མེ་ཏོག་ཤི་བ།
ཊོར་སི་ཐི་ཧོལ་ཞོ་ཧྥུ་ཡིས་བརྩམས།
སྐྱབས་ཆེན་བདེ་གྲོལ་གྱིས་བསྒྱུར།
གང་ཞིག་བདག་གི་སོར་མོ་ལྗང་གུ་ནི།།
མེ་ཏོག་བཏོག་ཅིང་གཙབས་པ་ཉིད་ལས་བྱུང་།།
འདི་དག་བཞད་པ་བདག་ཕྱིར་ཡིན་ལགས་ན།།
ལྔ་བའི་ལམ་དུ་མི་འཇུག་རང་དབང་ཅི།།
འདི་དག་བདག་གི་ཕྱོགས་སུ་དུད་པ་ནི།།
ཟོལ་བག་མེད་པར་ངོ་ཚའི་ཉམས་དང་བཅས།།
ཚུར་ཚུར་ཕྱོགས་པའི་མིག་ལྕིབས་ཆ་གཅིག་བཞིན།།
དེ་ལྟར་བསམ་པའི་དབྱིངས་སུ་རབ་ཞུགས་ཏེ།།
འདི་དག་ང་སར་དུད་པ་མ་ཚོར་ཞིང་།།
ཁྲོས་པའི་དབང་དུ་སྐད་ཅིག་ཚུད་གྱུར་པས།།
ཡིད་འོང་འདབ་མ་འཐོག་པའང་ཤེས་མ་གྱུར།།
དེ་ཕྱིར་བདག་གི་སོར་མོའི་བར་གསེང་ནས།།
མེ་ཏོག་རྣམས་ལས་ཁྲག་ནི་ལྗང་གུ་བཞུར།།
ངུ་སྐད་མེད་ཅིང་ལེ་བདའང་གཏན་མེད་པར།།
ཁ་ཁུ་སིམ་མེར་འཆི་བདག་དབང་དུ་གྱུར།།
འོན་ཏེ་དེ་ཚོའི་ངོ་མདངས་ཤོར་བ་ནི།།
ནམ་མཁའ་སྐྱ་བོ་མུན་པས་བསྒྲིབས་པ་བཞིན།།
འདི་ལ་སུས་ཀྱང་གྲོགས་དན་མི་འོས་ཏེ།།
དེ་ལས་ལྡོག་ཚེ་ཁ་དོག་མི་འགྱུར་བར།།
འདི་དག་བདག་ཕྱིར་བསྐལ་བརྒྱར་བཞད་ངེས་སོ།།
ཀྱེ་ཧུད་བདག་ནི་གང་གི་ཕྱོགས་ན་གནས།།
མི་གསལ་སྒྲིབ་པའི་ཉོན་མོངས་དབང་གྱུར་རམ།།
མདོ་དོན་མེད་པ་བྱིས་པའི་རྩེད་མོ་འདིས།།
ཉེས་མེད་མེ་ཏོག་དག་ལས་ཁྲག་ཕྱུངས་སོ།།
དེ་ནི་ཚེ་སྲོག་གྲངས་མེད་བཅད་འདྲ་བས།།
མིག་ཟུང་བཙུམས་ཏེ་སྡོད་ལས་ཐབས་གཞན་ཅི།།
འདས་ཟིན་པ་ནི་ཕྱིར་ལྡོག་མི་སྲིད་ན།།
སུ་ཡིས་འབྱུང་འགྱུར་ལས་རྣམས་བསྒྲིག་པར་འགྱུར།།