའི་རིན་པ་དང་། དབྱར་རྩྭ་དགུན་འབུ་བཙོང་ས་སོགས་ནས་གཅིག་རེ་གཉིས་རེ་བྱས་ཏེ་བཙན་གྱིས་བཀུག་པ་ཡིན།" ཚོང་གཉེར་སྦྱིན་བདག་གིས་ཐད་དཀར་དུ་ཅི་ཡང་མི་ཟེར་རུང་། རང་སེམས་ནས་ཕྲ་མ་འདི་དག་ལ་འདི་འདྲའི་སེར་སྣ་ཐལ་དྲག་པ་འདི་མིག་རྫོབ་རེད་ཨང་། རྒྱུ་མགོ་ནས་མི་འདུག་རྒྱུ་འདི་དག་དག……རང་རེའི་བོད་ཀྱི་ཁ་དཔེར་ཡང་ཚེ་མི་རྟག་རླུང་ཁའི་མར་མེ། །རྒྱུ་མི་རྟག་རྩྭ་མགོའི་ཟིལ་པ། །ཞེས་བཤད་སྲོལ་ཡོད་ཟེར་བཞིན་ཕན་ཚུན་སྒོར་མོ་སྤྲོད་ལེན་བྱེད་སྐབས་སེར་སྣ་རྟ་རྔ་ལས་ཉག་ཕྲ་བའི་ཚོང་དཔོན་དག་དང་ཁ་རྩོད་བརྒྱབ་པར་མ་ཟད་གདོང་ཡང་དམར་པོར་གྱུར་མྱོང་། ཆོས་སྒྲོན་གྱིས་ཐེངས་གསུམ་ལ་བརྩིས་རུང་གཉིས་སྟོང་བདུན་བརྒྱ་བདུན་ཅུ་དོན་ལྔ་ཏག་ཏག་ལས་མེད། འོན་ཀྱང་། ཕྱི་ཉིན་ནི་ཨ་ཁུ་བསོད་སྐྱབས་ཚང་ལ་སྐྱིན་ཚབ་སྤྲོད་པ་དང་ལུག་རྙིང་གནམ་གང་གཉིས་ཉིན་གཅིག་ཏུ་ཁེལ་འདུག་པས། ད་ནི་ཅི་ཞིག་བྱ།
མོ་རྙིང་རལ་དུ་གྱུར་པའི་མལ་སའི་ནང་དུ་ཁ་སྦྲིབ་ཏུ་འགྱེལ་ཏེ་ངུ་འབོད་བྱེད་པ་ལས་ཐབས་ཅི་ཡང་རྙེད་མ་བྱུང་། མོའི་མི་ཚེ་འཚོ་བ་ནི་ངུ་འབོད་དང་ཆོ་ངེ་། དགའ་སྐྱོ་ཆགས་སྡང་བཅས་ཀྱིས་གྲུབ་ལ། དེའི་ནང་གི་ཆ་མང་པོ་ནི་ངུ་འབོད་ཡིན། འདིས་མོའི་བློ་ངོར་མི་ཤོང་བའི་སྐྱོ་སྣང་ཞིག་བཅོས་མིན་དུ་སྐྱེ་རུ་བཅུག་བྱུང་།
ད་ནི་གཡང་ཁྱིམ་གྲུ་བཞི་འདི་གཟིགས་མོ་ཞིག་བྱ། སྒོའི་ནང་ལོག་ཏུ་བརྩིགས་པའི་སྟོད་ཆུང་ཞིག་སྟེ། དེ་ནི་གཡག་སྒ་དང་བེའུ་རྡང་ཐི་གི། ཕྱིང་པས་བཟོས་པའི་ཆར་ལྭ། ཆོས་སྒྲོན་བཟའ་ཟླ་གཉིས་ཀྱི་གྱོན་པ་སོགས་ཀྱིས་གྲུབ་པ་ཞིག་རེད། ཐབ་ཀའི་གཡས་གཡོན་དུ་གོ་རིམ་མེད་པར་གང་སར་གཡུགས་པའི་ཅ་ལག་དག ད་དུང་སྦྲ་གུར་ཕུག་གི་མཆོད་སྟེགས་བརྩིགས་པའི་མར་རྩམ་གྱི་སྒམ་ཆུང་། དེའི་ཡང་སྟེང་གི་འཕྲེད་ཤིང་ཀ་རའི་སྟེང་ནས་མར་དཔྱངས་པའི་སྒྲོལ་མའི་ཐང་ག་ཆུང་ཆུང་ཞིག འདི་ཚང་མ་དངུལ་སྒོར་ཞིག་ལ་ཆ་བཞག་ན། ཕལ་ཆར་ལོ་ཕྱེད་ཡས་མས་ཀྱི་ཡོང་འབབ་ཙམ་ཡིན།
ད་ནི་གཡང་ཁྱིམ་གྲུ་བཞི་འདིའི་ཚུལ་ནི་དཔེ་འཇོག་འོས་འཚམ་ཞིག་འཇོག་མི་ཐུབ་པའི་ཚོད་མིན་ཡང་། གྲོང་ཁྱེར་ན་གླ་ཆ་འགའ་རེའི་ཆེད་དུ་ཉི་མ་འཁྱོལ་ཐབས་བྱེད་མཁན་གྱི་ལས་བཟོ་པའི་ཁང་མིག་དང་ཕལ་ཆེར་མི་འདྲ་རྒྱུ་མེད་ཟེར་ཆོག དེར་ད་དུང་འབྲོག་ཁྱིམ་ཕལ་ཆེ་བས་དམའ་གཞལ་གཏོང་བ་ནི་ག་ལ་བཤད་དགོས།
ཡིན་ཡང་ཆོས་སྒྲོན་གྱི་ལུས་དང་གྲིབ་མ་བཞིན་དུ་བྲལ་མ་མྱོང་བའི་ཁྱིམ་རྒྱུད་ནོར་བུ་གཅིག་པུ་སྟེ། མགུལ་ལ་བླ་གཟི་ཞིག་ཡོད་པ་ནི་རུ་སྡེའི་མི་ཡོངས་ཀྱིས་ག་ལ་ཤེས།
ལྷས་རའི་དཀྱིལ་དབུས་སུ་དར་ལྕོག་ཅིག་ཡོད་མོད། ལོ་རྒྱུན་ཡིན་ན་ལོ་རེར་ཐེངས་གཅིག་རྗེ་གིན་ཡོད། ཡིན་ཡང་ལོ་འདི་གར་གཅིག་ཀྱང་བརྗེ་མ་མྱོང་ཞིང་། རྙིང་རལ་དུ་གྱུར་པའི་དར་ལྕོག་ཅིག་ཡོད་པའང་རླུང་བུས་རྡེབ་ཐུབ་པ་ཞིག་མིན་ན་གཞན་སུས་ཀྱང་ལོངས་སྤྱོད་བྱེད་མི་ནུས་ལ། སྦྲ་གུར་གྱི་ལྟག་རྒྱབ་ཏུ་མ་ཎི་?་འབུམ་ཞིག་ཀྱང་བསླངས་ཡོད་ལ། ?་ལེབ་དེའི་ལྟག་རྒྱབ་ཏུ"ཚེ་ལོ"ཞེས་བྲིས་འདུག
"ཚེ་ལོ"ཞེས་པའི་མིང་འདི་ནི་དེ་གའི་ཁྱིམ་བདག་གིས་སྔོན་ཆད་བུ་ཚེ་ལོ་སློབ་གྲྭར་མ་བསྐྱལ་བའི་དུས་ཏེ། ཆོས་སྒྲོན་བཟའ་ཟླ་གཉིས་ཀྱི་བུ་གཅིག་པུ་ནི་གཡང་ཁྱིམ་འདིས་རྐང་རྟེན་དང་ཕ་གཞིས་འཛིན་མཁན་ཡིན་པར་བརྗོད་མྱོང་ལ། རེ་ཞིག་སྤྲོ་སྣང་ལ་བརྟེན་ནས་རང་ཁྱིམ་སྒོ་རའི་ནང་གི་མ་ཎི་?་བརྐོས་དེའི་ལྟག་རྒྱབ་ཏུ་བྲིས། ད་ལྟ་བུ་ཚེ་ལོ་སློབ་ཆེན་མཐར་ཕྱིན་ནས་ལས་ཚོགས་་སུ་ཞུགས་པས། "ཚེ་ལོ"ཞེས་པའི་ཡིག་འབྲུ་དེ་ཚོ་ཡང་གསལ་ལ་མི་གསལ་བར་གྱུར་ཏེ། དེས་ཀྱང་བསམ་བློ་གཟབ་ནན་གྱིས་བཏང་ནས"ཚེ"ཞེས་པའི་ཡིག་འབྲུ་ཅིག་ཏུ་བསྐུངས་ན་ལེགས་སྙམ་འདྲ། ཡིན་ཡང་། ཚེ་བྷོ་རྫི་གཞུག་ནས་རང་ཁྱིམ་དུ་ལོག་ཐེངས་རེར། ཁོང་གི་བཟའ་ཟླ་སྟེ། གོང་དུ་ངོ་སྤྲོད་བྱས་ཟིན་པའི་ཆོས་སྒྲོན་གྱིས་ཁོ་ལ"ཚེ་བྷོ"ཞེས་འབོད་བཞིན་དུ་མགོ་བོ་བྲང་གཞུང་དུ་གཏད་ངེས་རེད། དེ་ནི་དངོས་གནས་སེམས་འགུལ་ཐེབས་པ་ཞིག་རེད།
ཆོས་སྒྲོན་ངུ་མཚམས་བཞག་ནས་པང་ཁེབ་ཀྱིས་ཕྲ་རིལ་གྱི་ངོ་གདོང་ཕྱིས་རྗེས་སུ། སྦྲའི་ཁ་ཚུབ་ཏུ་ལངས་ཏེ་སྐྱ་ཐིང་ཐིང་གི་ལྟག་རའི་བར་སྣང་དུ་སྐྱ་མདོག་ལྟར་སྣང་བའི་བྱིའུ་ཆུང་གི་འཕུར་སྟབས་ལ་མིག་ཅེ་རེར་བལྟས་ནས་བསྡད། སང་ཉིན་ནི་ཨ་ཁུ་བསོད་སྐྱབས་ཚང་ལ་སྐྱིན་ཚབ་སྤྲོད་དགོས་པར་མ་ཟད་ད་དུང་གནམ་གང་ཡིན་མོད། འོན་ཀྱང་མོས་ཚེ་བྷོ་ལ་ཨ་ཁུ་བསོད་སྐྱབས་ཚང་གི་སྐྱིན་ཚབ་ཀྱི་སྒོར་མོ་ནི་སྟེར་མི་ཕོད། ལོ་ངོ་གཅིག་གི་ཡོང་འབབ་ནི་སྒོར་གཅིག་སྟོང་བདུན་བརྒྱ་བདུན་བཅུ་དོན་ལྔ་མ་གཏོགས་མེད། ཟླ་འདི་གར་གྲོན་ཆུང་བསྲི་ཚགས་བྱེད་གང་ཐུབ་ཀྱིས་བསགས་རུང་འདི་ཙམ་མ་གཏོགས་མི་འདུག འགྲོ་སོང་ནི་དེ་སྔོན་ལས་ཆེ་བར་གྱུར་པས་ཟླ་ངོ་གཅིག་ལ་སྒོར་ཉི་ཤུ་སུམ་བཅུའི་ཡོང་འབབ་ཙམ་གྱིས་འཚོ་བའི་ཁ་གསབ་ཀྱིས་འདང་ཁག་པོ་རེད། གནམ་ལོ་གསར་པ་ཞིག་རོལ་བའི་ཆེད་དུ་ཆོས་སྒྲོན་གྱིས་ཉེ་སྔོན་འཆར་གཞི་འདི་འདྲ་ཞིག་བཀོད་དེ། ཨ་ཁུ་བསོད་སྐྱབས་ཚང་གི་སྐྱིན་ཚབ་ནི་ལོ་ཕྱི་མའི་ཡོང་འབབ་ལས་སྤྲོད་རྒྱུ་དང་གནམ་ལོ་གསར་ཚེས་འདིར། བཟའ་ཟླ་གཉིས་ལ་མཛེས་ཆས་སྤྲད་པའི་གྱོན་གོས་རྒྱན་ཆ་ཞིག་ཉོ་དཀའ་ན་ཡང་། རིན་གོང་བདེ་ལ་སྤུས་ལེགས་པ། གྱོན་ཡུན་རིང་བའི་བོད་ལྭ་རེ་ཉོ་དགོས་སེམས།
སྦྲ་གུར་གྱི་སྒོའི་རྩིག་ལྡེབས་ངོས་སུ་འོ་ཁུ་དང་ཕྱུར་ཁུ། དར་ཁུ་སོགས་འཆོལ་བའི་མེ་ལོང་ནང་གཟུགས་ཅན་ཞིག་ཁེན་ཡོད། དེ་ནི་གཞེས་ནིང་ལོར་བུ་ཚེ་ལོ་རང་ཡུལ་འབྲོག་ཐང་དུ་ཡུལ་དངོས་རྟོག་ཞིབ་ལ་ཡོང་དུས་ཁྱེར་འོང་བ་ཞིག་རེད། ཐིང་སྨྲུག་སྦྲ་ཆུང་གི་ནང་དུ་མེ་ལོང་ཅི་འདྲ་ཡོད་པ་ཀུན་གྱིས་མཐོང་མྱོང་ཡོད་དེ། གྲུང་ཤ་ཉམས་ཤིང་ལུས་ཁོགས་རྒས་རིལ་ཅན་གྱི་མི་ཞིག་ཡིན་ན། མེ་ལོང་ཤར་མོ་འདིའི་ནང་དུ་དུམ་བུ་དུམ་བུར་ཆད་པའི་ལུས་ཀྱི་ཆ་ཤས་དག་བསྒྲིགས་ནས་རང་གཟུགས་སྤྱི་བམ་པ་ཞིག་མཐོང་ཐུབ་ནའང་ཁྲིགས་ཁྲིགས་མེད། ཆོས་སྒྲོན་ལོ་འདི་གར་ཁྱིམ་ཚང་གི་ལས་ཚེགས་དང་སེམས་ཚེགས་ལས་ལུས་བོངས་ཆུང་དུ་ཕྱིན་ཞིང་། གཟུགས་མཉེན་མོ་ཕྲ་མཉེན་ཅན་ཞིག་ག་ལ་ཡིན། མོ་ནམ་རྒྱུན་མེ་ལོང་འདི་ལྟ་བུ་སྤྱོད་པར་ཤིན་ཏུ་དགའ་སྟེ། གློ་བུར་དུ། མོ་སྒོ་འགྲམ་ནས་ཕྱིར་འཁོར་ཏེ་མེ་ལོང་ཆགས་རལ་དེའི་མདུན་དུ་ལངས་པ་ན། མོའི་ལུས་གཟུགས་ཀྱི་ཆ་ཡོངས་མེ་ལོང་དུ་འཆར་ཐུབ་ནའང་། དེར་མདངས་ཉམས་ཤིང་འོད་མི་དྭངས་བར་གྱུར། གནམ་ལོ་གསར་ཚེས་ལ་རྟེན་འབྲེལ་ལམ་འཚོ་བ་གསར་པ་ཞིག་གི་མགོ་བརྩམས་དགོས་སྙམ་ནས། མོས་འཕྲལ་དུ་ནང་གི་དངོས་ཟོག་དག་ཡར་འཇོག་མར་འཇོག་ཙམ་བྱས་རྗེས། སྐྲ་བཤིགས་ཏེ་ཨ་མ་བསོད་སྐྱིད་ཚང་ལ་སྐྲའི་ལན་བུ་འཆོས་པར་ཕྱིན།
