འུ་གཉིས་ཀྱི་བར་ན་ཡོད་པ་དག
རྩེ་སྲས་ཨ་རྡོ། (རྨ་ལྷོ)
ངས་དེ་སྔོན་རང་གི་བརྩེ་བ་ཡོད་ཚད་ཁུར་ཏེ
ཁྱོད་ཀྱི་རུམ་ཁར་འབྱོར་དུས
སྐར་ཚོགས་གས་ཤིང་ཆག་པར་གྱུར་ནས
ངས་ཧ་ཅང་གཟབ་ནན་ངང་བཏབ་པའི་འདང་བརྩེ་དེ་ཡང
ད་ནི་ནམ་གུང་གི་ཆང་ཕོར་འདི་བཞིན་སྟོང་བར་ལུས་འདུག
དེའི་འཕྲོར
ཁྱོད་ཀྱི་རྨི་ལམ་དང་བརླ་སྒོ་རུ་འཚང་བ་དག
ངས་རེ་རེ་བཞིན་བཏུས་ཤིང་གཏུབ་སྟེ
འགྱིག་ཁུག་གློ་སྐྱ་ཞིག་ཏུ་བཅུག་ཟིན
མཚན་གུང་ཡོལ་དུས་ཤིག་ལ
འགྱིག་ཁུག་དེ་ལས་གསང་བའི་ཚ་དྲོད་དང
ཧམ་སྲེད་ཀྱི་མེ་སྟག
གྱེན་ལོག་གི་ཚིག་གྲུབ་དག་རེ་རེ་བཞིན་ལྷུང་ཞིང
མཇུག་མཐར་གར་མ་ཞིག་གི་ཟོལ་གྱིས
ངའི་མལ་ཁྲིའི་སྒང་ལ་ནུར་ཡོང
ཡིན་མོད
ང་ནི་ཙག་གིས་འཁྱག་རེངས་སུ་བཏང་ཚར་ཞིང
སྲིད་པའི་གླུ་སྐད་ཅིག་གི་བང་རིམ་དུ་ནུབ་ཟིན་པའི
འཆི་བ་མཚོན་བྱེད་ཀྱི་དུས་ཚིགས་ཤིག་གོ
༢༠༡༧.༣.༡ཉིན།