ཕ་ཁི་སི་ཐན་གྱི་མྱུར་བགྲོད་གཞུང་ལམ་ཞིག་གི་སྟེང་དུ་འགྲུལ་སྐྱེལ་རླངས་འཁོར་ཞིག་ལོག་སྟེ་མེར་འབར་བའི་དོན་རྐྱེན་བྱུང་ནས་མི་ཉི་ཤུ་ལ་ཤི་རྨས་ཐེབས།
རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། སྤེལ་དུས། 09-28
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་ཞིག་ཉིན་དེའི་དགོང་མར་ཞིན་ཏི་ཞིང་ཆེན་དུ་མགོ་རྟིང་སློག་རྗེས་མེར་འབར་ནས། མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་མི་བདུན་ལ་རྨས་ཕོག་ཡོད།
ཕ་ཁི་སི་ཐན་སྨྱན་སྦྱོར་གྱིས་ཉེན་རྟོག་ཕྱོགས་ཀྱི་གནས་ཚུལ་དྲངས་ནས་བཤད་རྒྱུར། འགྲུལ་སྐྱེལ་རླངས་འཁོར་དེའི་སྟེང་དུ་འགྲུལ་བ་ཉི་ཤུ་ལྷག་ཡོད་པ་དང་། ཞིན་ཏི་ཞིང་ཆེན་ཧེ་ཏི་ལ་པ་གྲོང་ཁྱེར་ནས་ཁ་ལ་ཆི་གྲོང་ཁྱེར་དུ་འགྲོ་རྩིས་ཡོད་པ་རེད། འགྲུལ་སྐྱེལ་རླངས་འཁོར་དེ་ཚེས་ཉེར་དྲུག་ཉིན་གྱི་དགོངས་མོར་མྱུར་བགྲོད་གཞུང་ལམ་སྟེང་བགྲོད་སྐབས་འཕྲུལ་ཆས་ལ་ཆག་སྐྱོན་བྱུང་ནས་མགོ་རྟིག་སློག་རྗེས་མེར་འབར་བ་རེད་ཟེར།
ཉེན་རྟོག་ཕྱོགས་ཀྱིས་བཤད་རྒྱུར། དོན་རྐྱེན་དེའི་ཁྲོད་མི་བཅུ་གསུམ་རྐྱེན་ལམ་དུ་ཤོར་བ་དང་། མི་བདུན་ལ་རྨས་ཕོག་ཡོད། རྨས་མ་དག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། རྨས་མ་ཁ་ཤས་ཀྱི་རྨས་སྐྱོན་ཚབས་ཆེན་ཡིན་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་སྔར་ལས་ཇེ་མང་དུ་འགྲོ་སྲིད་ཟེར།
ཕ་ཁི་སི་ཐན་དུ་འགྲིམ་འགྲུལ་དོན་རྐྱེན་རྒྱུན་དུ་འབྱུང་བཞིན་ཡོད་པ་དང་། འགྲོ་ལམ་ཀྱག་ཀྱོག་ཡིན་པ་དང་ལོ་མང་པོའི་རིང་ཞིག་གསོ་མ་བྱས་པ། ཁ་ལོ་བའི་བདེ་འཇགས་འདུ་ཤེས་ཞན་པ་སོགས་ནི་ཕ་ཁི་སི་ཐན་དུ་འགྲིམ་འགྲུལ་དོན་རྐྱེན་འབྱུང་བའི་རྒྱུ་རྐྱེན་གཙོ་བོར་གྱུར་ཡོད།