ཁམས་ཀྱི་སྲིང་མོ་རྫོང་གི་གནས་རི་ངོ་སྤྲོད།

དབང་ཆེན་གྱིས་བྲིས་ཤིང་པར་མཁོ་འདོན་བྱས། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 03-01


དང་པོ། རང་བྱུང་ཁོར་ཡུག་གི་ཁྱད་པར་བརྗོད་པ།

        ཁམས་ཀྱི་སྲིང་མོ་རྫོང་ཞེས་པའི་གནས་རི་དེ་ནི་འབྲི་ཀླུང་དལ་གྱིས་འབབ་པའི་གཡས་ཕྱོགས་ད་ལྟའི་དཀར་མཛེས་ཁུལ་དཔལ་ཡུལ་རྫོང་ནས་བར་ཐག་ལེ་དབར་བརྒྱད་ཅུའི་རྒྱང་པའི་ས་མཚམས་སྔོན་ས་སྐྱོང་ཆོས་རྒྱལ་ཆེན་པོ་སྡེ་དགེ་རྒྱལ་པོའི་གདན་སའི་ཤར་ཕྱོགས་ཉི་ཟླའི་གསེང་ལམ་ནས་ས་འཛིན་པདྨ་བཀྲམ་པ་ལྟ་བུའི་མཐའ་ནས་བསྐོར་ཞིང་ལ་བཞིའི་མཚོན་པའི་ཡུལ་གྲུ་འཛིང་ཁོག་གི་སའི་ཆར་གཏོགས་སུ་ཡོད་ལ། ཝ་ཤུལ་བཀྲ་ཤིས་ཁྲོཾ་གྱི་ཡུལ་ལྗོངས་ནས་གསེར་གྱི་བྱེ་མ་གཡོན་དུ་འདྲེན་པའི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་གཙང་ཆབ་དལ་འགྲོ་སྔོན་མོའི་དྲག་ཞུན་སྤེལ་མའི་འབབ་རྒྱུན་མདུན་ནས་བཞུར་ཞིང་། དམར་ཆེན་དྲག་པོའི་གཏོར་ཟོར་གྱེན་དུ་འགྲེང་བ་ལྟ་བུའི་རང་བྱུང་གི་གྲུབ་པའི་སྨུག་ནག་བྲག་རིའི་ཁང་བཟང་མཁའ་ལ་ཟུག་པ། ནགས་ཀླུང་ཚང་ཚིང་ཙནྡན་སྨན་གྱི་ལྗོན་པ་སྟུག་པོ་འཁྱིལ་བའི་ཀློང་ནས་དྲི་བཟང་ལྷ་ཤིང་ཤུག་པའི་སྤོས་དྲི་ཐུལ་བ། དབྱར་དུས་སུ་ཆུ་སྐྱེས་དང་ཐང་སྐྱེས་སོགས་མེ་ཏོག་དཀར་དམར་མཐིང་གསུམ་གྱི་ཚོམ་བུ་བཀྲ་ཞིང་ལྗོན་ཤིང་ཡལ་འདབ་རྒྱས་པའི་བསིལ་གྲིབ་ཀྱི་ལྡིང་ཁང་ཕུབ་པ། སུར་དཀར་དངུལ་གྱི་མེ་ཏོག་་བཞད་པའི་ཟླ་ལ་སུར་ནག་གསེར་གྱི་འདབ་སྟོང་བཀྲ་བའི་དྲི་བཟང་དང་འགྲོགས་པའི་འཇམ་གཉེན་ལྕུག་ཕྲན་བསྣོལ་མས་ཐགས་སུ་བྲེས་པའི་ར་བ་ན་འདབ་ཆགས་སྣ་ཚོགས་ཀྱི་སྐད་སྙན་འབྱིན་པའི་