ད་ནི་ཚེ་བྷོ་ཁྱོ་ཤུག་གཉིས་ཀྱིས་བུ་ཚེ་ལོར་ཁྱིམ་རྒྱུད་རྩིས་སྤྲོད་བྱེད་པའི་དབང་དུ་བཏང་ན། བསྟན་དུ་རུང་བའི་ཁྱད་ནོར་རྩ་ཆེན་གཉིས་ཡོད་པ་ནི། གཅིག་ནི་ཆོས་སྒྲོན་གྱི་ལུས་དང་གྲིབ་མ་བཞིན་དུ་བྲལ་མ་མྱོང་བའི་བླ་གཟི་གཅིག་དང་། ཅིག་ཤོས་ནི་ཁོང་བཟའ་ཟླ་གཉིས་ཀྱིས་བདག་སྲུང་བྱས་པའི་མགོ་ཀླད་ཀྱི་ཐིང་སྨྲུག་སྦྲ་ཆུང་དང་སྒོ་ར་གྲུ་བཞིའི་ནང་གི་ནོར་ལུག་ཉི་ཤུ་སུམ་ཅུ་ཙམ་པོ་ལས་མེད། ཡིན་ཡང་། དེར་གྲོང་ཁྱེར་འབྲོག་ཐང་དུ་བཙངས་བའི་ལྗོངས་རྒྱུ་པ་དང། ལས་ཁུངས་ག་གེ་མོའི་བཀོད་སྒྲིག་བཞིན་དུ་ཆས་པའི་ཡུལ་དངོས་རྟོག་ཞིབ་པ། དེ་མིན་ཚུགས་ཀར་བལྟས་ན་འཐུས་ཤོར་དུ་སོང་བའི་ལས་བཟོ་པ་དང་ཆ་མ་འཚལ་བའི་ལམ་ལས་རུ་ཁག་གི་ལས་བཟོ་པ། གཏེར་ཁ་སྔོག་འདོན་ལ་བྲེལ་བའི་ལས་བཟོ་པ་སོགས་ཀྱི་ཡིད་དབང་བཀུག་ཡོད་པ་ནི་ཆོས་སྒྲོན་བཟའ་ཟླ་གཉིས་ཀྱིས་ག་ལ་ཤེས།
ཉི་འོད་ནུབ་རིའི་རྩེ་ལ་ཟུག་པའི་དུས་སུ། ཚེ་བྷོས་ནོར་ལུག་རུ་སྡེའི་ཕྱོགས་སུ་བསྐོར་ཏེ་རང་ཁྱིམ་དུ་ལོག་བཞིན་ཡོད་མོད། ཡིན་ཡང་། དེ་རིང་ནམ་རྒྱུན་ལས་ཅུང་སྔ་མོར་རང་ཁྱིམ་དུ་ལོག རྒྱུ་མཚན་ནི་ཕྱི་ཉིན་གནམ་གང་དང་ཨ་ཁུ་བསོད་སྐྱབས་ལ་སྐྱིན་ཚབ་སྤྲོད་པའི་ཉིན་མོ་ནི་གཅིག་ཏུ་ཁེལ་འདུག་པས་རེད། ཆོས་སྒྲོན་གྱིས་བཤད་རྒྱུར"ཨ་ཁུ་བསོད་སྐྱབས་ཚང་གི་སྐྱིན་ཚབ་དེ་ནི་ལོ་ཕྱི་མའི་ཡོང་འབབ་ལས་སྤྲོད་ཡ། ལོ་འདི་གར་ང་ལ་གྱོན་གོས་འོས་འཚམ་ཞིག་ཀྱང་ཉོས་མེད། ད་དུང ……"ཞེས་སྡུག་ཡུས་བཏོན་བྱུང་། ཚེ་བྷོས་སྟོད་ཆུང་ཙམ་པོ་ཕར་སློག་ཚུར་སློག་བྱས་བྱས་མཐར་ཆི་ཀི་་ལྭ་རྟགས་ཅན་གྱི་ཀོ་ལྭ་དེ་རྙེད་བྱུང་ལ། ཆོས་སྒྲོན་ངའི་གྲུ་གཟིངས་རྟགས་ཅན་གྱི་འཇུར་རྟ་དེ་གང་དུ་སྦས་སོང་། ད་རུང་ཆེན་པོ་ཏག་ཏག་ཐ་ན་ཁྱིམ་གྱི་དངོས་པོ་ཙམ་ཡང་གྲལ་དག་ཅིག་མི་འཇོག་པའི་ཚད་ལ་སླེབས་འདུག ཁྱིམ་ཐབ་ཡག་པོ་ཞིག་འཁྱོངས་ཚད་རྒྱུ་དེ་ཁྱོད་ཀྱི་གྱོན་གོས་འོས་འཚམ་ཞིག་ཏུ་བརྩིས་ཆོག ཕྱི་ཉིན་ཨ་ཁུ་བསོད་སྐྱབས་ཚང་གི་སྐྱིན་ཚབ་མ་སྤྲད་ན་དེར་སྐྱེད་ཀ་འཕེལ་གྱིན་ཡོད། སྐྱེད་ཀ་སྟེར་རྒྱུ་ཕར་ཞོག ད་ནི་སྐྱིན་ཚབ་སྟེར་རྒྱུ་ཡོད་མེད་ཀྱི་ཚད་ལ་སླེབས་འདུག་ཅེས་རྣ་གཟར་རྒྱབ་ལ་ཁེད་དུ་གླེང་བྱུང། ཁོ་མོར་ཅི་ཡང་ལབ་རྒྱུ་མ་བྱུང་བའི་སྐབས་ལྟར། རེམ་མར་རྩམ་ཅུང་ཟད་གྲ་སྒྲིག་བྱས། ང་དོ་ནུབ་རྫོང་ཐོག་ཏུ་ཚེ་ལོ་སར་ཐོན་དུ་འཇུག་དགོས། ཕྱི་ཉིན་ཞོགས་པར་ནོར་ལུག་རྫ་མགོར་གཏོང་རག་བར་དུ་འབྱོར་ངེས། ཞེས་ཚིག་འབྲུ་རྣ་ལ་གཟན་པ་ཞིག་གིས་ཁོ་མོའི་ངག་སྒོ་བརྒྱབ་ཏེ་འཚུབ་ཆ་དང་བཅས་ཏེ་རྫོང་ཐོག་ཏུ་ཆས་སོང་།
ཚེ་ལོས་ལོ་སར་སྐབས་དང་བསྟུན་དགོངས་པ་ཞུས་ནས་ཕྱིར་མལ་ཤག་ཏུ་ལོག་ནས་ཕྱི་ཉིན་རང་ཡུལ་ཏུ་འགྲོ་བར་དངོས་པོ་སྡུད་གསོག་རྒྱག་བཞིན་པའི་བར་གླགས་སུ། ཚེ་བྷོ་འཚུབ་ཆ་དང་བཅས་ཏེ་སྒོ་ནང་དུ་འཛུལ་བྱུང་། "ཨ་ཕ་འདི……"ཞེས་ཧ་ལས་ཤིང་དོགས་མི་བདེ་བའི་ངང་ནས་ཕར་ལ་སོང་ནས་ལག་གི་དངོས་ཟོག་དག་ལེན་ཞོར་དུ། "ཡར་སྡོད། ཡར་སྡོད། ཁྱོད་དགོང་དྲོ་ཞིག་ལ་ཡོང་ཁོམ་ཡོད་དམ། ཡང་རྐང་ཐང་ཨེ་རེད། འཚུབ་ཆ་ལངས་དགོས་དོན་མེད་ལ། ང་རྫོང་དཔོན་མ་རེད། སྐྲག་དགོས་དོན་མེད"ཞེས་ལྡབ་ལྡིབ་ཀྱིས་འདྲི་བའི་ཚུལ་ལ་བལྟས་ན། ཁོས་བསམ་བློ་ཞིབ་མོ་ཞིག་བཏང་ན་ཡང་། ད་རུང་མངོན་སུམ་དུ་གྱུར་པའི་གནས་ཚུལ་རྟོགས་མ་ཐུབ་པ་ལྟར་སྣང་། སྐྲག་དགོས་དོན་མེད་ཁུ། ཁྱོས་སུ་ཞིག་ལ་ཟེར་གོ། ད་ལྟ་རླངས་འཁོར་འབབ་ཚིགས་སུ་ཨ་ཁུ་བསོད་སྐྱབས་འགྲོ་གིན་འདུག ཡིན་ཡང་ཁོས་རིག་ཐལ་ཞེས་ཚེ་བྷོས་ལན་བཏབ།
ཚེ་ལོས་ཡ་མཚན་པའི་ངང་ནས་ཁང་བའི་ཕྱོགས་བཞིར་བལྟས་རྗེས། "ཨོ་འདི…… ཨ་ཕ་ཁྱོད་ཡང་རྐང་ཐང་ཨེ་ཡིན"ཞེས་དྲིས་པས།
ཚེ་བྷོས"ཤང་མངག་གཏོང་ཁང་གི་རླངས་འཁོར་ཞིག་རྫོང་ཐོག་ཏུ་ཡོང་གིན་ཡོད་པ་དང་སྟབས་འགྲིག་ཐལ། ཁྱོད་འདི། གནམ་གང་ལ་ཐོན་འདུག ད་རུང་བྲེལ་བ་ཆེ་ནི་ཨེ་རེད། གཞན་པ་ཚང་མ་ངལ་གསོས་ཐལ།" ཞེས་གཟབ་ནན་གྱིས་གནད་ལ་ཕོག་པའི་སྐད་ཆ་ཞིག་བུ་ཚེ་ལོའི་རྣ་རྩ་བརྒྱུད་ནས་སེམས་གཏིང་དུ་ཟུག་སོང་ལ། ཁོས"འདི…… འདི་ལས་ཁུངས་ཀྱི་ལོ་མཇུག་གི་བྱ་བའི་སྤྱི་སྡོམ་སོགས་བྱ་བ་དངོས་གནས་མང་པོ་འདུག ད་རུང་ཉིན་འདི་གར་ལས་ཁུངས་ཀྱི་ལས་རས་པར་བཀོད་སྒྲིག་བྱས་འདུག ཁྱེད་གཉིས་ལ་སེམས་ཚེགས་གཏད་སོང་། ཡ་ཡ། ཅུང་ཙམ་སྒུག་རོགས་ང་སོང་ནས་དགོང་ཟས་ཤིག་ཉོས་ཡོང"ཟེར་ཞོར་དུ་ལག་གཅིག་གིས་སྒོ་ལོང་གིས་འཐེན་ཞོར་དུ་སྒོ་ཁྲོགས་སེ་བརྒྱབ་ཏེ། རྫོང་མི་རིགས་རང་འདེམས་ཚོང་ཁང་གི་ཕྱོགས་སུ་སོང་ནས་ལུག་ཤ་རྒྱ་མ་གང་། ལྦུ་རག་དམ་བེ་གཉིས། འཐེན་ཐུག་ཅ་ནེ་གཉིས། འདི་ནི་ཁོ་ཉིད་ལ་མཚོན་ན་ཉིན་གཅིག་གི་འཚོ་ཐབས་སུ་བརྩི་ཆོག་ཆོག་རེད།
ཚེ་ལོ་ཁོ་རང་རྫོང་མི་རིགས་གསོལ་མགྲོན་ཁང་ཆེན་མོའི་ཁྲོམ་གཞུང་བརྒྱུད་དེ་ཕྱིར་ལོག་པའི་ལམ་བར་དུ་ལམ་གཞུང་གི་གློག་སྡོང་འོག་ན་སྐྱེས་པ་ཞིག་ས་ལ་འགྱེལ་འདུག་པ་མཐོང་འཕྲལ་དུ་ཕར་ལ་སོང་ནས་བལྟས་དུས། ཁོའི་ལས་གྲོགས་སྐལ་བཟང་སྐྱབས་རེད། ཞིབ་ཏུ་བལྟས་ཚེ། ཁོས་སྦི་རག་དམ་བེ་ཞིག་ལག་ཏུ་ཐོགས་ནས་འཆོལ་གཏམ་ཞིག་བར་མེད་དུ་འཆད་ཀྱིན་འདུག འབྲུ་མི་གསལ་བའི་སྐད་ཆར་བརྟགས་ན་ཁ་རྒྱུན་ལ་སྐད་ཆའི་ནང་ན་ཚིག ཚིག་གི་ནང་ན་དོན་ཟེར་བ་ཇི་བཞིན། ཉེ་སྔོན་ཁོ་གཉིས་དབར་གྱི་རྩོད་གཞི་ཅན་གྱི་བུ་མེད་དེ"ཚེ་རིང་ལྷ་མོ"ཞེས་པའི་མིང་ཁོས་དེ་བར་མེད་དུ་འཆད་ཀྱིན་འདུག མ་གཞི་ངེད་གཉིས་བློས་ཐུབ་ཀྱི་གྲོགས་པོ་ཡིན་མོད། འོན་ཀྱང་རྩོད་གཞི་དེ་བུད་པ་ནས་བཟུང་། ངེད་གཉིས་ཀྱི་བརྩེ་མདང་དེ་ཡང་སྐྱུར་མོ་ཞིག་ཏུ་གྱུར་སོང་།
"ཁྱོད་ཀྱིས་ངའི་ལྕམ་མོ་འཕྲོག་འདོད་པ་ཨེ་རེད།"ཞེས་སྐལ་བཟང་སྐྱབས་ཀྱིས་དྲིས་པ་ལ། ཚེ་ལོས"མིན་མིན། གཏན་ནས་མིན། མ་གཞིར་ངེད་གཉིས་སློབ་ཆེན་སྐབས་ཕན་ཚུན་གཅིག་སེམས་གཅིག་གཏད། མཛའ་བརྩེ་ཡག་པོ་ཆགས་ཡོད། ཡིན་ཡང་། ད་ལྟ་ངེད་གཉིས་བར་ལ་ལས་གྲོགས་ཀྱི་འབྲེལ་བ་ལས་གཞན་པའི་འབྲེལ་བ་སྤུ་ཙམ་ཡང་མེད"ཅེས་ཁ་བསོད་ཅན་གྱི་ཚིག་ཅིག་བཤད་ཞོར་དུ། ལག་གཅིག་གིས་དངོས་པོ་བཟུང་སྟེ། ལག་གཅིག་གིས་ཁོ་རང་བསྐྱོར་ཏེ་ཡར་ལངས་སུ་བཅུག་ནས། མལ་ཤག་གི་སྒོ་ཁར་བསྐྱལ།
"ཨོ…… ད་ནི་མ་འགྲིག དགོང་མོ་ཆུ་ཚོད་དགུ་ལ་ཐོན་བྱུང་། ཨ་ཕས་ད་རུང་ཁང་སྟོང་གྲུ་བཞིར་སྒུག་ནས་བསྡད་ཡོད།"
ཁོས་ཚེ་རིང་ལྷ་མོ་དང་ཁོ་གཉིས་བར་གྱི་འབྲེལ་བ་ནི་ཁྱིམ་མི་དང་བཅས་པའི་ཤ་གཉེན་ཉེ། ལས་གྲོགས་ཡོངས་ལ་ཤེས་སུ་འཇུག་མི་འདོད་མོད། འོན་ཀྱང་། ཁྱི་ཁ་འདིས་ལས་གྲོགས་སྐལ་བཟང་སྐྱབས་ལ་ཁོ་མོ་ངེད་གཉིས་བར་འབྲེལ་བ་སྤུ་ཙམ་ཡང་མེད་ཅེས་བཤད་པ་དེ་ལ་འགྱོད་སེམས་ཤིག་སྐྱེ་བཞིན་དུ་མལ་ཤག་ཕྱོགས་སུ་ཆས།
