ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་རུ་འཚོགས་པ།
མཁའ་འགྲོ་མཚོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 02-06
ཟླ་2པའི་ཚེས་5ཉིན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ཁྲེང་ཏུའུ་ནས་འཚོགས། ཚོགས་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱ་དགོས་པ་མ་ཟད། སྒོས་སུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། རང་རེའི་ཞིང་ཆེན་གྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་ཀར་བཀོད་སྒྲིག་གནང་བ་རེད། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཏུང་མིང་གྲོས་ཚོགས་ལ་ཞུགས་ནས་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་དབྱི་ལི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་ཁོ་ཙུང་ཕིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་བཅས་གྲོས་ཚོགས་ལ་ཞུགས་པ་རེད།
ཝང་ཏུང་མིང་གིས་མིག་སྔར་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ནང་། རང་རེའི་ཞིང་ཆེན་གྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གནང་བར་སྐུལ་སྤེལ་གཏོང་བའི་སྤྱིའི་བླང་བྱ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་དོན་འཁྱོལ་བྱ་རྒྱུ་དང་། བློ་སེམས་གཅིག་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དེ་མཛུབ་སྟོན་བྱས་ཏེ། འདུ་ཤེས་བཞི་ལ་ཤུགས་སྣོན་རྒྱུ་དང་ཡིད་ཆེས་བཞི་བརྟན་པོ་གཏོང་བ། ཏང་གིས་ཁྱོན་ཡོངས་ནས་འགོ་ཁྲིད་བྱེད་པར་རྒྱུན་འཁྱོངས་དང་ཤུགས་སྣོན་རྒྱུར་དམ་པོ་དམིགས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་དང་ཏང་ཡོངས་ཀྱི་སྲོག་ཤིང་ལྟ་བུའི་གོ་གནས་སྲུང་སྐྱོང་བྱེད་པར་དམ་པོ་དམིགས་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་ཕྱོགས་བསྡུས་སྒོས་གཅིག་གྱུར་གྱི་འགོ་ཁྲིད་ལ་དམ་པོ་དམིགས་པ་བཅས་ལ་བརྟེན་ནས་ཏང་གིས་ཏང་དོ་དམ་དང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་གནང་བར་རྒྱུན་འཁྱོངས་བྱ་རྒྱུ། དུས་རབས་གསར་པའི་ནང་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་བླང་བྱ་ངོས་འཛིན་བྱེད་པ་དང་། གཅིག་གྱུར་དྲུག་གི་ནང་དོན་གྱི་བླང་བྱར་ངོས་འཛིན་བྱེད་པ། ཚོད་དཔག་དམའ་མོ་བྱ་མི་རུང་བ་གསུམ་གྱི་གནས་བབ་ལ་བརྡར་ཤ་གཅོད་རྒྱུར་ངོས་འཛིན་བྱས་ཏེ། ཏང་གི་ཆབ་སྲིད་འཛུགས་སྐྲུན་བྱེ་རྒྱུ་དེ་བཀོད་འདོམས་དང་ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྲུན་ཁག་སྐུལ་སྤེལ་གཏོང་གང་ཐུབ་བྱས་ནས་བློ་ཐག་རྦད་ཆད་ཀྱིས་རུལ་སུངས་ལ་ཆད་གཅོད་དང་། སྤྱོད་བཟང་སྒྲིག་ནན་གང་ལེགས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཆབ་སྲིད་རྣམ་པ་བཟང་པོ་སྔར་ལས་སྲ་བརྟན་དང་འཕེལ་རྒྱས་སུ་གཏང་རྒྱུ་། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་གསར་སྐྲུན་ནུས་པ་དང་གཅིག་སྒྲིལ་ནུས་པ། དམག་འཐབ་ནུས་པ་བཅས་ལ་སྔར་ལས་ཤུགས་སྣོན་དང་། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ལས་དོན་སྒྲུབ་པ་དང་ལས་སྐྲུན་བྱེད་པའི་ཧུར་བརྩོན་རང་བཞིན་དང་རང་བདག་རང་བཞིན། རང་རྟོགས་རང་བཞིན་བཅས་སྔར་ལས་སྐུལ་སློང་བྱས་ནས་སི་ཁྲོན་བཅོས་སྐྱོང་དང་སི་ཁྲོན་དར་རྒྱས་གཏང་རྒྱུ་ཡང་བསྐྱར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་དང་། མགྱོགས་མྱུར་སྒོས་མཛེས་སྡུག་འབྱོར་ཕྱུག་ལྡན་པའི་འཆམ་མཐུན་སི་ཁྲོན་འཛུགས་སྐྲུན་བྱེད་པར་ཆབ་སྲིད་ཀྱི་ཁག་འཁུར་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་ནན་གྱིས་བསྟན་པ་རེད།།
དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1