སྤྱི་ལོ་1799ལོར། བོད་དུ་ཆབ་མདོ་མན་ཆད་དང་རྒྱལ་མོ་ཚ་བ་རོང་ཡན་ཆད་མངའ་དབང་བསྒྱུར་མཁན་ཞིག་སྐྱེས། ཁོང་གི་མཚན་ལ་ཉག་སྐེད་མགོན་པོ་རྣམ་རྒྱལ་ཟེར་པ་དང་གཞོན་པའི་དུས་སུ་གཡུལ་དངོས་ནས་མིག་ཡ་གཅིག་ལ་རྨས་སྐྱོན་ཤོར་ནས་བུ་ལོང་མ་ཞེས་པའི་ཟུར་ཟའི་མིང་ཡང་ཐོགས། ཉག་རོང་རྫོང་ལོ་རྔ་ཡུལ་ཤོག་གི་མི་ཡིན་ལ། (ཇ་བཟི་ནས་ཡིན་ཞེས་ཀྱང་བྲིས་པ་འདུག) ཆུང་དུས་ནས་བྱིས་པ་གཞན་དང་མི་འདྲ་བའི་གཤིས་རྒྱུད་གྱོང་པོ་ཡོད་ཅིང་། ངོ་མདོག་དམར་ནག་ཅན་དང་གཟུགས་སྟོབས་ཆེ་བ། ཀུན་སྤྱོད་མི་ཕལ་བ་དང་འདྲ་ཡང་། དགྲ་བོའི་ཐོག་ཏུ་སྙིང་རྗེ་སྤུ་ཙམ་ཡང་མེད་པར། གཡུལ་ལ་ཞུགས་པའི་སྐབས་སུ་མིག་གིས་མཐོང་ཚད་གསོད་དགོས་ཟེར་མཁན་ཞིག་ཡིན་པར་བརྗོད། མགོན་པོ་རྣམ་རྒྱལ་སྐྱེས་ནས་ཡུན་མ་འགོར་པར་ཕ་ཡིས་ཁྱེར་ནས་ཀ་ཐོག་དྲི་མེད་ཞིང་སྐྱོང་རིག་འཛིན་འཇིགས་མེད་མགོན་པོ་དང་མཇལ། མིང་མགོན་པོ་རྣམ་རྒྱལ་བཏགས། གཏེར་སྟོན་བཟང་པོ་རྡོ་རྗེ་དང་ཁྲོ་ཟུར་སྐལ་བཟང་ལྡེའུ་བཙན་གཉིས་ཀྱིས་བདུད་ཀྱི་སྤྲུལ་པ་རེད་གསུངས། ཁྲོམ་གྲུབ་ཐོབ་དང་ཉག་བླ་པདྨ་བདུད་འདུལ་གཉིས་ཀྱིས་མགོན་པོ་ཚོགས་ཀྱི་བདག་པོའི་སྤྲུལ་པ་ཡིན་ཞེས་གསུངས། ཁོང་གིས་མངའ་དབང་དུ་བསྡུས་པའི་ས་ཆ་དེ་དག་ཏུ། སྔར་གྱི་དཔོན་པོ་རྣམས་གོ་ས་ཕབ་ནས། འགོ་དཔོན་གསར་པ་བསྐོས་པ་དང་། ཕྱུག་པོའི་བུ་རྒྱུད་དབུལ་པོའི་བུ་རྒྱུད་དང་གཉེན་སྒྲིག་བྱེད་དུ་བཅུག་པ། ཉམ་ཆུང་ལ་དེ་བས་ལྟ་སྐྱོང་བྱས།
ཐོག་མར་ཇ་བཟི་མཁར་ཆ་ཕོ་བྲང་དུ་ཆགས་ཡོད་ལ། རྗེས་སུ་ད་ལྟའི་ཉག་རོང་རྫོང་ལོ་རྔ་ཡུལ་ཤོག་ཏུ་སྤང་རི་སྟག་མོ་མཁར་ཞེས་པའི་ཕོ་བྲང་ཤིན་ཏུ་རྒྱ་ཆེན་པོ་ཞིག་བསྐྲུན། ཐོག་མར་ཉག་རོང་རྫོང་ཡོངས་དབང་དུ་བསྡུས། དེ་ནས་རིམ་གྱིས་ཞི་དྲག་གཉིས་ཀྱི་ཐབས་ལམ་ནས་ཆབ་མདོ་མན་ཆད་དང་རྒྱལ་མོ་ཚ་བ་རོང་ཡན་ཆད་དབང་དུ་བསྡུས་ཤིང་། དེ་དུས་སུ་ཉག་ཁྲི་སྡེ་བརྒྱད་ཅེས་པའི་མིང་བྱུང་བ་དང་ཉག་ཁྲི་སྡེ་བརྒྱད་ནི་ཧོར་སེར་ཁག་ལྔ་དང་སྟོང་སྐོར་གླིང་ཚང་དང་སྡེ་དགེ ལྷ་ཐོག དིམ་ཆི་ཉེར་ལྔ། མགོ་ལོག ལི་ཐང་། འབའ། ཕྱག་ཕྲེང་། རྒྱལ་ཐང་། མི་ཉག་མགར་ཐར། ལྕགས་ལ། དགེ་གཤིས། ཁྲོ་སྐྱབས། དམ་པ། ནག་དྲག་ཤོག་གསུམ་བཅས་ཡིན་ཞེས་ཡིག་ཚང་ལ་ལའི་ནང་དུ་བཀོད་ཡོད།