"ཨོ…… ཅུང་འགོར་ཐལ། འདི …… དགོང་ཟས་ཉོས་ཡོད།"མ་གཞི་ཁྱིམ་ནས་དགོང་ཟས་ལས་དགོས་མོད། ཡིན་ཡང་ཉིན་འདི་གར་བྲེལ་བ་ཆེ་སྟབས་ལས་ཁོམ་མ་བྱུང་། ཚེ་བྷོས་ཚེ་ལོའི་གདོང་གི་རྣམ་འགྱུར་ཙམ་ལ་བལྟས་ནས། "དགོང་ཟས་ཤིག་གི་ཉོ་ཡུན་འདི་ཙམ་དགོས་སམ"ཞེས་དྲིས་པ་ལ། ཚེ་ལོས་འདི …… འདི། ཁོ་ལ་རྫུན་གཏམ་གྲ་སྒྲིག་གི་དུས་ཚོད་ཅིག་རྙེད་མ་བྱུང་།
"ཅང་མ་རེད། ཇ་འཐུང་།
སང་ཉིན་འབྲོག་ཐང་དུ་འགྲོ་དགོས། དེ་མིན་རྫོང་ཐོག་ནས་ལོ་གསར་གྱི་ཅ་ལག་རྩག་རྩིག་ཅིག་ཉོ་དགོས།"ཚེ་བྷོས་བུ་ཚེ་ལོར་དེ་ལྟར་སྨྲས་བྱུང་།
ཚེ་ལོས་སྤར་ཁ་ཟུམ་ནས་མགོ་ལ་ཕུར་ཕུར་བྱེད་བཞིན་དུ"ཡ་ཡ། ཕྱི་ཉིན་ཞོགས་པར་ལས་ཁུངས་སུ་སོང་ནས་འབྲོག་ཐང་གི་ཁྱད་ནོར་རེ་འགའ་ཞིག་བཤམས་སྟོན་བྱས་ཡོད་པ་དེར་བལྟས་རྗེས་སུ་ཉོ་ཁོམ་ཡོད། གང་ལྟར་སང་ཉིན་ཕྱི་དྲོར་ཡུལ་ལ་ཐོན་སོང་ན་རེད"ཅེས་འཛུམ་དམུལ་དམུལ་གྱིས་ལན་བཏབ། ཚེ་བྷོས"ངས་ཁྱོད་དྲང་མོར་བཤད། ལོ་འདི་གར་ཁྱིམ་ཚང་གི་འཚོ་བའི་ཐད་ཅི་འདྲ་ཡིན་པ་མིག་མཐོང་ལག་ཟིན་རེད། འོན་ཀྱང་། ཁྱོད་ཟླ་ཕོགས་ལེན་མཁན་ཞིག་ཏུ་གྱུར་ཐུབ་པ་ངེད་གཉིས་ཀྱི་བསོད་ནམས་ཤིག་ཏུ་བརྩི་ཆོག་ཆོག་རེད། ཨ་ཁུ་བསོད་སྐྱབས་ཚང་གི་སྐྱིན་ཚབ་ངེད་གཉིས་ཀྱིས་སྤྲོད། ཁྱོད་ད་རུང་བྱ་བ་མང་ནི་རེད། རྗེས་ཕྱོགས་ཁང་བ། བཟའ་ཚང ……"
ཚེ་ལོས་གློ་བུར་དུ། "ཨོ…… རེད། ཀྲུའུ་རིན་གཅོད་པས་བཤད་རྒྱུར། ལས་ཁུངས་འདིར་ལག་རྗེས་གསལ་ཆ་དོད་པོ་ཞིག་བཞག་ན་ཟླ་ཕོགས་གཏོད་པར་མ་ཟད། གོ་གནས་ཀྱང་རིམ་བཞིན་དུ་ཇེ་མཐོར་འགྲོ་ནི་རེད་ཟེར། ད་ནི་ཐབས་བཀོད་འདུག ང་ནི་འབྲོག་ཐང་ནས་འཚར་ལོངས་བྱུང་བ་ཡིན་སྟབས། འབྲོག་ཐང་གི་འཚོ་བ་ལ་རྒྱུས་མངའ་ཡོད་པ་རེད། ད་ལོར་རང་སྡེ་བའི་ཨ་ཁུ་མགོན་པོ་སྐྱབས་ཚང་གི་ནོར་ལུག་སྡེབ་འཚོང་བྱས་ཏེ་གཞིས་ཁྱིམ་གྲོང་ཁྱེར་དུ་སྤར་འདུག ཁོང་ཚང་གི་སྦྲ་ཆུང་དང་བཅས་པའི་འབྲོག་ལས་ཡོ་བྱད་ཚང་མ་ངེད་ལས་ཁུངས་སུ་བཙོངས་ཐལ། གོ་ཐོས་ཡིན་ན། རིན་གོང་བྲིན་ཡོད"ཟེར།
ཚེ་བྷོས། "ཁྱོད …… ཁྱོད …… བཤད་མི་དགོས། ཡིན་པ་ལ་ཁྱོད་འདིས་བསམ་བཞིན་པ་མི་རྟོགས་མེད། སྐྱག་གཟན ……"ཟེར་བཞིན་ཕལ་ཆེར་ཁ་རྩོད་ཀྱིས་གྲུབ་པའི་འཁྲབ་གཞུང་ཆ་ཚང་ཞིག་འགྲུབ་ལ་ཁད་དུ་བྱས།
ལོ་མཇུག་གི་ཉི་ཟེར་གྱིས་ས་གཞི་རྗེན་པར་བཏང་ཞིང་། གནམ་གང་ཉིན་གྱི་ཁྲོམ་གཞུང་གི་འདུ་ལོང་སྔར་བས་དོད་པར་གྱུར། ཀྲུའུ་རིན་གཅོད་པས་ཀྱང་བརྩིས་འདང་གསལ་བོ་ཞིག་བརྒྱབ་སྟེ། ལོ་སར་གྱི་དངོས་ཟོག་ཉོ་རུ་ཕྱིན། ཚེ་ལོས་ཕ་ཚེ་བྷོ་ཁྲིད་དེ་ལས་ཁུངས་སུ་འགྲོ་བའི་ལམ་བར་དུ་ཀྲུའུ་རིན་གཅོད་པར་ཕྲད་བྱུང་། ཚེ་ལོས་མགོ་བསྒུར་ལྕེ་བསྣར་གྱིས"ཨོ། ཀྲུའུ་རིན་གཅོད་པ། ངེད་ལས་ཁུངས་མགོ་གཙོ་རེད། ལོ་འདི་འགར་ཁོས་འབྲོག་ཐང་གི་འཚོ་བ་དང་ཡུལ་མིའི་འཚོ་གཞིས། ཡུལ་སྲོལ་གོམས་གཤིས་སོགས་ཞིབ་འཇུག་གཙོ་བྱས་བའི་ཡུལ་དངོས་རྟོག་ཞིབ་ཀྱི་ལས་གཞིའི་རྣམ་གྲངས་གང་མང་ཞིག་གིས་ཞིང་ཆེན་རྒྱལ་ཁབ་རིམ་པའི་ཕུལ་བྱུང་ལས་བྱེད་མི་སྣར་བདམས་པར་མ་ཟད། ཞོར་དུ་ལས་ཁུངས་ཀྱི་མཚན་སྙན་ཡང་བསྟོད་མྱོང"ཞེས་ཕ་ཚེ་བྷོར་ངོ་སྤྲོད་བྱས་བྱུང་། ཚེ་བྷོས་གུས་བཀུར་དང་ལྡན་པའི་ངང་ནས་ཀྲུའུ་རིན་གཅོད་པའི་ལག་པར་འཇུས་ཏེ། "ཨོ……ཀྲུའུ་རིན། རྗེས་ཕྱོགས་ཚེ་ལོར་དོ་ཁུར་རེ་བྱ་རོགས"ཞེས་རེ་བ་ཡང་ཡང་བཏོན།
ཀྲུའུ་རིན་གཅོད་པས་ལས་ཁུངས་ཀྱི་ཡིག་ཆ་སྡུད་སྤྱད་ཀྱི་ཀོ་ཁུག་ལས་ཡིག་ཆ་དང་བཅས་པའི་རེའུ་མིག་སོགས་ཕྱིར་བླངས་ཏེ་ཚེ་ལོའི་ལག་ཏུ་བཞག "ཕྱི་ལོའི་ཡུལ་དངོས་རྟོག་ཞིབ་ཀྱི་ལས་གཞི་སྟེ། ཁྱེད་སྟག་ལུང་འབྲོག་ཐང་གི་དངོས་རིགས་ལས་གཞི་ཞིག་བཀོད་སྒྲིག་བྱས་ཡོད།"
ཚེ་ལོས"ཨོ། ཡ་ཡ། འདང་རྒྱག་མེད"ཅེས་ཁས་ལེན་བྱས།
ཀྲུའུ་རིན་གཅོད་པས་མགོ་ལྕོག་ལྡེམ་ཙམ་བྱས་ཏེ་རྫོང་མི་རིགས་དངོས་རིགས་ཚོང་ར་ཆེན་པོའི་ཕྱོགས་སུ་ཆས་སོང་། ཚེ་བྷོས་ད་སྐབས་ཀྱི་ཀྲུའུ་རིན་འདི་དག་འབྲོག་ཐང་གི་ཁྱད་ནོར་ལ་ཞིབ་འཇུག་བྱེད་པར་སྤྲོ་བ་ཆེ་བ་རེད་ཨང་།
"……"
ཚེ་ལོས་རྫོང་མི་རིགས་དངོས་མང་བཤམས་སྟོན་ཁང་གི་རྩེག་རིམ་གཉིས་པའི་སྒོ་རྟགས 203 ཅན་ཞིག་གི་སྒོ་ཕྱེ་བྱུང་། "འདི་རང་རྫོང་མི་རིགས་བཤམས་སྟོན་ཁང་གི་མི་རིགས་ཁྱད་ཆོས་ལྡན་པའི་དངོས་རྫས་དག་རེད"ཅེས་བཤད་བྱུང་།
ཚེ་བྷོའི་སེམས་ལ་མི་བཟོད་པའི་ན་ཟུག་ཅིག་བསླངས་ཤིང་། ཁོའི་མཐོང་ལམ་དུ་གྱུར་པ་ནི་གློག་གི་ཤེལ་ཏོག་གིས་འཚོས་པའི་ཤེལ་དམ་དུ་བཅུག་པའི་གཡག་སྒ། རྟ་སྒ། བཞོ་ཟེའུ། བཞོ་ལུང། ཕྱང་ལྭ། སྦྲ་ཆུང་། ཐང་ག……ཡང་ཚེ་ལོས་གཡོན་ལག་གིས་མཛུབ་སྟོན་བྱེད་བཞིན"འདི(འབྲོག་ཁྱིམ་ཚད་ལྡན་ཅན་གྱི་ཡོ་ཆས་སོགས)རང་སྡེ་བའི་ཨ་ཁུ་མགོན་པོ་སྐྱབས་ཚང་གིས་ངེད་ལས་ཁུངས་ཀྲུའུ་རིན་གཅོད་པ་ལ་འབྲེལ་གཏུག་བྱས་ནས་བཙོངས་པ་རེད། གོང་ཡང་བྲིན་ཡོད" ཟེར། ད་རུང་རྫོང་རིམ་པའི་བྱ་དགའ་ཡང་ཐོབ་ཡོད་ཟེར།
"ཚེ་ལོ་འགྲོ། ཡོང་ས་འཆུག་སོང་སོང་ནི་རེད"ཟེར་ཞོར་དུ་མྱུར་དུ་ཕྱིར་ལ་བུད། ཚེ་ལོའི་སེམས་སུ་འདི་མེ་ཐོག་ཆུ་སྣོན་གྱི་དཔེ་རུ་གྱུར་སོང་སྙམ་ནས་མྱུར་དུ་སྒོ་ཟྭ་བརྒྱབ་རྗེས་ཕྱི་ལ་མི་འབུད་ཀ་མེད་བྱུང་།
ཚེ་བྷོས་མགོ་ལ་ཕུར་ཕུར་བྱེད་བཞིན་དུ་ལག་མགོའི་ཆུ་ཚོད་བལྟས་དུས་ཆུ་ཚོད་བཅུ་གཅིག་ཡས་མས་ལ་བསླེབས་པས། འཚབ་འཚུབ་ངང་གློ་ཁུག་ལས་སྒོར་ཡོད་ཚད་ཕྱི་ལ་བླངས་ནས་རྩིས་འདང་གསལ་པོ་ཞིག་བརྒྱབ་སྟེ། ཁྲོམ་གཞུང་དུ་བཤམས་པའི་ཚོང་ཟོག་ལས་ལོ་གསར་གྱི་ཅ་ལག་ཉོ་སྐབས། ཚེ་ལོས་ཁྲོམ་གཞུང་འདུ་ལོང་གསེང་ནས་ཚེ་བྷོ་རྙེད་བྱུང་།
མངར་གསུམ་རིགས་རྫས། སིལ་ཏོག སྔོ་ཚོད ……
"ཚེ་ལོ་འགྲོ……"མི་རིགས་ཁྲོམ་སྲང་ནས་དར་ལྕོག་འགའ་ཉོས་ཏེ་མགྱོགས་པོར་ཡུལ་ལ་འགྲོ།
ཚེ་ལོས"འུན"ཟེར་བཞིན་འགྲོ་ལ་ཁད་དང་འདུག་ལ་ཁད་དུ་ཕ་དང་མཉམ་དུ་ཁྲོམ་སྲང་གི་འདུ་ལོང་ཁྲོད་དུ་ཞུགས།
ཉིན་གུང་གི་ཉི་ཐིག་གིས་འབྲོག་ཐང་གི་སྦྲ་ཆུང་ཕང་བར་བཟུང་སྟེ་ཕྱི་ཉིན་ལ་གྲ་སྒྲིག་བྱེད་བཞིན་ཡོད་ན་ཡང་། ཆོས་སྒྲོན་ཚང་སྔར་བཞིན་གྲ་སྒྲིག་ཅི་ཡང་མེད་པ་ཁྱིམ་ལས་ལ་བྲེལ་འདུག མདང་ནུབ་ཆོས་སྒྲོན་གཅིག་པུ་སྦྲ་ཆུང་གི་བདག་པོར་གྱུར་ན་ཡང་དོ་དགོང་ལ་འཁྲེང་སེམས་བློ་ཐག་ཆོད་པ་ཞིག་བཅངས་ཡོད་པ་སུ་ཞིག་གིས་ཤེས།