གདངས་སུ་དབྱངས་ཀྱིས་སྙད་པའི་མི་རྟག་པ་དང་སྡུག་བསྔལ་གྱི་ཆོས་སྒྲ་སྒྲོགས་པས་འཁོར་བ་ལ་ངེས་འབྱུང་སྐྱེ་བའི་རྒྱུད་སྐུལ་བར་བྱེད་པ། ལྗོན་ཤིང་གཡུ་ལོ་རྒྱས་པའི་ཡལ་གའི་རྩེ་ནས་སྲོག་ཆགས་སྤྲ་དང་སྤྲེའུས་ཡང་རྩལ་འགྲན་སྟེ་བདེ་སྐྱིད་ཀྱི་དཔལ་ལ་རོལ་པ། དབེན་གནས་དེའི་ཕྱོགས་ཀུན་ཏུ་རི་དྭགས་ཤ་རྣ་དགོ་གསུམ་གྱི་སྤུ་སྡུག་མང་པོའི་རང་དགར་རྩྭ་ཆུའི་གཟན་ཆས་ལ་འཚེ་མེད་ཞི་བདེའི་དཔལ་ལ་ཇི་དགའ་ལོངས་སུ་སྤྱོད་པའི་སྐལ་བ་དང་ལྡན་པ། རང་བྱུང་བྲག་རིའི་བརྩེགས་པའི་ཁང་བཟང་གི་མཐའ་ནས་ནགས་ཀླུང་རྒྱ་མཚོ་འཁྱིལ་བས་བསྐོར་བའི་ཀློང་དུ་སྲོག་ཆགས་སྟག་གཟིག་དམ་དྲེད་སོགས་མཆེ་སྡེར་གྱི་གཅན་གཟན་མང་པོའི་ངར་སྒྲ་འབྱིན་ཞིང་རྒྱུག་ཅིང་མཆོང་བའི་དཔའ་རྩལ་འགྲན་པ། གནས་རི་དེའི་ཉེ་འདབས་སུ་མཛེས་སྡུག་ལྡན་པའི་སྤང་ལྗོངས་ཡངས་པའི་ཐང་ཆེན་གྱི་མཐའ་ནས་ཟབ་ཡངས་རྒྱ་མཚོ་འཁྱིལ་བའི་ཆུ་གཏེར་གྱི་ཀློང་ནས་མ་དྲོས་ཀླུ་ཡི་ཞལ་རླངས་ན་བུན་སྟུག་པོར་འཐིབས་ཤིང་མཁའ་ལ་འཁྲིགས་པའི་རི་རྩེར་ཆུ་འཛིན་གཡོ་བའི་ལྡིང་ཁང་གི་གསེབ་ནས་ལྷ་ཡི་སྦྲང་ཆར་སིལ་མས་སྐྱེ་དངོས་རྣམས་ལ་སྨན་པའི་ཁྲུས་གསོལ་མཛད་པ། དགུན་གསུམ་ལྗོན་ཤིང་ཡལ་འདབ་རྒྱས་པའི་རྩེ་ནས་ཁ་བའི་འདབ་མས་གོས་སུ་འཐགས་པའི་རྐང་འཐུང་རྣམས་དཀར་འཇམ་ཡུག་གཅིག་ཏུ་བརྡལ་བའི་ས་འཛིན་གྱི་གོས་དཀར་ཀླུབས་པ། གྲང་ངར་གྱི་ལྷག་རླུང་དང་ལྡང་བའི་དལ་འགྲོ་གཙང་ཆབ་སྔོན་མོ་སྦུབས་སུ་འཐུམ་པའི་ཤེལ་དཀར་གྱི་དར་ཟམ་འཛུགས་པ། ལྗོན་བཟང་གི་ཡལ་ག་དུད་པའི་ཕྱག་ནས་ཁ་དོག་སྣ་ཚོགས་པའི་རང་བྱུང་ཤིང་བལ་གྱི་དར་ཟབ་རླུང་གིས་གཡོ་བས་མགྲོན་པོའི་ཚོགས་ལ་གུས་འདུད་ཀྱིས་བསུ་མ་ཞུ་བ་མཚོན་པ། སྟོན་གསུམ་རི་ཀླུང་གསེར་མདོག་གི་ཁོར་ཡུག་གཅིག་ཏུ་ཟླུམ་པའི་ལྗོན་ཤིང་གི་རྩེ་ནས་འབྲས་བཟང་ཡལ་ག་ཁུར་གྱིས་དུད་པའི་ཁམ་བུ་དང་རྒུན་འབྲུམ་སོགས་རང་བྱུང་ཁམས་ཀྱི་རྩི་བཅུད་སྨན་གྱི་འབྲས་བུ་དུས་སུ་སྨིན་ཅིང་། དྲི་བཟང་བྲོ་བས་སྡེབ་པའི་རི་སྐྱེས་ཚོད་རུག་སྔོ་ཚལ་སོགས་ཕུན་སུམ་ཚོགས་པའི་འཚོ་བ་ལ་ཇི་དགའ་རོལ་བའི་སྐལ་བ་དང་ལྡན་པ། དཔྱིད་གསུམ་དྲི་གཞོན་དལ་གྱིས་སྐུལ་བའི་རེག་བྱའི་ཚོར་བས་སྐྱེ་དངོས་རྣམས་ལ་ཚེ་སྲོག་གིས་གསོན་ཤུགས་བརྟས་པའི་རྩི་ཤིང་ནགས་ཚལ་རྣམས་བདེ་དྲོད་ཀྱི་ཁ་འབུས་ཏེ་འཛུམ་ཟེར་གྲོལ་བའི་མདངས་ལ་མོན་གྱི་བུ་མོ་དུང་བའི་ཆགས་པས་མ་བཟོད་པར་མཐོ་གསུམ་ལྷུན་པོའི་རྩེ་ནས་ཀུ་ཧུ་རིང་མོའི་གཏམ་གྱིས་མགྲིན་པའི་སྒྲ་དབྱངས་གདངས་སུ་གྱེར་བའི་ས་གསོས་སེམས་པའི་ངག་གི་འདོད་འཇོ་ཐོས་འཛིན་བུ་མོའི་བདུད་རྩིའི་དཔལ་དུ་སྒྲོག་པར་བྱེད་པའོ།

གཉིས་པ། བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བའི་གནས་ཀྱི་ཁྱད་པར་བརྗོད་པ།
        སྔོན་ཚེ་རྡོ་རྗེ་གཞོན་ནུའི་བཀའ་ཡི་བསྲུང་མར་བསྐུལ་ཞིང་ཁྱད་པར་དུ་ཨོ་རྒྱན་ཆེན་པོ་པདྨ་འབྱུང་གནས་ཀྱི་མ་འོངས་བསྟན་བསྲུང་གཙོ་མོ་ལུང་གི་བསྔགས་པ་ལྟར་རྫོགས་པ་ཆེན་པོ་སེམས་ཉིད་ངལ་གསོའི་ཡེ་ཤེས་ཀྱི་ཟློས་གར་སྙིགས་དུས་འགྲོ་བ་འདྲེན་པའི་ཐུགས་རྗེའི་གཟུགས་སྐུ་བཞེངས་པའི་ཟབ་བརྒྱའི་གཏེར་ལ་མངའ་དབང་བསྒྱུར་བའི་རིག་འཛིན་ཆེན་པོ་འགྲོ་འདུལ་གར་དབང་གླིང་པའམ་སཱུརྱ་ཀིརྟི་ཞེས་མཚན་སྙན་གྱི་བ་དན་སྲིད་པ་གསུམ་ན་སྒྲོན་པའི་དཔལ་གང་གིས་དམ་ལ་གནས་ཤིང་སྲིན་པོ་འདུལ་བའི་རྫོང་ལ་གནས་བཅས་པའི་བཀའི་བསྲུང་མ་ཆེན་མོ་གནས་བདག་མཁའ་འགྲོ་ཡོངས་ཀྱི་གཙོ་མོ་འཁོར་བཀའ་གཉན་ཕོ་ཉ་ཡང་སྤྲུལ་མ་མོ་བྱེ་བའི་ཚོགས་དང་བཅས་པའི་བསྟི་གནས་རྡོ་རྗེ་སྲིང་རྫོང་རྒྱལ་མོ་ཞེས་གནས་ཁྱད་པར་ཅན་དེ་ཉིད་དུ་གཙང་ཕྱྭ་ཐུ་ཅན་དང་གཏེར་སྟོན་ཆེན་པོ་བདུད་འདུལ་རྡོ་རྗེ་སོགས་སྔོན་བྱོན་སྐྱེས་ཆེན་རྣམས་ཀྱི་སྒྲུབ་གནས་དམ་པ་ཡིན་ཞིང་། གནས་རི་དེའི་ཤར་ངོས་རི་སྐེད་ན་རང་བྱུང་སྒྲུབ་ཕུགས་བྲག་རིའི་ཁང་བཟང་དང་ཆུ་མིག་སོགས་མཇལ་རྒྱུ་ཡོད་ལ་དེའི་ཉེ་འཁོར་རྣམས་སུ་འབྲུ་གསུམ་ས་བོན་དང་རྡོ་རྗེ་དང་དྲིལ་བུ་རལ་གྲི་འཁོར་ལོ་པདྨ་སོགས་རིགས་ལྔའི་ཕྱག་མཚན་དང་ཞབས་རྗེས་དང་ཕྱག་རྗེས་མཆོད་རྟེན་སོགས་རང་བྱོན་གྲངས་མེད་པར་མཇལ་རྒྱུ་ཡོད་ལ། གཞན་ཡང་རི་འདབས་གཙང་པོའི་ཉེ་འགྲམ་ན་གནས་བདག་དེའི་ཁྲུས་གསོལ་མཛད་སྤྱད་ཀྱི་རང་བྱུང་ཤེལ་ལྟར་འཚེར་བའི་རྡོ་ཡི་གཞོང་པ་མི་ཤོང་གཉིས་ཙམ་ཞིག་མཇལ་རྒྱུ་ཡོད་པ་དང་། གནས་རི་དེའི་མཐའ་འཁོར་དུ་དུར་ཁྲོད་དང་མཆོད་རྟེན་ཆུ་མིག་སོགས་ཐུན་མོང་མ་ཡིན་པའི་ངོ་མཚར་གྱི་བཀོད་པ་ཅན་དུ་མ་མཇལ་རྒྱུ་ཡོད་ལ། སྔོན་བྱོན་སྐྱེས་ཆེན་དམ་པ་དཔལ་ས་སྐྱའི་བདག་ཆེན་རྡོ་རྗེ་འཆང་ཆེན། འཇམ་དབྱངས་མཁྱེན་བརྩེ་དབང་པོ་དང་ཆོས་ཀྱི་བློ་གྲོས་འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱལ་མཚོ་ཉི་གྲགས་གཏེར་ཆེན་རིམ་བྱོན་རྣམས་དང་ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེ། རྒྱལ་སྲས་ཆེན་པོ་འགྱུར་མེད་རྡོ་རྗེ་ཐུབ་བསྟན་པདྨ་ཕྲིན་ལས་སོགས་ཀྱི་ཞབས་ཀྱི་བཅགས་ལ་བྱིན་རླབས་ཀྱི་ཚན་ཁ་མ་ཡལ་བར་མཐོང་ན་མི་མཐུན་པ་མེད་ཅིང་ཤིན་ཏུ་ཉམས་དགའ་བར། གནས་དེར་ཐུགས་ཀྱི་དམ་ཚིག་ཡང་དག་པར་བསྟན་ལ་འཇོག་ཅིང་ཡུད་ཙམ་གཞག་ཙ་ན་བདེ་གསལ་མི་རྟོག་པའི་ཉམས་དངོས་སུ་འཆར་བ། མཁའ་སྤྱོད་དང་ས་སྤྱོད་ཀྱི་ཞིང་དངོས་དང་རྣམ་དབྱེར་མེད་པ། ས་དེར་སླེབས་ན་གང་ཟག་ཕལ་པ་ཡིན་ཀྱང་སྣང་བ་འགྱུར་བ། ལས་དང་སྐལ་བ་ལྡན་པའི་གང་ཟག་རྣམས་ལ་ཉམས་རྟོགས་ཁྱད་པར་ཅན་རྒྱུད་ལ་སྐྱེ་བ་ལྟ་ཅི་སྨོས། དེ་ལྟ་བུའི་གནས་ཕུན་སུམ་ཚོགས་པ་དེར་ཁམས་ཀྱི་གནས་ཆེན་རྡོ་རྗེ་སྲིང་མོ་རྫོང་ཞེས་ཡོངས་སུ་གྲགས་པའོ།།
གསུམ་པ། གནས་དེར་ཡུལ་དུས་དང་བསྟུན་པའི་ཆོས་ལུགས་དང་དམངས་སྲོལ་གྱི་བྱེད་སྒོ་ཇི་ལྟར་སྤེལ་བ།

        གནས་དེར་ཚེས་གསུམ་དང་བཅོ་ལྔ་གནམ་སྟོང་སོགས་དུས་ཁྱད་པར་ཅན་དང་བསྟུན་ཏེ་ཡུལ་ལྷ་གསོལ་མཆོད་རླུང་རྟ་བསང་གསེར་སྐྱེམས་སོགས་སྐྱ་སེར་སྐྱེ་བོ་ཕོ་མོ་ཡོངས་ཀྱི་སྲོལ་རྒྱུན་ལྟར་བྱེད་སྒོ་སྤེལ་བ་དང་། རྔ་དང་རོལ་མོ་དང་སིལ་སྙན་ཁ་རྔ་ཅང་ཏེའུ་དྲིལ་བུ་དུང་རྒྱ་གླིང་སོགས་རོལ་མོའི་བྱེ་བྲག་སྟེ་སྒྲ་སྙན་སྣ་ཚོགས་ཀྱི་ཤབྡའི་མཆོད་པ་དང་། ཞལ་ཟས་དང་ལྷ་ཡི་བཤོས་བུ་དཀར་དམར་སོགས་མ་ཧཱ་བ་ལིཾ་ཏ་ནེེ་ཝེ་དྱེའི་མཆོད་པ་དང་། ཆང་དང་འོ་ཞོ་སོགས་དམ་རྫས་བདུད་རྩིའི་ཕུད་ཀྱིས་ཨ་མྲྀ་ཏའི་མཆོད་པ་དང་། མར་མེ་དང་མེ་ལོང་རྡོ་རྗེའི་གར་སོགས་གཟུགས་ཀྱི་བྱེ་བྲག་གི་ཁྱད་པར་ཨཱ་ལོ་ཀེའི་མཆོད་པ་དང་། གསེར་དངུལ་ཟང་ལྕགས་སོགས་རིན་པོ་ཆེའི་རིགས་བདུན་ཆའི་སྣོད་ཀྱིས་བཀང་བའི་མཆོད་ཡོན་ཁྱད་པར་ཅན་ཨརྒྷཾ་གྱི་མཆོད་པ་དང་། མེ་ཏོག་ཁ་དོག་སྣ་ཚོགས་ཀྱི་ཕྲེང་བ་དང་ཚོམ་བུ་བྱས་པ་པུཥྤེའི་མཆོད་པ་དང་། གུ་གུམ་དང་ཛ་ཏི་ཨ་ག་རུ་ཙནྡན་དཀར་དམར་གྱི་དྲི་ཆུ་སྟེ་གྷནྡྷེའི་མཆོད་པ། སུར་དཀར་དང་སུར་ནག་བ་ལུ་ཁན་པ་ཤུགས་པ་འབོ་ལོ་དྲི་བཟང་གདུག་སྤོས་དམ་པའི་དུད་སྤྲིན་ས་དང་བར་སྣང་ནམ་མཁའི་ཁམས་ཐམས་ཅད་ཡོངས་སུ་ཁྱབ་པའི་དྷུ་པེའི་མཆོད་སྤྲིན་འཁྲིགས་པ། གདུག་དང་རྒྱལ་མཚན་བ་དན་བླ་བྲེ་སོགས་མཆོད་པའི་ཡོ་བྱད་བསམ་གྱིས་མི་ཁྱབ་པས་ཉེ་བར་མཆོད་པའི་དགའ་སྟོན་དང་འབྲེལ་བསང་མཆོད་འདོད་དགུའི་ཡོ་བྱད་ཟད་མི་ཤེས་པའི་གཏེར་ཆེན་པོའི་མཆོད་པར་བྱས་པ་ཡིན་ལ། ཇོ་སེར་རྣམས་ཀྱིས་རིག་འཛིན་ཆེན་པོ་འགྲོ་འདུལ་གར་དབང་གླིང་པས་དག་སྣང་ཐུགས་གཏེར་བཞེངས་པའི་དཔལ་ཆེན་མའི་བསང་ཡིག་འདོན་པ་ནི་འདི་ལྟར་ཏེ། བྷྱོ༔ དཔལ་ཆེན་ཁྲག་འཐུང་བཀའ་སྡོད་མ། །སྲིང་རྫོང་རྒྱལ་མོ་འཁོར་དང་བཅས། །རིག་འཛིན་བདག་གིས་མགྲོན་དུ་འབོད། །ཚུར་བྱོན་ཚུར་བྱོན་དམ་ཅན་མ། །བསྟན་པ་བསྲུང་ཕྱིར་གཤེགས་སུ་གསོལ། །

        དགྱེས་པའི་ཚུལ་གྱིས་བཞུགས་སུ་གསོ། །འབྲུ་སྣ་བཅུད་ལྡན་བཤོས་བུ་དང་། །ཀར་མངར་མམ་ས་བཟའ་ཡི་ཚོགས། །ཇ་ཆང་འོ་ཞོ་བཏུང་བའི་མགྲོན། །ཟག་མེད་བདུད་རྩིའི་བྱིན་གྱིས་རློབས། །འཛིན་ཕྱོགས་ཡུལ་ལྷ་དབང་མོ་ཆེ། །སྲིང་རྫོང་རྒྱལ་མོ་འཁོར་བཅས་མཆོད། །བཞེས་ཤིག་རོལ་པའི་མངའ་གསོལ་ལོ། །རྣམ་བཞིའི་ཕྲིན་ལས་བསྒྲུབ་པར་མཛོད། །སྔོན་ཚེ་རྡོ་རྗེ་གཞོན་ནུའི་བཀའ། །བར་དུ་ཨོ་རྒྱན་ཆེན་པོའི་ལུང་། །ཐ་མ་རིག་འཛིན་རྒྱུད་པའི་མཆིད། །དེ་རིང་བདག་གིས་བགོ་བའི་ལས། །མ་མོ་ཆེན་མོའི་བསྒྲུབ་པར་འཚལ། །རྒྱལ་བསྟན་སྤྱི་དང་ཁྱད་པར་དུ། །ཨོ་རྒྱན་ཆེན་པོའི་རིང་ལུགས་འདིར། །དར་ཞིང་རྒྱས་པའི་ཕྲིན་ལས་མཛོད། །བསྟན་འཛིན་སྐྱེས་བུ་དགེ་འདུ་སྡེ། །འཕེལ་ཞིང་ཀུན་ལ་རྒྱས་པར་མཛོད། །གཞིས་བྱེས་ལམ་གསུམ་ཐམས་ཅད་ལ། །ཁ་འཛིན་སྡོང་གྲོགས་དཔུང་གཉེན་མཛོད། །དགྲ་སྡོད་བྱད་མ་དམ་སྲི་རྣམས། །མ་ཆེན་ཁྱེད་ཀྱིས་ཚར་གཅོད་ཅིང་། །མི་ནད་ཕྱུག་ནད་ཡམ་ནད་སོགས། །ཞི་ཞིང་ཡུལ་ཁམས་བདེ་བར་མཛོད། །