རྫོང་གྲོང་གི་ཉི་མ་ཡང་རྫོང་མཁར་གྱི་ཕ་གའི་ཤར་རྫ་རི་ཞེས་པ་དེ་དང་གྱེས་ལ་ཉེ་བའི་སྐབས་འདིར། ཚེ་ལོས་ཕྱིར་འགྲོ་བྱེད་ཅིག་ལ་སྟབས་འགྲིག་མིན་སྐོར་གྱི་བསམ་བློ་བཏང་། ཁོས་ཞོར་དུ་སྐྲ་བཞར་ཁང་ཞིག་བཙལ་མོད། ནམ་རྒྱུན་ཁོས་གཟའ་འཁོར་གཅིག་ལ་སྐྲ་ཚུགས་བརྗེས་ཤིང་སྐྲ་བཀྲུ་རྒྱུ་སོགས་ནི་གོམས་གཤིས་ཤིག་ཏུ་གྱུར་ཡོད་མོད། ཡིན་ཡང་དེ་རིང་ཁོས་ཁྲོམ་གཞུང་གི་གསེང་ནས་དེ་འདྲ་ཞིག་རྙེད་མ་བྱུང་།
ཁོས་དེ་རིང་ཉོས་པའི་དངོས་ཟོག་དག་ཁྱེར་ནས་སྟག་ལུང་འབྲོག་ཐང་ཕྱོགས་སུ་འགྲོ་སའི་བཞི་མདོ་རུ་ཆས། ཕལ་ཆེར་ཆུ་ཚོད་ཕྱེད་ཀ་ཙམ་དུ་བསྒུགས་རྗེས། སྟག་ལུང་འབྲོད་ཐང་གི་རུ་དཔོན་སྟོབས་ལྡན་གྱི་རླངས་འཁོར་ཐོན་བྱུང་། སྟོབས་ལྡན་གྱིས་ཕྱིར་ལོག་བཞིན་པ་ཨེ་ཡིན་ཞེས་དྲིས་པས། ཚེ་ལོས"ཁྱེད་གང་དུ་སོང་པ་ཡིན"ཞེས་ལྡོག་འདྲི་བྱས་བྱུང་། "ཨོ། དེ་སྔོན་སྟག་ལུང་རྩྭ་ཐང་དུ་བྱུང་པའི་ས་རྩོད་ཀྱི་གྱོད་གཞིའི་འདུམ་འགྲིག་གི་ཡིག་ཆ་ལེན་དུ་སོང་པ་ཡིན། འགྲོ……"
"……"
ཚེ་ལོ་ལྷས་སྒོར་འཛུལ་མ་ཐག་ཏུ"ཨ་ཕ། རྙིང་རལ་དུ་གྱུར་བའི་དར་ལྕོག་འདི་བརྗེ་ཁོམ་མ་བྱུང་ནི་ཨེ་རེད། ཁྱིམ་མཚེས་ཚང་མར་ལྟོས་དང་། མིག་རྫོབ་རེད་ཡ།"
"ཚེ་བྷོས་ཁྱོད་འདིས་གྲོང་ཁྱེར་ནས་ཆེ་ཆུང་དང་བརྩི་འཇོག་འདུ་ཤེས་ཚང་མ་བོར་སོང་ནི་ཨེ་རེད……"
ཆོས་སྒྲོན་གྱིས་དེ་སྐད་ཐོས་མ་ཐག་ཏུ་མངོན་མེད་ཀྱི་མིག་ཆུས་ངོ་གདོང་བརླན་པར་བཏང་བྱུང་ལ། ཁོ་མོ་སྦྲའི་ཕྱིར་བུད་ནས་བུ་ལོར་འཚམས་འདྲི་དང་སྣེ་ལེན་བྱེད་པའི་འདུན་པ་ནི་སྨག་རུམ་གྱིས་འོད་སྣང་བཞིན་དུ་ཡེ་ནས་བཅོམ་སོང་།
ཚེ་བྷོས་ཏ་ལེན་སར་གཡུགས་ཏེ་བུ་ཚེ་ལོའི་མདུན་དུ་སོང་སྟེ་བཤད་རྒྱུར། "ཁ་ངན་པས་ལུས་རྒོད་པོ་ཁྲིམས་ལ་སྦྱོར་ནི་རེད་ཅེས་བཤད་སྲོལ་ཡོད། ཁྱོད་འདི……།བྱ་རྒོད་པོ་ནམ་འཕང་བཅད་ཀྱང་འབབ་ས་བྲག་ཐེམ་སྟོང་བ་ཡིན་ཟེར་བའི་ཁ་དཔེ་དེ་ཨེ་ཤེས། ཁྱོད་འདིས་གཞན་ཡུལ་འགྲིམས་ནས་ཡུལ་ཕྱོགས་ཀྱི་དངོས་ཡོད་འཚོ་བ་བརྗེད་སོང་བ་ཨེ་རེད"ཅེས་རེ་ཐག་ཆད་པའི་ངང་ནས་དྲིས་བྱུང་། ཚེ་ལོའི་གདོང་ལ་བཅོས་མིན་གྱི་འཛུམ་ཞིག་བསྟན་ཏེ། "ག་ལ་ཡིན"ཞེས་ལན་བཏབ། ཆོས་སྒྲོན་གྱིས་དེ་སྐད་ཐོས་རྗེས་ཁོ་མོའི་སེམས་ཀྱི་འདུ་ལོང་སྙིང་རྩར་མནན་ཞིང། མགོ་བོ་རུམ་ལ་བཅུག་སྟེ་མིག་ཆུའི་ཆབ་རྒྱུན་གྱིས་ཁོག་པར་བརླན་བྱུང་། སྐབས་ཐོག་དེར་འབྲོག་སྡེ་དེའི་སློབ་བྱོལ་པ་རྐྱལ་སྟོང་གི་མཚན་བྱང་འཛིན་པའི་གསར་བུ་སྟེ། བསོད་ནམས་འབུམ་གྱིས་སྔོན་ཆད་སྐྱིད་ཀྱི་རྟ་ཕོ་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་འཁུར་བྱས་ནས་འཚར་ལོངས་བྱུང་བ་ཡིན་ཏེ། ཁོ་རང་གཉིས་ཕན་ཚུན་བར་ལ་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད། དེང་སང་ཁོ་རང་གིས་ག་རེ་གནང་གིན་འདུག་ཅེས་ཁ་ཚོན་བཅད་དེ་དོགས་མི་བདེ་བའི་ངང་ནས་སྦྲ་ཁྱིམ་དུ་འཛུལ། ཚེ་ལོས་ཨ་མ་ཆོས་སྒྲོན་གྱིས་ཆོ་ངེ་འདོན་བཞིན་པ་རིག་ནས། རང་སེམས་ལ་གནོང་འགྱོད་ཅིག་སྐྱེས་ཏེ། མགོ་བོ་ཨ་མའི་པང་ཁད་དུ་གཏད་ནས། "ལོ་གསར་རོལ་སྤྱད་དུ་ཅི་ཡང་མེད་པ་ཨེ་རེད། སང་ཉིན་ལ་གྲ་སྒྲིག་ཅི་ཡང་མེད་པ་ཡིན་ནམ།"
"……"
ཚེ་བྷོས་གདུགས་དཀར་དར་ལྕོག་ཅིག་ཉོས་ཡོད་པ་དེ་རྙིང་བར་བརྗེས་ཏེ་ཏ་ལེན་ཁྱེར་ནས་ནང་དུ་འཛུལ། ཁོས་ཆོ་ངེ་འདོན་དོན་འདི་ཡིན་གང་ཡིན་མ་ཤེས་པར། རྫིག་རྫིག་ངང་བཤད་རྒྱུར། "ད་ནི་དུས་ཚོད་གང་དུ་བསླེབས་འདུག ད་དུང་འདུག་རན་ཨེ་རེད། སྒོ་ཟོག་རེ་འགའ་བོ་སྡུད་རན་རེད། སང་ཉིན་ལོ་གསར་ཚེས་གཅིག་ཏུ་འཁེལ་འདུག་པ་མི་ཤེས་སམ"ཞེས་སྡིགས་བྱུང་། ཆོས་སྒྲོན་གྱིས་ཚིག་གཅིག་ཀྱང་མ་བཤད་པར་གློག་དཀར་རུམ་དུ་བཅུག་སྟེ་སྦྲའི་ཕྱི་ལ་བུད། ཚེ་བྷོས་ལག་པ་གཙང་མར་བཀྲུས་ཏེ། མཆོད་སྟེགས་ལ་གཙང་སྦྲ་ཐར་ཤ་ཆོད་པ་ཞིག་བྱས། ཚེ་ལོ་ཚ་ཐབ་ཏུ་གན་རྐྱལ་དུ་ལོག་ཅིང་། གློ་ཁུག་ལས་ཁ་པར་བླངས་ཏེ་ཡང་བསྐྱར་ད་ཐེངས་བཀོད་སྒྲིག་བྱས་པའི་ལས་གཞི་སྟེ། ཡུལ་དངོས་སུ་རྟོག་ཞིབ་དང་སང་ཉིན་གྱི་འཚམས་འདྲི་ཞུ་ཡུལ་ལ་ཞིབ་འདང་ལས་འདས་པའི་ཚིག་ཕྲེང་ཞིག་བཟོ་བཞིན་འདུག ཚེ་བྷོས་གདོང་ལ་མངོན་མེད་ཀྱི་ཁྲོ་ཉམས་ཤིག་བསྡུས་ཏེ་ཚེ་ལོར་མི་རབས་ལས་འདས་པའི་སྙིང་གཏམ་དང་བསྒྲགས་པའི་ཚིག་རྩུབ་གང་མང་ཞིག་གླེང་བྱུང་། ཁོའི་གདོང་ལ་སྡུག་གི་སྤྲིན་ནག་འཁྲུགས་རུང་ཐབས་ཟད་དེ་ཨམ་ཕྲག་ལས་ཀ་ར་དང་ཇ་ལོ། སྔོ་ཚོད་དག་ཕྱིར་བླངས་ཏེ་སྡེར་ཁ་དང་དགོང་ཟས་གྲ་སྒྲིག་གི་ལས་ལ་མ་ཞུགས་ཐབས་མེད་པའི་ཚོད་ལ་བཞག ཆོས་སྒྲོན་གྱིས་ཕྱིའི་ལས་ཀ་ཡོངས་རྫོགས་ལས་ཚར་ཏེ་ཁོག་པར་སྐྱི་གཡའ་བའི་བསམ་མནོ་མོད་པོ་ཞིག་ཡོད་པ་དེའང་སྒོ་ནས་བསྐྱུར་ཏེ་ནང་དུ་ལོག"ཨོ། ཚེ་ལོ་ཉིན་འགར་འདུག་ཁོམ་ཨེ་ཡོད"ཅེས་དྲིས་པ་ན། ཚེ་བྷོས་ཁ་ཚོན་བཅད་དེ"ཡོད་ནི་མ་རེད། ཁྱོད་ཀྱིས་ལྟོས་དང་ལོ་གསར་ལའང་ཡོང་དཀའ་བའི་ཚོད་རེད ……"
"……"
ཚེ་ལོ་ཐེངས་འདིས་བྱ་བའི་བཀོད་སྒྲིག་ཚང་མ་གཅིག་ཀྱང་མ་ལུས་པར་བཤད་བྱུང་། ཚེ་བྷོས་སང་ཉིན་ལ་འཆར་གཞི་བཟོ་བཞིན"ཡ། ཡར་ལ་སྡོད། དགོང་ཇ་འཐུང་ཚར་ནས་ད་བཤད།"ཚེ་ལོས་བཤད་རྒྱུར། "ཨ་མ་ད་ཐེངས་ང་རང་ཕྱིར་ལོག་སྐབས་ངེད་ཚང་གི་བླ་གཟི་གཅིག་པུ་ཁྱེར་ན་ཨེ་ཆོག ང་རང་ནི་བཟའ་ཚང་ཞིག་ཀྱང་སྒྲིག་རན་རེད། ངས་བླ་གཟི་གཅིག་པུས་ཁྱེད་ཚོར་བློར་རན་པའི་ཆུང་མ་ཞིག་བཙལ་ཡོང"ཞེས་ཚིག་རྒྱག་ཅིག་འཕང་བྱུང་། ཆོས་སྒྲོན་གྱིས་བཤད་པ་འདི་ལྟ་སྟེ། མོ་ལ་ཚེ་འདིར་རེ་བཞག་ཆེན་པོ་གཉིས་ཡོད། གཅིག་ནི་ཉི་གྲོང་ལྷ་སའི་ཇོ་བོར་ཐོད་པ་ཞིག་གཏུགས་རྒྱུ་དེ་ཡིན། གཉིས་ནི་ཚེ་ལོ་ཁྱོད་ཉིད་མི་གཞི་འཇོན་ཐང་ཅན་དང་ས་གནས་མང་ཚོགས་ལ་ཕན་ཐོགས་པའི་བུ་རྒོད་ཅིག་ཏུ་འགྱུར་རྒྱུ་དེ་ཡིན་ལ། གཡང་ཁྱིམ་སྒོ་ར་འདི་ནས་གཏན་གྱི་འདུན་པ་འཚུམས་པའི་ཁ་བཏོན་དགེ་སྦྱོར་ཞིག་བསྒྲུབ་ནས་ལུས་རོ་བམ་པོ་སྟེ་ཡངས་པའི་རྩྭ་ཐང་འདི་གའི་བྱ་རྒོད་ལ་གཏོང་རྒྱུ་དེ་ཡིན། ཚེ་བྷོས་ལག་གི་ཅ་ནེ་ཁྲོགས་སེ་ཅོག་ཙེའི་སྟེང་དུ་བཞག་སྟེ། "ཧུན། ད་རུང་ཆེན་པོ་དག་དག ཐ་ན་ཨ་ཁུ་བསོད་སྐྱབས་ཚང་གི་སྐྱེད་ཀ་ཡང་འཇལ་མེད། གཞན་ལ་ངོ་ཅི་ལྟར་ཐུག་རྒྱུ་ཡིན། གཞན་ཚང་མས་ཁྲལ་མེད་ཅེས་འབོད་པའི་མིང་བྱང་དེ་ཉོ་འདོད་པ་ཨེ་རེད"ཅེས་སྡིགས་བྱུང་། ཚེ་བྷོས་ལག་པ་ཨ་མའི་པང་ཁུག་ཏུ་བཞག་སྟེ། ང་ནི་ལས་བྱེད་པ་གསར་པ་རེད། དུས་རབས་གསར་པའི་ནང་གི་མི་ཡིན། ད་ནི་སྤྱི་ཚོགས་རྙིང་བ་མ་རེད། ངས་རང་ལ་ཇུས་གཞི་ཞིག་བཀོད་ཡོད་པ་ནི། ལོ་འགའི་རྗེས་ནས་རྫོང་ཐོག་ནས་ཁང་པ་ཞིག་ཉོ་རྩིས་ཡོད། དེ་བཞིན་དུ་ཁྱེད་གཉིས་ཀྱིས་ནོར་ལུག་བཙོང་སྟེ་རྫོང་ཐོག་ཏུ་གཞིས་སྤར་རྒྱུ་དེ་ཡིན། དེང་སང་གི་འགྲོ་ལུགས་དེ་འདྲ་ཙམ་དུ་གྱུར་ཡོད་པ་མིག་མཐོང་ལག་ཟིན་རེད། སྐད་ཆ་དེས་ཁོ་རང་ཚོར་གྲགས་རྒྱུ་མེད་པར་བཏང་ཞིང་། དགོང་ཇ་དེ་ཡང་སྔར་ནས་ཁ་ཚ་བ་དང་སྐྱུར་མོ་ཞིག་ཏུ་བཏང་ངོ་། །