        མཐའ་འདྲེ་མཐའ་མི་མཚམས་ཆོད་ལ། །སྦས་ཡུལ་བསྲུང་ཞིང་བཙན་པ་དང་། །ལྷ་མོ་མཐིང་མཛད་ནོར་བུམ་མ། །མཚན་དུ་གསོལ་ཞིང་ཁྱད་དུ་འཕགས། །རང་ཅག་གནས་མགྲོན་དམ་ཚིག་སྲུངས། །འཕྲལ་ཡུམ་བདེ་སྐྱིད་ལྡན་པར་མཛོད། ཅེས་གསུངས་ཤིང་མཆོད་བསྟོད་བྱས་སོ།

མཇུག་བསྡུ་བའི་གཏམ།
        གོང་དུ་ཞུས་པའི་ཁམས་ཀྱི་སྲིང་མོ་རྫོང་གི་གནས་ཀྱི་ཁྱད་པར་དེ་དག་ཐུན་མོང་གི་སྣང་ངོར་མཚོན་བྱེད་ཙམ་བརྗོད་པ་བྱས་ཡོད་ལ་ཐུན་མོང་མ་ཡིན་པའི་སྔོན་གྱི་གྲུབ་པ་ཐོབ་པའི་རྣལ་འབྱོར་ཕོ་མོ་རྣམས་ཀྱི་ཉམས་སྣང་དང་འབྲེལ་བའི་རྟོགས་བརྗོད་ངོ་མཚར་ཅན་དུ་མ་ཡོད་པ་རྣམས་སྐབས་འདིར་བཏང་སྙོམས་སུ་འཇོག་པ་ལས་སྤྲོས་པའི་ངལ་བ་མ་བྱས་པས་དེ་དག་ཤེས་པ་འདོད་ན་ཉི་གྲགས་གཏེར་ཆེན་གྱི་གསུང་འབུམ་དུ་ཞལ་གསལ་བར་ཡོད་པས་དེ་ཉིད་དུ་གཟིགས་པ་གྱིས་ཤིག་ཅེས་སྐུལ་བའོ།། ཞེས་པ་ནི་འཛིང་ཕྱོགས་སུ་ཁམས་ཀྱི་སྲིང་མོ་རྫོང་གི་གནས་ཡིག་བསྡུས་པ་འདི་ནི་ཡུལ་ཕྱོགས་དེའི་ཉེ་གནས་སུ་སྐྱེས་པའི་འདུལ་བ་དང་མདོ་སྡེ་མངོན་པ་སྟེ་སྡེ་སྣོད་གསུམ་དང་། བྱ་རྒྱུད་དང་སྤྱོད་རྒྱུད་རྣལ་འབྱོར་དང་རྣལ་འབྱོར་བླ་མེད་ཀྱི་རྒྱུད་སོགས་རྒྱུད་སྡེ་ཆེན་པོ་བཞི་དང་། སྒྲ་དང་སྙན་ངག་སྡེབ་སྦྱོར་སོགས་རིག་པའི་གནས་མཐའ་དག་ལ་བརྩོན་པའི་གོ་བགོས་ཤིང་མི་འཇིགས་པའི་སྤོབས་པ་ཐོབ་པའི་འཇམ་དབྱངས་ཡོན་ཏན་ཕུན་ཚོགས་སམ་ཐ་སྙད་དུ་དབང་ཆེན་ཞེས་འབོད་པ་དེས་ཤར་མ་ཐག་བྲིས་པའོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1